མི་རིགས་མཐུན་སྒྲིལ་ནི་བྱ་གཞག་ཀུན་གྱི་རྩ་བ་ཡིན།
----རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྣ་འབྲུག་ལྷ་ཐར་གྱི་གནས་ཚུལ་བཀོད་པ།
མཐུན་པའི་ཨ་ལོང་དགུ་སྒྲིལ་ལ།། འཇིགས་མེད་བསྡོ་བའི་སྟོབས་ཤུགས་འབྱུང་།། ཞེས་པ་ལྟར། མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་འཛད་མཐའ་མེད་ལ། མཐུན་སྒྲིལ་གྱི་སྟོབས་ཤུགས་ནི་ལོ་རྒྱུས་གསར་སྐྲུན་གྱི་སྲོག་ཤིང་དེ་རེད། ནམ་ཡང་མཐུན་སྒྲིལ་དམ་ཟབ་ཀྱིས་བྱ་གཞག་ལས་ལ་སྟོབས་ཤུགས་ཀྱིས་ཁེངས་པའི་ཞིན་ཧེ་རྫོང་བོད་སྨན་ཁང་ནི། ས་གནས་ཀྱི་མི་རིགས་སོ་སོ་དང་ལས་སྒྲུབ་ཀྱི་ལས་ཁུངས་སོ་སོས་གཅེས་པར་འཛིན་ལ། མིག་དཔེར་བྱེད་པའི་ལས་ཁུངས་ཁྱད་དུ་འཕགས་པ་ཞིག་ཡིན་པ་དང་། དེ་རུ་ཡོད་པའི་མགོ་ཁྲིད་ནི་རྒྱ་ཆེའི་མང་ཚོགས་ཀྱི་སྡུག་བསྔལ་སེལ་ཞིང་། དམངས་ལ་ཞབས་འདེགས་ཞུ་བའི་ལས་ཁུངས་ཕུལ་བྱུང་ཞིག་ཏུ་གྱུར་བའི་སྲོག་རྩ་དེ་རེད།ཡང་དག་པའི་མགོ་ཁྲིད་ནི་མདུན་སྐྱོད་ཀྱི་སྒྲོན་མེ་ཡིན་ལ། ཡང་དག་པའི་མགོ་ཁྲིད་ནི་སྟོབས་ཤུགས་ཀྱི་ཆུ་མགོ་དེ་ཡིན་པས། ཞིན་ཧེ་རྫོང་བོད་སྨན་ཁང་ལ་མཚོན་ན། ཁོང་ཅག་གི་ཏང་ཨུའི་ཧྲུའུ་ཅི་དང་ཡོན་ཀྲང་གཅིག་ལྕོགས་སུ་ཁུར་མཁན་འབྲུག་ལྷ་ཐར་ནི། ཞིན་ཧེ་རྫོང་བོད་སྨན་ཁང་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་རྒྱས་སུ་གཏོང་བའི་མགོ་ཁྲིད་རྨད་དུ་བྱུང་བ་དེ་རེད། ཟླ11པའི་ཚེས18ཉིན་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ཞིན་ཧེ་རྫོང་བོད་སྨན་ཁང་དུ་ཕྱིན་ནས། འབྲུག་ལྷ་ཐར་ལགས་ལ་བཅར་འདྲི་བྱས་ཏེ་རྫོང་བོད་སྨན་ཁང་གི་ལོ་རྒྱུས་དང་ད་ལྟའི་གནས་བབ། དེ་ནས་ཁོང་གིས་ལོ་ངོ་འདི་འགའི་རིང་ལ་བྱ་བ་ཇི་ལྟར་བསྒྲུབས་པའི་སྐོར་ནས་བཅར་འདྲི་བྱས་པ་ཡིན།ཁོང་གིས་བཤད་རྒྱུར། 1999ལོར་སློབ་མཐར་ཕྱིན་རྗེས་རྫོང་མི་དམངས་སྨན་ཁང་དུ་ཕྱིན་ནས། བོད་སྨན་ཚན་ཁག་ནས་བྱ་བ་སྒྲུབ་མགོ་བརྩམས་ལ། དེ་དུས་ནས་བཟུང་། བོད་སྨན་ལག་ལེན་བྱས་ཏེ་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་ལུས་ཀྱི་ནད་ཀུན་སེལ་ཞིང་། ལྷག་བསམ་ཟོལ་མེད་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱ་བ་གཙིགས་སུ་བཟུང་བ་ཡིན་ཟེར།དེ་ནས་ལོ་འགའ་ཤས་རིང་བྱ་བ་སྒྲུབ་པའི་གོ་རིམ་ཁྲོད། བོད་སྨན་གསོ་བཅོས་ཀྱིས་དམངས་ལ་ཞབས་འདེགས་ཡག་པོ་སྒྲུབ་ཐུབ་པ་དང་། བོད་སྨན་གསོ་བཅོས་དེ་ས་གནས་མང་ཚོགས་ལ་ཤིན་ཏུ་འཚམ་པ་རྟོགས་ནས། སྐབས་དེར་ཚན་ཁག་ཏུ་ཡོད་པའི་སྨན་པ་བདུན་པོས་འབྲེལ་ཡོད་ཀྱི་གོང་རིམ་མགོ་ཁྲིད་དང་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ། བོད་སྨན་ཁང་ཞིག་འཛུགས་པའི་དགེ་མཚན་ཡར་ཞུ་བྱས་མཐར། 2001ལོར་ཆོག་མཆན་ཐོབ་པ་བརྒྱུད། བོད་སྨན་ཚན་ཁག་དེ་རྫོང་མི་དམངས་སྨན་ཁང་ནས་ལོགས་སུ་ཕྱུང་སྟེ། བོད་སྨན་ཁང་དངོས་སུ་འཛུགས་ཐུབ་པ་བྱུང་མོད། སྐབས་དེར་རྫོང་གི་ཕྱོགས་བཞིར་སྟབས་བདེའི་སྒོ་བསྟེན་ཁང་བཞི་བཙུགས་ནས་གསོ་བཅོས་བྱེད་པ་ལས་རྟེན་གཞི་གཅིག་བསྡུས་ཅན་ཆགས་ཐུབ་མེད། 2005ལོར་འབྲུག་ལྷ་ཐར་བོད་སྨན་ཁང་གི་མགོ་གཙོར་བདམས་ཐོན་བྱུང་ལ། དེ་ནས་ཕྱོགས་བསྡུས་སྨན་ཁང་འཛུགས་དགོས་པའི་སྙན་ཞུ་ཕུལ་བ་དང་། 2006ལོར་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར་བླ་མེད་གནང་བ་བརྒྱུད། ད་ལྟའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་བོད་སྨན་ཁང་འདི་འཛུགས་ཐུབ་པ་བྱུང་སྟེ། སྨན་བཅོས་དང་སློབ་ཁྲིད། ཚན་ཞིབ། བདེ་སྲུང་སོགས་ཡོད་པའི་རིམ་གཉིས་ཀ་བའི་ཕྱོགས་བསྡུས་རང་བཞིན་གྱི་སྨན་ཁང་དུ་གྱུར་ཡོད།ཁོང་གིས་བཤད་རྒྱུར། བོད་སྨན་གསོ་རིག་ནི་ཀྲུང་ཧྭ་རིག་མཛོད་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། འདི་ཉིད་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་ནི་ཏང་དང་སྲིད་གཞུང་གིས་ང་ལ་སྤྲད་པའི་ལས་འགན་གཙོ་བོ་དེ་ཡིན། ཞེས་གླེང་ལ། ལོ་ངོ་འདི་འགའི་རིང་། བོད་སྨན་ཁང་གི་སྨན་བཅོས་མི་སྣ་ཡོངས་ལ་སྣེ་ཁྲིད་དེ། ཏང་ལ་བློ་དཀར་ཞིང་། དམངས་ལ་ཞབས་འདེགས་ཞུ་བ་རྩ་དོན་དུ་བཟུང་ནས། ནད་པའི་སྡུག་བསྔལ་སེལ་ཞིང་། པེ་ཆིའུ་ཨིན་གྱི་སྙིང་སྟོབས་ལུས་སུ་བགོས་ཏེ། སྨན་པའི་བླ་མེད་ཀྱི་བྱ་བ་སྲོག་ལ་བསྡོས་ནས་འབད་པས་བསྒྲུབས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པ་དཀྱིལ་སྙིང་དུ་བཟུང་ནས། བོད་སྨན་གསོ་བ་རིག་པའི་རིག་གནས་ཐད་ཅི་ནུས་ཀྱིས་རྒྱུན་འཛིན་དང་དར་སྤེལ་གནང་སྟེ། ཏང་དང་སྲིད་གཞུང་གིས་ཁོང་ལ་སྤྲད་པའི་བོད་སྨན་དར་སྤེལ་དང་། བོད་སྨན་གསོ་རིག་གིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཞབས་འདེགས་སྒྲུབ་པའི་བླང་བྱ་ལག་ལེན་མཐར་འཁྱོལ་བྱས་པར། སྤྱི་ཚོགས་ཀྱི་ལས་རིགས་སོ་སོ་དང་རིགས་སོ་སོའི་མང་ཚོགས་ཀྱིས་བསྟོད་བསྔགས་ཆེས་ཆེར་ཐོབ་སྟེ། ཁོང་ལ་སྨན་པ་བཟང་པོ་ཞེས་པའི་མཚན་སྙན་གནང་ཡོད། ཁོང་གིས་བོད་སྨན་ལས་རིགས་དར་སྤེལ་དང་མི་རིགས་མཐུན་སྒྲིལ་གྱི་བྱ་གཞག་ལ་བྱས་རྗེས་ཆེན་པོ་བཞག་སྟབས། 2022ལོར་ཀྲུང་གོའི་འཕྲོད་བསྟེན་དུས་དེབ་ཀྱིས2021ལོའི་སྨན་བཅོས་ཞབས་ཞུས་མང་ཚོགས་བདེ་ཐང་དུ་བཀོད་པའི་གསར་འགྱུར་མི་སྣ་བཅུར་བདམས་ཤིང་། 2023ལོར་མཚོ་སྔོན་མཐོ་སྒང་གི་བཟོ་ཆེན་ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད། མི་རིགས་མཐུན་སྒྲིལ་ནི་བདག་གི་བྱ་བའི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་ལ་འབད་འབུངས་བྱེད་པ་ནི་མི་དམངས་ལ་ཞབས་འདེགས་ཞུ་བའི་དངོས་འབེབས་དེ་རེད་ཅེས་གླེང་བཞིན། ཁོང་གིས་ལོ་འདི་དག་རིང་ལ་མི་རིགས་མཐུན་སྒྲིལ་ཐད་བྱ་བ་ཇི་ལྟར་བསྒྲུབས་པའི་སྐོར་གླེང་བྱུང་།ཁོང་གིས་བོད་སྨན་ཁང་གི་བོད་ཀྱི་གསོ་རིག་འགྲེམ་སྟོན་ཁང་དུ། ཐེངས་མང་པོ་དང་ཕྱོགས་མང་པོའི་སྒོ་ནས། ལས་གྲོགས་ཡོངས་ལ་སྣེ་ཁྲིད་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་འདུ་ཤེས་སྲ་བརྟན་དུ་གཏོང་བའི་བརྗོད་གཞིའི་བྱ་འགུལ་རབས་དང་རིམ་པ་སྤེལ་ཞིང་། དེ་ནས་ལྟ་ཞིབ་ཏུ་ཡོང་བའི་རིགས་སོ་སོའི་ལས་བྱེད་མང་ཚོགས་རྣམས་ལ་བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་པར་མ་ཟད། གསུམ་བརྒྱད་བུད་མེད་དུས་ཆེན་དང་ལྔ་བཞིའི་ན་གཞོན་དུས་ཆེན་སོགས་བེད་སྤྱད་ནས། མི་རིགས་མཐུན་སྒྲིལ་གྱི་བརྗོད་གཞི་གཙོར་བཟུང་བའི་མཉམ་འབྲེལ་སྤྲོ་ཚོགས་དང་། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་སྡུར་སོགས་སྤེལ་ཏེ། མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བའི་བྱ་བ་བསྒྲུབས་ནས། མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་དང་མི་རིགས་མཐུན་སྒྲིལ་ནི་དམངས་ལ་ཞབས་འདེགས་ཞུ་བའི་རྨང་གཞི་ཡིན་པ་བསྒྲགས་ཏེ་བྱ་འགུལ་སྣ་ཚོགས་སྤེལ་བས། 2019ལོར་ཁུལ་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་དཔེ་སྟོན་གནས་གཞི་དང་། 2022ལོར་སྔ་རྗེས་སུ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་དྲིལ་སྒྲོག་ལྟེ་གནས་དང་། ཞིང་ཆེན་རིམ་པའི་ཚན་ཞིབ་ཚན་སྤེལ་ལྟེ་གནས་སུ་བདམས་ལ། ལོ་དེར་མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་དཔེ་སྟོན་ལྟེ་གནས་སུ་བདམས་ཐོན་བྱུང་། ལྷག་པར་དུ་ད་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་། ཁོ་རང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྣར་བདམས་ཐོན་བྱུང་བ་ནི། ཁོང་གིས་ལོ་གང་མང་རིང་བོད་སྨན་གསོ་རིག་གི་བྱ་བ་ལེགས་པོར་བསྒྲུབས་ནས་རིགས་སོ་སོའི་མི་དམངས་ལ་ཞབས་འདེགས་ལེགས་པོར་བསྒྲུབས་པ་དང་། མི་རིགས་མཐུན་སྒྲིལ་གྱི་གསེར་གྱི་ཨ་ལོང་འདི་དམ་པོར་སྦྲེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བར་འབད་འབུངས་ལྷོད་མེད་བྱས་པའི་དཔང་རྟགས་གལ་ཆེན་དེ་རེད།
རྩོམ་སྒྲིག་པ་དང་གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། སྙིང་བྱམས་ཚེ་རིང་།
རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།