ཟླ11པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་ཕན་ལྡན་སྦྲེལ་མཐུད་བྱེད་པའི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཀོད་གཏོང་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་གྲུབ་འབྲས་དངོས་ལ་དཔྱད་ཞིབ་བཀོད་སྒྲིག་བྱེད་པའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས། ངར་ཤུགས་རྒྱུན་འཁྱོངས་དང་འབད་འབུངས་ཡར་སྐྱེད་སྒོས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ལས་དོན་ཡག་པོར་སྒྲུབ་སྟེ། སྦྲེལ་མཐུད་ལས་དོན་ལ་ཕན་འབྲས་དངོས་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་འགོ་འཛིན་བྱས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་བྱ་བ་བཀོད་སྒྲིག་བྱས།
གྲོས་ཚོགས་ལས་བསྟན་དོན། ད་ལོར། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས“ཇུས་གཞི་གཅིག་དང་གསལ་ཁྲ་གཅིག བསམ་ཇུས་གཅིག”བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། གཅིག་ཤེས་ཀུན་གྲོལ་གྱི་སྟེང་ནས་དཔྱད་ཞིབ་ལས་བསྟན་པའི་གནད་དོན་དག་ཐེར་བྱེད་རྒྱུ་དམ་འཛིན་ནན་མོ་བྱེད་པ་དང་། གཙོ་གནད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ། ལས་བྱེད་པའི་འཇོན་ཐང་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་བཅས་བྱས་ཡོད་ནའང་། ད་དུང་རྒྱལ་ཁབ་ཀྱི་བླང་བྱ་དང་བསྡུར་ན་སྔར་བཞིན་ཞན་ཆ་ཁག་ཅིག་གནས་ཡོད་པས། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་ཅི་རིགས་མེད་པར་བཟོས་ནས། བསམ་བློའི་སྟེང་ནས་སླར་ཡང་དམ་འཛིན་བྱེད་པ་དང་མདུན་དུ་མ་བསྐྱོད་ན་ཕྱིར་བཤོལ་ཐེབས་ངེས་ཡིན་ལ། ཇེ་དལ་དུ་ཕྱིན་ནའང་ཕྱིར་བཤོལ་ཐེབས་ངེས་ཡིན་པའི་གནས་ལུགས་ལ་ངོས་འཛིན་གང་ལེགས་བྱས་ཏེ། འབད་འཐབ་འབད་འབུངས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་དཔྱད་ཞིབ་གདེང་འཇོག་དང་ལེན་བྱེད་པའི་བྱ་བ་ཡག་པོར་སྒྲུབ་དགོས། “དེ་ཙམ་གྱིས་ཆོག་སྙམ་པ”དང་“ཕལ་ཆེར་འགྲིག་འདུག་སྙམ་པའི”གོམས་སྲོལ་དེ་བསྒྱུར་ཏེ། བྱ་བའི་སྟེང་ནས་ཞིབ་ཚགས་ཡིན་དགོས་ལ། ཡོད་ཚད“དམངས་ཀྱི་ཆེད་དུ”ཡིན་པའི་འདུ་ཤེས་ཡིད་ལ་བརྟན་པོར་བཅངས་ཏེ། ནུས་ཤུགས་གང་ཡོད་བཏོན་ནས་དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཡོ་བསྲང་དང་བཅོས་སྐྱོང་བྱས་ཏེ། མང་ཚོགས་དངོས་གནས་ཡིད་ཚིམ་ཞིང་ཁོ་ཚོས་ཁས་ལེན་དུ་འཇུག་དགོས། འཛུགས་སྐྲུན་ལ་མཐོང་ཆེན་དང་སྐྱེལ་འདྲེན་དོ་དམ་ལ་སྣང་ཆུང་། ལས་གཞི་འཛུགས་སྐྲུན་ལ་མཐོང་ཆེན་དང་ཕན་འབྲས་ལ་སྣང་ཆུང་བྱེད་པའི་སྐྱོན་ཆ་དོར་ནས་རོགས་སྐྱོར་མཉམ་ལས་ཐད་སླར་ཡང་ཕན་འབྲས་ཆེན་པོ་ཐོན་པར་བྱས་ཏེ། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཁ་གཏད་རོགས་སྐྱོར་ལམ་སྲོལ་གྱི་སྤྱི་འདོམས་འཆར་འགོད་དང་རྒྱུ་རྐྱེན་སྡེབ་སྒྲིག ཁྲོམ་རའི་ཁྲིད་ཕྱོགས་སོགས་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ཞིང་ལས་དང་ལུས་རྩལ། རིག་གནས། ཚོང་ལས་བཅས་མཉམ་འདྲེས་བྱེད་པ་དང་། ཐོན་སྐྱེད་དང་ལས་སྣོན། ཉོ་ཚོང་བཅས་མཉམ་སྦྲེལ་བྱས་ཏེ། ཕྲེང་འབྲེལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམ་འཛིན་བྱས་ཀྱང་གཟབ་ནན་མིན་པ་དང་དམ་འཛིན་བྱས་ཀྱང་ལྷོད་གཡེང་གི་བསམ་པ་འཛིན་པའི་གོམས་གཤིས་ངན་པ་ཅི་རིགས་མེད་པར་བཟོས་ཏེ། སྤྱོད་ཚུལ་གྱི་སྟེང་ནས་ཡང་བསྐྱར་གཟབ་ནན་གྱི་བསམ་པ་བཅངས་ནས། རིམ་པ་གཅིག་གིས་གཅིག་ལ་མིག་དཔེ་སྟོན་པ་དང་རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད་བྱེད་པ། “དབྱེ་འབྱེད་གསུམ”དོན་འཁྱོལ་ནན་མོ་བྱེད་པ། ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་ལེགས་པར་བསྐྱེད་པ་བཅས་བྱས་ནས། “ལས་བྱེད་པས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་རྣམ་པ་སྔར་ལས་ཇེ་བཟང་ཇེ་ལེགས་སུ་གཏོང་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་སྟོན་དང་དམིགས་འབེན་གྱི་ཁྲིད་སྟོན་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་དོན་སོ་སོར་སླར་ཡང་ཤུགས་སྣོན་དགོས། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་པའི་ཐད་ནས་དཀའ་སེལ་མཁྲེགས་གཏོར་དང་སྲ་བརྟན་མཐོར་འདེགས་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་མུ་མཐུད་དམ་འཛིན་ཡག་པོ་བྱེད་རྒྱུ་དང་། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་དང་རྨོ་ཞིང་སྲུང་སྐྱོབ་ཀྱི་ཉེན་མཚམས་བརྟན་པོར་སྲུང་བ་བཅས་བྱེད་དགོས། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ཐད་དཀའ་སེལ་མཁྲེགས་གཏོར་ང་སྲ་བརྟན་མཐོར་འདེགས་བྱས་ཏེ། དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་མགྱོགས་མྱུར་ངང་ཁ་གཏད་འཇལ་བ། ཕན་འབྲས་མཐོ་བའི་གྲལ་བཤེར། གནད་ཁེལ་རོགས་སྐྱོར་བཅས་ཀྱི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱས་ཏེ། ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁ་གནད་ཁེལ་ཕན་ལྡན་སྒོས་སེལ་དགོས། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་བའི་ཐད་དཀའ་སེལ་མཁྲེགས་གཏོར་དང་སྲ་བརྟན་མཐོར་འདེགས་བྱས་ཏེ། ཡོང་འབབ་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་ཚོགས་སྤྱིར་ཡོང་འབབ་འཕར་སྣོན་ཡོང་རྒྱུར་རོགས་སྐྱོར་ནུས་ལྡན་བྱས་ནས། ཡོང་འབབ་འཕར་བའི་རྣམ་པ་སྲ་བརྟན་དུ་གཏོང་དགོས། “འགན་ལེན་གསུམ”དང་འཐུང་ཆུའི་བདེ་འཇགས་ཐད་དཀའ་སེལ་མཁྲེགས་གཏོར་དང་སྲ་བརྟན་མཐོར་འདེགས་བྱས་ཏེ། སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་ལ་འགན་སྲུང་དང་། ནད་གཞི་ལྕི་མོའི་རིགས་ཀྱི་སྨན་བཅོས་རོགས་སྐྱོབ། སྡོད་ཁང་བདེ་འཇགས། རོང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་བཟོ་སྐྲུན་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་ལས་དོན་དག་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱས་ནས་གནད་དོན་སྣ་ཚོགས་མེད་པར་བཟོ་དགོས། དབུལ་ཐར་མང་ཚོགས་ཀྱི་ལས་གནས་བརྟན་གཏོང་དང་ལས་ཞུགས་ཐད་དཀའ་སེལ་མཁྲེགས་གཏོར་དང་སྲ་བརྟན་མཐོར་འདེགས་བྱས་ཏེ། ཁེ་ལས་ལ་རོགས་རམ་དང་ལས་གནས་བརྟན་གཏོང་དང་སྤྱོད་གོ་ཆོད་པའི་རྩལ་ནུས་གསོ་སྦྱོང་། ངལ་ནུས་ཕྱིར་གཏོང་མཉམ་ལས་བཅས་ལ་སྔར་ལས་སྐུལ་འདེད་ནུས་ལྡན་བཏང་ནས། ལས་ཞུགས་ཀྱི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མངོན་སུམ་གྱིས་ཆེ་རུ་གཏོང་དགོས། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ཐད་ནས་དཀའ་སེལ་མཁྲེགས་གཏོར་དང་སྲ་བརྟན་མཐོར་འདེགས་བྱས་ཏེ། སྲ་བརྟན་དང་རིམ་སྤོར། ཕན་སྒྱུར། ལེགས་སྒྲིག་བཅས་ཀྱི་ཐབས་ལམ་སྔར་ལས་ཁ་གསལ་བཟོ་བ་དང་། ལས་གཞིའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། རོགས་སྐྱོར་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་བྱེད་རྒྱུའི་ཐད་ནས་དཀའ་སེལ་མཁྲེགས་གཏོར་དང་སྲ་བརྟན་མཐོར་འདེགས་བྱས་ནས། རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། བདེ་ཐང་གྲོང་གསེབ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། གྲོང་གསེབ་ཀྱི་བཅོས་སྒྱུར་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱེད་པ་བཅས་བྱས་ནས། ཕྱོགས་སོ་སོའི་ལས་དོན་སྔར་ལས་གཏིང་ཟབ་དང་སྔར་ལས་ཞིབ་ཚགས། སྔར་ལས་ཏན་ཏིག་བཅས་ཡོང་བར་བྱེད་དགོས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་ཞིང་ཆེན་ཡོངས་ཀྱི་ཕན་ལྡན་སྦྲེལ་མཐུད་དང་གྲོང་གསེབ་དར་སྤེལ་གྱི་གཙོ་གནད་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། མཚོ་ཤར་གྲོང་ཁྱེར་དང་ཡུས་ཧྲུའུ་ཁུལ། རྨ་ལྷོ་ཁུལ་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་སྙན་ཞུའི་གཏམ་བཤད་བྱས།
ཚོགས་ཐོག་ནས་ད་དུང་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་ས་གཤིས་གནོད་འཚེ་ཡི་དབང་གིས་གཅིག་སྡུད་གནས་སྤོར་བཀོད་སྒྲིག་བྱེད་པ། སློབ་གསོའི་རོགས་སྐྱོར། ལས་གནས་བརྟན་གཏོང་དང་ལས་ཞུགས། འགན་འཁྲི་དོན་འཁྱོལ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་སོགས་ལ་དམིགས་ནས་བཀོད་གཏོང་བྱས།
ཐེངས་འདིའི་ཚོགས་འདུ་བརྙན་ལམ་ནས་འཚོགས། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུས་བཅས་སུ་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ལ་ཙི་པེ་ཁི·རེ་སུའུ་ལིས་ཧན་དང་ཀྲུའུ་ཞང་ཧྥུན། ལུའོ་ཀང་བཅས་ཚོགས་ར་གཙོ་བོའམ་ཡང་ན་ཡན་ལག་ཚོགས་རའི་ནང་ཞུགས།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།