ཁྲིན་ཀང་གིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

文摘   2024-11-16 11:47   青海  

ཁྲིན་ཀང་གིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཟླ11པའི་ཚེས15ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་རྟོག་ཞིབ་བྱས་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་ལག་བསྟར་ཟབ་མོ་བྱེད་པ་དང་། བཟོ་སྐྲུན་ལས་གཞི་གལ་ཆེན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། བརྟན་བརླིང་འཕེལ་རྒྱས་འགྲོ་བའི་དམིགས་འབེན་ལ་གཞིགས་ནས་དུས་ཚིགས་བཞི་པར་འབད་པ་ལྷོད་མེད་བྱེད་པ། འཆར་འགོད་ཁྲིད་སྟོན་དུ་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་རྣམ་པར་གཅིག་གྱུར་འཆར་འགོད་བྱེད་པ། མི་གཙོ་བོར་འཛིན་པའི་གསར་དར་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་སོགས་ཀྱི་བྱ་བར་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ཁྲོད་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

རྨ་ཙོང་ཁུལ་གསར་གྱི་ཐཱན་མེད་ཐོན་ལས་གླིང་ཁུལ་གྱི་མཚོ་ཤར་ཕྱེད་འདྲེན་གཟུགས་ཚད་ཡོད་ཀུང་ཟིའི་སཱེལ་རྒྱུའི་རྒྱུ་ཆ་གསར་པའི་ལས་གཞི་དེ་ན་ནིང་གི་ཟླ་བརྒྱད་པར་དངོས་སུ་ལས་འགོ་བརྩམས་པ་དང་། ལས་གཞི་ལེགས་འགྲུབ་བྱུང་རྗེས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྒུལ་ཤུགས་ཆེན་པོ་སྣོན་ངེས། ཁྲིན་ཀང་གིས་ཐོན་ལས་གླིང་ཁུལ་གྱི་སྤྱིའི་འཆར་འགོད་དང་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཞིབ་ལྟ་བྱས་ཤིང་། འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་པོ་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་ལྗང་མདོག་ཐཱན་དམའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་དགོས་ལ། ནུས་ཤུགས་གཅིག་སྡུད་སྒོས་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་། གློག་རིན་དམའ་ལ་སྒྲིག་ཆས་གསར་པ་ཡིན་པ། བཟོ་རྩལ་ལེགས་པོ་ཡིན་པ་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། སྔར་ལས་རྒྱ་ཆེ་བའི་ཁྲོམ་རའི་བར་སྟོང་འཚོལ་ཞིབ་བྱེད་ཅིང་འཕེལ་རྒྱས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་། སྔ་ས་ནས་ཐོན་སྐྱེད་བྱེད་པ་དང་ཕན་འབྲས་ཐོབ་པར་བྱེད་དགོས་པ་ནན་གྱིས་བསྟན། ཁེ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་འཕྲད་པའི་དཀའ་གནད་དང་གནད་དོན་སྐོར་ཞིག་ལ་རྒྱུས་ལོན་བྱས་རྗེས། ཁྲིན་ཀང་གིས་ཡུལ་དངོས་ནས་བྱ་བ་བསྒྲུབས་པ་དང་། ཞིང་ཆེན་བཅོས་སྒྱུར་དང་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་སོགས་འབྲེལ་ཡོད་སྡེ་ཁག་གིས་རང་འགུལ་གྱིས་བྱ་བ་སྒྲུབ་ནས། ཁེ་ལས་ལ་གནད་འཁེལ་ཇུས་འདོན་བྱེད་པ་དང་། ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ། དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཁེ་ལས་ལ་རོགས་བྱས་ཏེ་དཀའ་གནད་ལས་ཐར་བར་བྱེད་པའི་བླང་བྱ་བཏོན་ཞིང་། མཚོ་ཤར་གྲོང་ཁྱེར་གྱི་ཁེ་ལས་ཉེ་འཁོར་གྱི་སྡེབ་སྒྲིག་སྒྲིག་ཆས་འཐུས་ཚང་གཏོང་བ་དང་། ཁེ་ལས་ཕྲེང་འབྲེལ་གྱི་གོང་འོག་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བར་ཞིབ་འཇུག་བྱས་ཏེ། ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་པའི་བླང་བྱ་བཏོན། དེའི་རྗེས་སུ། ཁྲིན་ཀང་མཚོ་ཤར་གྲོང་ཁྱེར་གྱི་གད་སྙིགས་མེར་བསྲེགས་གློག་འདོན་བཟོ་གྲྭར་སོང་ནས་ལས་གཞི་འཁོར་རྒྱུག་དང་བཟོ་རྩལ་བརྒྱུད་རིམ། ནུས་ཁུངས་བེད་སྤྱོད་སོགས་ཀྱི་གནས་ཚུལ་ཞིབ་མོར་དྲིས་ཤིང་། གད་སྙིགས་བསྡུ་བ་དང་སྐྱེལ་འདྲེན། ཕྱོགས་བསྡུས་བེད་སྤྱོད་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོའི་དོ་དམ་གཅིག་གྱུར་དམ་འཛིན་བྱེད་པ་དང་། གད་སྙིགས་གནོད་མེད་ཅན་གྱི་ཐག་གཅོད་དང་ཐོན་ཁུངས་བེད་སྤྱོད་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་ནན་གྱིས་བསྟན།

ཡུས་རོང་གྲོང་རྡལ་ཆིན་ཏོ་ཀྲུའུ་བདེ་འགོད་ས་ཁུལ་དུ། ཁེ་ལས་ཀྱི་ལས་བཟོ་པ་རྣམས་སྲིད་གཞུང་གི་བདེ་འགོད་ཆ་རྐྱེན་འོག་སྡོད་གནས་གསར་བར་སྤར་བ་དང་། ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་བསམ་པའི་རིག་གནས་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ། རྒན་པའི་སྤྲོ་སྐྱིད་ཟ་ཁང་དུ་ཟས་རིགས་སྣ་མང་བཀོད་སྒྲིག་བྱས་པ། སྡོད་དམངས་ཀྱི་བདེ་སྐྱིད་སྟོན་གྲངས་མུ་མཐུད་དུ་འཕར་བ་བཅས་མཐོང་སྐབས། ཁྲིན་ཀང་གིས་ས་གནས་དེའི་ཏང་ཨུ་དང་སྲིད་གཞུང་སྡེ་ཁག་གིས་བྱ་བ་བསྒྲུབས་པར་ཁས་ལེན་གང་ལེགས་བྱས། ཁྲིན་ཀང་གིས་སྡེ་ཁུལ་གྱི་དྲིལ་སྒྲོག་བརྙན་གཟུགས་ཆེ་བ་བརྒྱུད་ནས་ལི་ཏུའུ་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་དང་གྲོང་གསེབ་དར་སྤེལ་གྱི་བྱ་བ་ངོ་སྤྲོད་བྱས་པར་ཉན། ཁོས་གྲོང་ཁྱེར་འཆར་འགོད་ཀྱི་བྱ་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། མིག་རྒྱང་རིང་དགོས་ལ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་དང་རྨང་གཞིའི་སྒྲིག་བཀོད། སྤྱི་སྤྱོད་ལྗང་ཁུལ་སོགས་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་གཅིག་གྱུར་སྒོས་བསམ་གཞིགས་བཏང་ནས། གཞིས་སྡོད་བྱེད་པར་འཚམ་ཞིང་། ལས་ཞུགས་བྱེད་པར་འཚམ་པ། ཡུལ་སྐོར་བྱེད་པར་འཚམ་པ། སློབ་ཞུགས་བྱེད་པར་འཚམ་པ། ཁམས་གསོ་བྱེད་པར་འཚམ་པ་སོགས་ཀྱི་འཚོ་བའི་སྣང་ཚུལ་ལེགས་པོ་ཞིག་བསྐྲུན་དགོས་པ་ནན་གྱིས་བསྟན། ཁྲིན་ཀང་ལི་ཏུའུ་ཆུས་ཁྲའོ་དབྱང་རི་བོའི་ཕྱོགས་སུ་སོང་ནས། ཁྲའོ་དབྱང་ལྕོག་ཁང་དུ་གྲོང་ཁྱེར་གྱི་མཛེས་ལྗོངས་ལ་བལྟས་ཤིང་། གྲོང་ཁྱེར་ཡོངས་ཀྱི་གྲོང་ཁྱེར་གཅིག་ལ་ཇུས་གཞི་གཅིག་གི་བྱ་བ་དོན་འཁྱོལ་བྱས་པ་དང་། གསར་དར་གྲོང་རྡལ་ཅན་གྱི་འཕེལ་རྒྱས་བྱ་བ་སོགས་ཀྱི་སྙན་ཞུར་ཉན་ཞིང་། མ་ལག་ལྡན་པའི་སྒོ་ནས་མི་གཙོ་བོར་འཛིན་པའི་གསར་དར་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་འཕེལ་རིམ་ལ་འཆར་འགོད་ལེགས་པོ་བྱེད་པ་དང་། གསར་དར་གྲོང་རྡལ་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན། མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པ་བཅས་ཕན་ཚུན་ཁ་གསབ་བྱས་ཏེ། ས་ཁང་བདག་ཁོངས་ལས་རིགས་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་ལུགས་མཐུན་སྒོས་ཁྲིད་སྟོན་བྱེད་པ་དང་། གྲོང་རྡལ་ཅན་གྱི་འཕེལ་རྒྱས་བགྲོད་ལམ་དུ་བརྟན་པོར་བསྐྱོད་དགོས་པ་ནན་གྱིས་བསྟན།

ཁྲིན་ཀང་སྔ་ཕྱིར་མགོ་ལོག་མཚོ་ཤར་སློབ་འབྲིང་འཛུགས་སྐྲུན་ལས་ཡུལ་དང་མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པར་སོང་ནས། སློབ་གྲྭ་འཛུགས་སྐྲུན་གྱི་མགྱོགས་ཚད་ལ་བལྟས་ཤིང་། སྨན་ཁང་གི་རིག་ཚན་འཛུགས་སྐྲུན་དང་སྨན་བཅོས་ཐོན་ཁུངས་བཀོད་སྒྲིག ཤར་ནུབ་རྒྱུད་མཉམ་ལས་ཀྱི་འབྲེལ་ཡོད་གྲུབ་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཤར་ནུབ་རྒྱུད་མཉམ་ལས་ཀྱི་སྲིད་ཇུས་ཀྱི་དགེ་མཚན་ལ་བརྟེན་ནས། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱི་འཇོན་མི་དང་མ་དངུལ། ལས་གཞི། ཚན་རྩལ་རྒྱབ་སྐྱོར་བཅས་བེད་སྤྱོད་ལེགས་པོ་བྱས་ཏེ། མགོ་ལོག་དང་མཚོ་ཤར་སོགས་ས་ཁུལ་གྱི་སློབ་གསོ་དང་སྨན་བཅོས་སོགས་དམངས་ཚིས་བྱ་གཞག་དོ་སྙོམས་སྒོས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན་གཉིས་རྟོག་ཞིབ་བྱ་བར་ཞུགས།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章