ཀན་སུའུ་ཏང་སྲིད་འཐུས་ཚབ་ཚོགས་པས་མཚོ་སྔོན་དུ་རྟོག་ཞིབ་བྱས།

文摘   2024-11-17 10:54   青海  

ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས།

ཟླ11པའི་ཚེས16ཉིན། ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་ཡོང་ནས་རྟོག་ཞིབ་བྱས་པ་དང་། ཞིང་ཆེན་གཉིས་ཀྱིས་ཟི་ལིང་དུ་མཉམ་ལས་ཟབ་སྤེལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ལན་ཀྲོའུ་དང་ཟི་ལིང་གི་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གང་ལེགས་བཏང་སྟེ། ཕྱོགས་ཡོངས་ནས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧུའུ་ཁྲང་ཧྲིན་གྱིས་གཏམ་བཤད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཀན་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་རིན་ཀྲིན་ཧི་ཡིས་སོ་སོར་ཞིང་ཆེན་གཉིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས།

ཁྲིན་ཀང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ནས་འཐུས་ཚབ་ཚོགས་པ་མཚོ་སྔོན་དུ་རྟོག་ཞིབ་བྱེད་དུ་ཡོང་བར་དགའ་བསུ་ཞུས་པ་དང་། ཀན་སུའུ་ཡིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་བྱ་བར་ཧ་ཅང་མཐོང་ཆེན་གནང་ནས་རེ་བ་ཆེན་པོ་བཅངས་ཡོད་ལ། ཞིང་ཆེན་གཉིས་ཀྱི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་མཛད་དེ་ཐུགས་ལ་དམ་པོར་བཟུང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དང་ཀན་སུའུ་ལ་གཟིགས་ཞིབ་ཐེངས་གསུམ་གནང་ནས། ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་འབད་པས་འབྲི་བར་སྐུལ་སློང་བྱས་པ་དང་། ཞིང་ཆེན་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་འགོ་རྩོམ་ས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཡིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཤིང་། སྟོབས་ལྡན་བཞིའི་འགུལ་སྐྱོད་ལག་བསྟར་ཟབ་མོ་བྱས་པ་དང་། ཚད་གཞི་ལྔའི་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་སྐྱིད་མཛེས་སྡུག་གི་ཀན་སུའུ་གསར་པ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་བརྟན་པོ་སྤོས། མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རི་ཆུ་འབྲེལ་ཞིང་། འཕེལ་རྒྱས་མཉམ་སྦྲེལ་བྱས་པར་མ་ཟད། མི་གཞུང་བརྗེ་རེས་བྱས་པས། ཕན་ཚུན་འབྲལ་ཐབས་མེད་པའི་ཁྱིམ་མི་ལྟ་བུ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་ཡག་པོ་བྱེད་པ་ནི་ཐུན་མོང་གི་ཆབ་སྲིད་འགན་འཁྲི་ཡིན་པ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ་ནི་ཐུན་མོང་གི་འབད་བརྩོན་ཁ་ཕྱོགས་ཡིན་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ཟབ་སྤེལ་བྱེད་པ་ནི་ཐུན་མོང་མདུན་སྐྱོད་ཀྱི་བསམ་བློའི་རྨང་གཞི་ཡིན། ཐེངས་འདིའི་རྟོག་ཞིབ་གོ་སྐབས་སུ་བརྩིས་ཏེ། ཕྱོགས་གཉིས་ཀྱི་ལྗང་མདོག་རྩིས་གློག་གི་མཉམ་ལས་འཕེལ་རྒྱས་དང་། འགྲིམ་འགྲུལ་ལས་གཞི་གལ་ཆེན་འཛུགས་སྐྲུན་བྱེད་པ། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་ཁ་གསབ་རྐྱེན་སྲོལ་དོན་འཁྱོལ་བྱེད་པ་སོགས་ཐད་ཀྱི་འབྲེལ་འདྲིས་མཉམ་ལས་ལ་ཤུགས་སྣོན་པ་དང་། ཁུལ་ཁོངས་འཕེལ་རྒྱས་ཀྱི་ནུས་རིམ་སྔར་ལས་མཐོར་འདེགས་བཏང་ནས། ཕྱོགས་གཉིས་ཀྱི་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་སྣོན་པའི་རེ་བ་བྱེད་ཀྱིན་ཡོད་ཟེར།

ཧུའུ་ཁྲང་ཧྲིན་གྱིས་ཀན་སུའུ་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་ཡོངས་ཀྱི་མི་དམངས་བཅས་ཀྱི་ཚབ་བྱས་ནས་མཚོ་སྔོན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་ཀན་སུའུ་ཡི་འཕེལ་རྒྱས་ཐད་ཤུགས་ཆེན་པོས་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་བཤད་རྒྱུར། ད་ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔ་ཕྱིར་མཚོ་སྔོན་དང་ཀན་སུའུ་ལ་གཟིགས་ཞིབ་གནང་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་བས། ཞིང་ཆེན་གཉིས་ཀྱིས་དེང་རབས་ཅན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་པ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་གནང་། མིག་སྔར། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་གཙོ་བོར་འཕྲད་ཡོད་ལ། རྒྱལ་ཁབ་ཀྱི་ནུབ་རྒྱུད་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐུན་མོང་ལས་འགན་ཕྲག་ཏུ་ཁུར་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས། ཐོན་ལས་འཕེལ་རྒྱས་ཀྱི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། བཟོ་སྐྲུན་ལས་རིགས་གཅིག་འདུས་དང་། དེང་རབས་ཞིང་ལས་འཕེལ་རྒྱས། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཟབ་མོ་བྱས་ནས་འཕེལ་རྒྱས་འགྲོ་བ་བཅས་ལ་སྐུལ་འདེད་བཏང་སྟེ། ལག་རྡང་སྦྲེལ་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་པ་དང་། སྐྱེ་ཁམས་ཁོར་སྲུང་མཉམ་ལས་ཟབ་སྤེལ་བྱེད་པ་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཁུལ་བསྐྲུན་ཞིང་། མདོ་ལ་རི་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་ཤུགས་བསྣན་ཏེ། ལག་རྡང་སྦྲེལ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་མཉམ་ལས་ཟབ་སྤེལ་བྱེད་པ། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ལན་ཀྲོའུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པ་མགྱོགས་མྱུར་ངང་བསྐྲུན་པ་དང་། ལག་རྡང་སྦྲེལ་ནས་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་གཏོང་བ། སྤྱི་བའི་ཞབས་ཞུའི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཅི་ཧྲི་ཧྲན་གྱི་ས་ཡོམ་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་འཛུགས་ལ་སྐུལ་འདེད་བཏང་སྟེ། སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ལག་རྡང་སྦྲེལ་ནས་ཞིང་ཆེན་གཉིས་ཀྱི་མི་དམངས་ཀྱི་ཀུན་ཕན་མཉམ་སྤྱོད་ཆུ་ཚད་མཐོར་འདེགས་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་གཏོང་བའི་བྱ་བར་སྐུལ་འདེད་བཏང་སྟེ། ལག་རྡང་སྦྲེལ་ནས་མི་རིགས་འགྲིག་མཐུན་དང་། ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་རེ་བ་བྱེད་ཀྱིན་ཡོད་ཟེར།

མཚོ་སྔོན་དུ་སྡོད་སྐབས། འཐུས་ཚབ་ཚོགས་པ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་པེ་ཁྲོན་ཆུ་བོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞིའི་ཡུལ་དངོས་དང་། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས། ཧྲིན་ཡོན་ས་གདན་སྡེ་ཚོགས་ཚད་ཡོད་ཀུང་ཟི་བཅས་སུ་སོང་ནས། རྨ་ཆུའི་ཆུ་ལག་སྲུང་སྐྱོབ་བཅོས་སྐྱོང་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་དང་རྒྱུས་ལོན་བྱས།

ཀན་སུའུ་ཞིང་ཆེན་གྱི་འགོ་ཁྲིད་སུན་ཞུའེ་ཐའོ་དང་། ཀྲང་ཞུའེ་ཆང་། ཀྲང་ཝེ། ལེ་སི་ཝེ། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཚེ་རིང་ཐར་དང་། ཝུའུ་ལཱ་ཙི་པེ་ཁི་རེ་སུའུ་ལིས་ཧན། ལོས་ཀང་། ཝང་ཀྲིན་ཁྲང་སོགས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། སྐལ་བཟང་རྣམ་རྒྱལ། 

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章