ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་རྩེ་ཚོགས་སྟེང་གསུང་བཤད་གནང་།

文摘   2024-11-19 12:24   青海  

ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས། རྩེ་ཚོགས་ཀྱི་དུས་རིམ་དང་པོར“བཀྲེས་ལྟོགས་དང་དབུལ་ཕོངས་འགོག་བཅོས”ཀྱི་གྲོས་གཞིར་གྲོས་སྡུར་བྱེད་སྐབས། ཞི་ཅིན་ཕིང་གིས《མཉམ་དུ་འཕེལ་རྒྱས་འགྲོ་ཐུབ་པའི་དྲང་གཞག་གི་འཛམ་གླིང་ཞིག་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ལིས་ཡུའེ་རི་ནེ་ལུའུ་རུ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས།

རྩེ་ཚོགས་ཀྱི་དུས་རིམ་དང་པོར“བཀྲེས་ལྟོགས་དང་དབུལ་ཕོངས་འགོག་བཅོས”ཀྱི་གྲོས་གཞིར་གྲོས་སྡུར་བྱེད་སྐབས། ཞི་ཅིན་ཕིང་གིས《མཉམ་དུ་འཕེལ་རྒྱས་འགྲོ་ཐུབ་པའི་དྲང་གཞག་གི་འཛམ་གླིང་ཞིག་བསྐྲུན་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མགྱོགས་མྱུར་ངང་འཕེལ་བཞིན་ཡོད་པ་དང་། མིའི་རིགས་ཀྱི་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་སློང་སྔར་བྱུང་མྱོང་མེད་པའི་ཚད་དུ་སླེབས་ཡོད། འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་གཙོ་བོ་ཡིན་པའི་ང་ཚོས་འགལ་རྐྱེན་ཅི་རིགས་སེལ་བར་དཔའ་མི་ཞུམ་པའི་སྒོ་ནས་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛིན་པ་དང་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་བ། ལོ་རྒྱུས་ཀྱི་རང་འགུལ་མཚོན་པར་བྱེད་པ། ལོ་རྒྱུས་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ཧང་ཀྲོའུ་རྩེ་ཚོགས་གཙོ་སྒྲུབ་བྱེད་སྐབས། འཕེལ་རྒྱས་ཀྱི་གྲོས་གཞི་དེ་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་གྱི་གནས་བབ་གལ་ཆེན་སྟེང་ཐོག་མར་བཞག་པ་དང་། ད་ཐེངས་ཀྱི་ལིས་ཡུའེ་རི་ནེ་ལུའུ་རྩེ་ཚོགས་སྟེང་དུ། “དྲང་གཞག་གི་འཛམ་གླིང་དང་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལ་ཞིག་བསྐྲུན་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་བཅོས་བྱེད་པའི་འཛམ་གླིང་ཧྲིལ་པོའི་མནའ་འབྲེལ”འཛུགས་རྒྱུའི་གཏན་འབེབས་ཀྱང་བྱས་ཡོད། ཧང་ཀྲོའུ་ནས་ལིས་ཡུའེ་རི་ནེ་ལུའུ་བར་དུ། ང་ཚོས་དམིགས་འབེན་གཅིག་མཚུངས་བཟུང་བ་དེ་ནི། མཉམ་དུ་འཕེལ་རྒྱས་འགྲོ་བའི་དྲང་གཞག་གི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་ཡིན་ཞེས་གསུངས།

དེ་ལྟ་བུའི་འཛམ་གླིང་ཞིག་འཛུགས་སྐྲུན་བྱེད་ཆེད། ང་ཚོས་ཉོ་འཚོང་དངུལ་གཏོང་དང་གོང་སྤེལ་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་སུ་ཐོན་ཁུངས་གཏོང་ཚད་འཕར་སྣོན་གཏོང་རྒྱུ་དང་། གོང་སྤེལ་ལས་ཁུངས་སྟོབས་ལྡན་འཛུགས་པ། མཉམ་ལས་ཀྱི་ཟམ་པ་གང་མང་འཛུགས་པ།  “སྒོ་ར་ཆུང་ཆུང་”ཉུང་ཙམ་འཛུགས་པ་བཅས་བྱས་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སྔར་ལས་མང་པོས་འཚོ་བ་སྐྱིད་པོ་རོལ་ཐུབ་པར་བྱེད་རྒྱུ་དང་དེང་རབས་ཅན་མངོན་འགྱུར་བྱེད་དུ་འཇུག་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རྒྱུན་མཐུད་ཐུབ་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་སྤྱོད་པར་རྒྱབ་སྐྱོར་བྱེད་རྒྱུ་དང་། གནམ་གཤིས་འགྱུར་ལྡོག་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཉམས་རྒུད་དུ་འགྲོ་བ། ཁོར་ཡུག་སྦགས་བཙོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་འོས་འཚམ་འཇལ་བ། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ་བཅས་བྱས་ཏེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས། སྒོ་འབྱེད་དང་དཀྱེལ་ཡངས། མཐོང་ཆུང་མི་བྱེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁོར་ཡུག་སྐྲུན་པ་དང་། ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་འཛམ་གླིང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། ལག་རྩལ་གསར་པ་དང་ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་བྱེད་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དག་གཞི་གྲངས་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་རླབས་རྒྱུན་ནང་སྔར་ལས་ལེགས་པའི་སྒོ་ནས་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ་བཅས་བྱས་ནས། ལྷོ་བྱང་བར་གྱི་ཧེ་བག་སྔར་ལས་ཇེ་ཆུང་དུ་གཏོང་དགོས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་སྲོག་ཤིང་ཡིན་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞི་ཡིན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བཅས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། ཀྲུང་གོས་དབུལ་པོ་དུང་ཕྱུར8ཚང་མ་དབུལ་ཐར་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་གྱི་དབུལ་སེལ་དམིགས་འབེན་སྔ་སྣུར་སྒོས་ཡོངས་འགྲུབ་བྱས་ཡོད། གྲུབ་འབྲས་དེ་དག་ནི་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་སེམས་མཐུན་སྟོབས་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བྱས་ཏེ་བླངས་པ་ཞིག་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “ས་ཁུལ་དབུལ་པོ་ཞིག་དང་མང་ཚོགས་དབུལ་པོ་ཞིག་གཏན་ནས་མི་ལུས་པར་བྱེད་རྒྱུའི”ཐད་ནས་དམ་བཅའ་ནན་མོ་བཞག་ཡོད། གནད་ཁེལ་དབུལ་སྐྱོར་རྒྱུན་འཁྱོངས་དང་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དབུལ་སྐྱོར་རྒྱུན་འཁྱོངས། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་རྒྱུན་འཁྱོངས། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཁྲོད་དབུལ་སྐྱོར་རྒྱུན་འཁྱོངས་བཅས་བྱས་ཡོད། ཀྲུང་གོའི་དབུལ་ཐར་ལོ་རྒྱུས་བགྲོད་ལམ་སྟེང་དུ། ཆུ་ཡི་ཐིགས་པས་བྲག་ལ་ཁུང་བུ་བརྟོལ་ཐུབ་པའི་སེམས་ཤུགས་བརྟན་པོ་དང་སྙིང་རུས་ཆེན་པོ། འབད་འཐབ་སྙིང་སྟོབས་རྒྱུན་འཁྱོངས་བྱས་ན། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་ཐུབ་ལ། ཉམ་ཆུང་ཡིན་རུང་སྔོན་ལ་གོང་འཕེལ་དང་གོང་འཕེལ་ཆེན་པོ་འབྱུང་ཐུབ་པ་གསལ་བོར་བསྟན་ཡོད། ཀྲུང་གོར་རྒྱལ་ཁ་ཐོབ་པ་བཞིན་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལའང་དེ་བཞིན་དུ་རྒྱལ་ཁ་ཐོབ་ཐུབ། དེ་ནི་ཀྲུང་གོས་དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་ལས་བྱུང་བའི་འཛམ་གླིང་གི་དོན་སྙིང་ཞིག་ཀྱང་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོ་ནི་སྔ་ཕྱི་བར་གསུམ་དུ་འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་གཏོགས་ཤིག་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་བློ་གཏད་ཆོག་པའི་ཡུན་རིང་གི་མཉམ་ལས་ཟླ་གྲོགས་ཤིག་ཡིན་ལ། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་བྱ་གཞག་ལ་རྒྱབ་སྐྱོར་བྱེད་མཁན་དང་བྱ་སྤྱོད་སྤེལ་མཁན། ལག་ལེན་པ་བཅས་ཡིན་པས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་མངོན་འགྱུར་བྱེད་འདོད་ཡོད་ཅེས་ནན་གྱིས་གསུངས།

ཞི་ཅིན་ཕིང་གིས་ཀྲུང་གོས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འགུལ་སྐྱོད་བརྒྱད་ཁྱབ་བསྒྲགས་གནང་བ་སྟེ། གཅིག་ནི་མཉམ་དུ་ལག་གདང་སྦྲེལ་ཏེ་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་ནས། ལངས་གཟུགས་ཅན་གྱི་ཕན་ཚུན་འབྲེལ་མཐུད་ཀྱི་དྲ་རྒྱ་སྔར་ལས་ལེགས་པོ་ཞིག་བསྐྲུན་ནས། ལྗང་མདོག་དར་གོས་ཚོང་ལམ་གྱིས་སྣེ་ཁྲིད་དེ། གཞི་གྲངས་ཀྱི་དར་གོས་ཚོང་ལམ་ལ་འདེགས་སྐྱོར་བྱེད་པ། གཉིས་ནས་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་རྒྱུ་དང་འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཞིབ་འཇུག་ལྟེ་གནས་ཡག་པོ་སྐྲུན་པ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ། དབུལ་པོ་ཇེ་ཉུང་དུ་གཏོང་བ་དང་། འབྲུ་རིགས་བདེ་འཇགས་དང་གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ། གསུམ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་སྟེ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱིས་མ་འོངས་པའི་ལོ་གསུམ་ནང་། ཀྲུང་གོ་དང་ཨ་ཧྥེ་རི་ཁས་མཉམ་དུ་ལག་གདང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཟླ་གྲོགས་སྐོར་གྱི་འགུལ་སྐྱོད་བཅུ་ཁྱབ་བསྒྲགས་བྱས་ཡོད་ཅིང་། དེའི་ཐད་མ་དངུལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་ཡོད། བཞི་ནི་དབུལ་སེལ་དང་འབྲུ་རིགས་བདེ་འཇགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས“བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་བཅོས་བྱེད་པའི་འཛམ་གླིང་ཧྲིལ་པོའི་མནའ་འབྲེལ”ནང་ཞུགས་རྒྱུའི་ཐག་བཅད་པ་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འཕེལ་རྒྱས་པུའུ་ཀྲང་ཚོགས་འདུ་མུ་མཐུད་འཚོགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པར་མ་ཟད། རྒྱལ་སྤྱིའི་འབྲུ་རིགས་གྱོང་གུད་ཉུང་གཏོང་གི་ཚོགས་ཆེན་མུ་མཐུད་གཙོ་སྒྲུབ་བྱ་རྒྱུ་ཡིན། ལྔ་ནི་ཀྲུང་གོས་པ་ཞི་རྒྱལ་ཁབ་དང་ཨ་ཧྥེ་རི་ཁ་ལྷོ་མ། ཨ་ཧྥེ་རི་ཁ་མནའ་འབྲེལ་བཅས་དང་མཉམ་དུ། “སྒོ་འབྱེད་དང་ཚན་རིག་གི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་འགོ”བཏོན་ནས། འཛམ་གླིང་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ལས་འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ལ་ཕན་པ་སྔར་ལས་གང་མང་ཐོབ་རྒྱུར་སྐུལ་འདེད་གཏོང་བ། དྲུག་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ལ་བདེ་སྐྱིད་སྐྲུན་པའི་དངོས་གཉེར་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུ་དང་། པེ་ཅིང་དུ་བཙུགས་པའི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ལས་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ། ཕྱོགས་སོ་སོས་གཞི་གྲངས་སློབ་གསོ་དང་རྟེན་མཛོད་ཁང་གི་གཞི་གྲངས་ཅན། གནའ་གཞུང་གཞི་གྲངས་ཅན་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། བདུན་ནི་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས“རུལ་སུངས་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་འཆར་གཞི”དོན་འཁྱོལ་བྱས་ནས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་མི་རྒྱུ་གཉིས་འདེད་དང་། རུལ་སུངས་ཉེན་གཡོལ་གྲུ་ཁ་ཁས་མི་ལེན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ནུས་པ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། བརྒྱད་ནི་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དར་རྒྱས་མི་ཆེ་བའི་རྒྱལ་ཁབ་ལ་ཕྱོགས་རྐྱང་བའི་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། ཀྲུང་གོའི་བར་འབྲེལ་བ་བཙུགས་པའི་དར་རྒྱས་མི་ཆེ་བའི་རྒྱལ་ཁབ་ཡོངས་རྫོགས་ཀྱི་ཁྲལ་ཐོའི་ཐོན་རྫས་བརྒྱ་ཆའི་བརྒྱ་ལ་དཔྱ་ཁྲལ་མི་ལེན་པའི་ཐོབ་ཐང་སྤྲོད་པ་བཅས་རེད།

མཇུག་ཏུ་ཞི་ཅིན་ཕིང་གིས་བགྲོད་ལམ་རིང་མོ་གོམ་པ་རེ་རེས་བགྲོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་ཆེན་པོས། མཉམ་དུ་འཕེལ་རྒྱས་འགྲོ་བའི་དྲང་གཞག་གི་འཛམ་གླིང་ཞིག་བསྐྲུན་ནས། དབུལ་ཕོངས་དེ་འདས་ཟིན་པར་འགྱུར་བ་དང་ཕུགས་འདུན་བཟང་པོ་དེ་དངོས་ཡོད་དུ་འགྱུར་བར་བྱེད་འདོད་ཡོད་ཅེས་གསུངས།

པ་ཞི་རྒྱལ་ཁབ་ཀྱི་ཙུང་ཐུང་ལུའུ་ལཱ་ཡིས་ཚོགས་འདུར་འགོ་འཛིན་བྱས།

རྩེ་ཚོགས་མ་བསྡུས་པའི་སྔོན་ལ། ཞི་ཅིན་ཕིང་ཚོགས་ཞུགས་འགོ་ཁྲིད་པ་དང་ལྷན་དུ། ཕ་ཁི་སི་ཐན་ཕྱོགས་ཀྱིས་གྲོས་འགོ་བཏོན་པའི“བཀྲེས་ལྟོགས་དང་དབུལ་ཕོངས་འགོག་བཅོས་ཀྱི་འཛམ་གླིང་ཧྲིལ་པོའི་མནའ་འབྲེལ”འགོ་རྩོམ་པའི་མཛད་སྒོར་ཞུགས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།


རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།

青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章