ཞི་ཅིན་ཕིང་གིས་རྒྱལ་རྒྱུད་ཧ་སང་བརྒྱུད་དེ་རྒྱལ་པོ་མུའུ་ཧན་མོ་ཏི་སྐུ་ཕྲེང་དྲུག་པར་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མོ་རོ་ཁོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ཡག་པོ་བྱུང་བ་དང་། ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཕན་འབྲས་ཐོན་ཡོད་ལ། ཁྱབ་ཁོངས་སོ་སོའི་འགྲོ་འོང་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། 2016ལོར། མོ་ཧན་མོ་ཏི་སྐུ་ཕྲེང་དྲུག་པས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་། ངས་ཁོང་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་བྱས་ནས་ཀྲུང་གོ་དང་མོ་རོ་ཁོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོས་རྒྱལ་ཁབ་ཀྱི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མོ་རོ་ཁོ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་རོ་ཁོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་དང་། ཀྲུང་གོ་དང་ཨ་རབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་ནང་གི་ཁྱབ་ཁོངས་སོ་སོའི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མི་གཞུང་བརྗེ་རེས་བྱེད་རྒྱ་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་དམངས་འདོད་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་མོ་རོ་ཁོ་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ཧ་སང་གིས་རྒྱལ་པོ་མོ་ཧན་མོ་ཏི་སྐུ་ཕྲེང་དྲུག་པས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་སྤྲོ་སེམས་འཁོལ་བའི་དགའ་བསུ་གནང་བཞིན་པ་བརྒྱུད་བསྒྲགས་བྱས། ཁོས་མོ་རོ་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོས་པྲོག་གསར་རིམས་ནད་ཀྱི་སྐབས་སུ་མོ་རོ་ཁོ་ཕྱོགས་ལ་རྒྱབ་སྐྱོར་ཆེན་པོ་གནང་བར་ཐུགས་རྗེ་ཆེ། མོ་རོ་ཁོའི་མི་དམངས་ཀྱིས་དེ་ནམ་ཡང་བརྗེད་མི་སྲིད། མོ་རོ་ཁོའི་གོང་མ་ཚང་དང་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ངང་མོ་རོ་ཁོ་དང་ཀྲུང་གོའི་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་གཏོང་རྒྱུར་གཞོལ་ནས། ཀྲུང་གོའི་བར་དུ་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། རྒྱ་སྐད་དང་ཀྲུང་གོའི་རིག་གནས་ལ་མོ་རོ་ཁོའི་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་གཞུང་བརྗེ་རེས་ལ་ཤུགས་སྣོན་རྒྱུའི་རེ་བ་ཡོད། མོ་རོ་ཁོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་གནད་དོན་མང་པོའི་ཐད་ཀྱི་ལངས་ཕྱོགས་འདྲ་བས། མོ་རོ་ཁོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོབ་བྱ་རྒྱུར་ མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཕྲད་ལ་ཞུགས།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།