ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་དང་གྲོས་མོལ་གནང་། པོ་ལུའུ་ཨར་ཐི་ཡིས་ཙུང་ཐུང་བཞུགས་ཤག་མདུན་གྱི་ཐང་ཆེན་དུ། ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་དང་གྲོས་མོལ་གནང་།
དབྱར་འགོ་མའི་ཕེ་རུའི་རྒྱལ་ས་ལི་མ་རུ་ཉི་འོད་རབ་ཏུ་འཚེར་ལ་མེ་ཏོག་རབ་ཏུ་རྒྱས།
ཕེ་རུའི་གུས་ལུགས་རྟ་དམག་རུ་ཁག་གི་སྲུང་སྐྱེལ་འོག་ཏུ། ཞི་ཅིན་ཕིང་རླངས་འཁོར་དུ་བཞུགས་ཏེ་ཙུང་ཐུང་བཞུགས་ཤག་ཏུ་འབྱོར་བ་ན། ཙུང་ཐུང་པོ་ལུའུ་ཨར་ཐི་ཡིས་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས།
པོ་ལུའུ་ཨར་ཐི་ཡིས་ཙུང་ཐུང་བཞུགས་ཤག་མདུན་གྱི་ཐང་ཆེན་དུ། ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་སོ་སོར་ཕར་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་འཇུ་གནང་། ཞི་ཅིན་ཕིང་གིས་པོ་ལུའུ་ཨར་ཐི་ཡི་ཕེབས་རོགས་འོག་ཏུ། གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་། དམག་མིའི་རོལ་ཆས་ཚོགས་པས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ།
དགའ་བསུའི་མཛད་སྒོ་གྲོལ་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་གྲོས་མོལ་གནང་།
ས་དེའི་དུས་ཚོད་ཟླ11པའི་ཚེས14ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མའི་ཙུང་ཐུང་བཞུགས་ཤག་ཏུ། ཕེ་རུའི་ཙུང་ཐུང་པོ་ལུའུ་ཨར་ཐི་དང་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ངས་ཕེ་རུར་འཚམས་འདྲི་བྱེད་ཐེངས་གསུམ་པ་ཡིན་ལ། ལོ་གཅིག་གི་དུས་ཚོད་ནང་ལྕམ་ཙུང་ཐུང་དང་ཐུག་འཕྲད་བྱེད་ཐེངས་གསུམ་པ་ཡང་ཡིན། ཕེ་རུའི་མང་ཚོགས་མང་པོ་རང་འགུལ་ངང་ལམ་གྱི་གཡས་གཡོན་དུ་འཛོམས་ནས་ལག་པ་གཡུགས་ཏེ་དགའ་བསུ་ཞུས་པ་ལས། ངས་ཕེ་རུ་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་ལ་བཅངས་པའི་མཛའ་བརྩེ་ཟབ་མོ་ཚོར་བྱུང་། ཀྲུང་གོ་དང་ཕེ་རུ་ནི་ཤེས་རིག་ལྡན་པའི་གནའ་བོའི་རྒྱལ་ཁབ་ཡིན། གནའ་བོའི་ཤེས་རིག་ཟབ་མོས་ཀྲུང་གོ་དང་ཕེ་རུ་རྒྱལ་ཁབ་གཉིས་ཀར་བློ་གྲོས་དང་བློ་རྒྱ་བསྣན་པས། ང་ཚོས་ལོ་རྒྱུས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་པོར་རྟོགས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པ། ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་རྒྱུན་འཁྱོངས་བྱས་ནས། གཞི་རྒྱ་མི་འདྲ་བ་དང་ལམ་ལུགས་མི་འདྲ་བ། རིག་གནས་མི་འདྲ་བའི་རྒྱལ་ཁབ་བར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ53འཁོར་བ་དང་། ཁྱད་པར་དུ་ངས2016ལོར་ཕེ་རུར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱས་པའི་ཚུན་ལ། ཕྱོགས་གཉིས་ཀའི་ཐུན་མོང་གི་འབད་བརྩོན་འོག་ཏུ། ཀྲུང་གོ་དང་ཕེ་རུའི་ཚོང་དོན་དངུལ་གཏོང་མཉམ་ལས་མགྱོགས་མྱུར་ངང་འཕར་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་ཕན་པ་དངོས་ཐོབ་ཡོད། ཕྱོགས་གཉིས་ཀས་ཉམས་མྱོང་ཕྱོགས་སྡོམ་བྱས་ནས། རྒྱལ་ཁབ་གཉིས་ཀའི་དངོས་གཉེར་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བྱས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་ལེགས་བསྐྲུན་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ། དངོས་གཉེར་མཉམ་ལས་ཀྱི་རྣམ་པ་གསར་པ་སྐྲུན་པ། ཚོང་དོན་དང་དངུལ་གཏོང་གི“འཁོར་གཉིས་མཉམ་སྒུལ”ལ་ཤུགས་སྣོན་པ། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་ཀྱི“གཤོག་ཟུང་མཉམ་འཕེལ”ལ་སྐུལ་འདེད་གཏོང་བ། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི“སྦྲེལ་ཐག་གཉིས་མཉམ་འདྲེས”ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་ཆེ་བའི་ཀྲུང་གོའི་ཁེ་ལས་ཕེ་རུ་རྒྱལ་ཁབ་ཏུ་དངུལ་གཏོང་ལས་སྐྲུན་བྱེད་པར་བསྐྱོད་ནས། ས་གནས་དེ་གའི་འཕེལ་རྒྱས་ཆེད་དུ་འབུལ་འོས་པའི་བྱས་རྗེས་འབུལ་དུ་འཇུག་འདོད་ཡོད། ཕྱོགས་གཉིས་ཀས་གཏེར་ཐོན་ནུས་ཁུངས་དང་རྨང་གཞིའི་སྒྲིག་ཆས། འགྲིམ་འགྲུལ་འཕྲིན་གཏོང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་བཏང་ནས། གཞི་གྲངས་དཔལ་འབྱོར་དང་མིས་བཟོས་རིག་ནུས། ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན། གློག་སྒུལ་རླངས་འཁོར། ཉི་གློག་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི“སྲ་བའི་མཉམ་མཐུད”ཁྲོད་ཞུགས་རྒྱུར་སྐུལ་ལྕག་བྱས་ནས། བློ་རིག་འགག་སྒོའི“འཇམ་པའི་མཉམ་མཐུད”ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས། དུས་བཅད་ལྟར་ཆན་ཁའེ་གྲུ་ཁའི་ལས་གཞིའི་བཟོ་སྐྲུན་སྐབས་དང་པོ་ཡོངས་འགྲུབ་བྱས་པ་དེའི་སྟེང་ནས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་ཡུན་རིང་གི་འཐབ་ཇུས་མཉམ་ལས་བྱ་རྒྱུའི་ཆོད་སེམས་ལེགས་པར་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་དང་མཉམ་དུ། ཆན་ཁའེ་གྲུ་ཁའི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཆན་ཁའེ་གྲུ་ཁ་འགོ་འཛུགས་སར་བྱས་པའི་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་བཏོད་དེ། མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་དང་། ཕེ་རུ་ནས་ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་བར་གྱི་ཟུར་མང་དང་སྣ་མང་། ཕན་འབྲས་ཆེ་བ་བཅས་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། ལཱ་ཏིང་མེ་གླིང་དང་ཅཱ་ལི་པིའི་ས་ཁུལ་སྤྱིའི་འཕེལ་རྒྱས་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཀྲའུ་གྲོང་ཁྱེར་དང་ཆན་ཁའེ་གྲོང་ཁྱེར་བར་མཛའ་མཐུན་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། ཕེ་རུའི་བར་དུ་བཟོ་ལས་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་བརྗེ་རེས་བྱེད་རྒྱུ་དང་། ས་མཚམས་ལས་བརྒལ་བའི་ཞབས་ཞུའི་ཚོང་དོན་དང་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཁྱུ་ཚོགས་ཀྱི་ཕན་འབྲས་དང་མཉམ་འགུལ་ཕན་འབྲས་འདོན་སྤེལ་བྱེད་པ་བཅས་ཀྱི་སྟེང་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་ སྔར་ལས་མང་པོ་སྤྱད་དེ། ཀྲུང་གོ་དང་ཕེ་རུའི་བར་གྱི་ཡུན་རིང་མཛའ་མཐུན་དང་གཉིས་ཕན་མཉམ་ལས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཐག་ཉེ་སར་ལུའུ་པན་བཟོ་ཁང་དང་རྒྱ་ཡིག་བཟོ་ཁང་བཙུགས་ནས། ལས་རིགས་སློབ་གསོའི་མཉམ་ལས་བྱས་ཏེ། ཕེ་རུ་ཕྱོགས་ལ་ས་དེའི་ཁྱད་ཆོས་ལྡན་པའི་འཇོན་མི་དང་རིག་སྟོབས་ལག་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་འདོད་ཀྱང་ཡོད།
ཞི་ཅིན་ཕིང་གིས་ཕྱོགས་གཉིས་ཀས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་བྱེད་ཡུལ་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་འགལ་ཉ་འཛིན་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་དུས་རབས་ཀྱི་འགན་འཁྲི་འཁུར་ནས། རྒྱལ་སྤྱིའི་ཤེས་རིག་གི་གྲོས་མོལ་ལ་ཤུགས་སྣོན་རྒྱུ་དར་སྤེལ་བཏང་སྟེ། འཛམ་གླིང་ཧྲིལ་པོའི་ཤེས་རིག་གི་གྲོས་མོལ་དང་མཉམ་ལས་ཀྱི་དྲ་རྒྱ་འཚོལ་ཞིབ་བྱས་ནས་འཛུགས་དགོས། རིག་གནས་སྲིད་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རིག་གནས་སྒྱུ་རྩལ་དང་སློབ་གསོ། རིག་གནས་ཤུལ་བཞག་སྲུང་སྐྱོབ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ཟབ་སྤེལ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུར་ཁ་ཕྱོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྟེར་ཡུལ་གྱི་མི་གྲངས་སྔར་ལས་ཇེ་མང་དུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་ལོ་ཆུང་གཞོན་ནུའི་བར་ཕན་ཚུན་རྒྱུས་མངའ་ཡོད་པར་བྱེད་པ་དང་མཛའ་མཐུན་ཡོང་བར་བྱས་ནས། ཀྲུང་གོ་དང་ཕེ་རུའི་བར་གྱི་མཛའ་བརྩེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་ལྟོས་ཆེ་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཟབ་མོར་འདྲེས་པར་བྱེད་རྒྱུ་དང་། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། ས་ཁུལ་གྱི་བརྟན་བརླིང་དང་དར་རྒྱས་ལ་སྲུང་སྐྱོབ་བྱེད་པ་བཅས་ནི། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁྱིམ་ཚང་ཆེན་མོ་དང་འཛིམ་གླིང་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་མཐུན། ཀྲུང་གོ་དང་ཕེ་རུ་གཉིས་ཀས་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་བཟུང་ནས་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་མགྲོན་བདག་རྒྱལ་ཁབ་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས། ཕྱོགས་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ད་ཐེངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གླེང་སྟེགས་ཀྱི་སྒྲོམ་གཞིའི་འོག་གི་འབྲེལ་གཏུག་མཐུན་སྦྱོར་ལ་མུ་མཐུད་ཤུགས་བསྣན་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ཧུར་ཐག་གིས་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།
པོ་ལུའུ་ཨར་ཐི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་ཏེ། ངས་ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་ཡིན་པ་ཡང་བསྐྱར་གསལ་བསྒྲགས་བྱས་པ་ཡིན། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་མི་གཞུང་རིག་གནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། གཞོན་ནུ་དང་མི་སྣའི་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུས་ད་ཐེངས་ཀྱི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་སྒྲུབ་བྱས་པ་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ཕེ་རུ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་ཕྱོགས་དང་མཉམ་དུ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་འོག་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཡུན་རིང་ཞི་བདེ་དང་བརྟན་བརླིང་། འཕེལ་རྒྱས་དར་རྒྱས་བཅས་མངོན་འགྱུར་ཡོང་ཆེད་བྱས་རྗེས་འཇོག་རྒྱུའི་རེ་ལྟོས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་འདི་ཉིད་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཏུ་གྱུར་ནས། ཕེ་རུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བའི་ལེའུ་གསར་པ་ཞིག་བཏོད་དེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་སྔར་ལས་རྒྱུན་སྲིང་དང་དར་རྒྱས་ཀྱི་འབྱུང་འགྱུར་མཉམ་སྐྲུན་མཉམ་སྤྱོད་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་ཞེས་བསྟན།
གྲོས་མོལ་གྱི་རྗེས་སུ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་མཉམ་དུ《“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་མཉམ་ལས་འཆར་འགོད》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་རང་མོས་ཚོང་དོན་ཆོད་ཡིག་རིམ་སྤོར་གྲོས་ཆོད་ཡི་གེ》བཀོད་པར་བདེན་དཔང་གནང་བར་མ་ཟད། དཔལ་འབྱོར་ཚོང་དོན་དང་ཐོན་ལས་དངུལ་གཏོང་། བཟོ་ལས་གླིང་ཁུལ། སློབ་གསོ། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ་མང་པོ་བརྗེ་རེས་བྱས་པར་ཡང་བདེན་དཔང་གནང་།
ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་ཟབ་སྤེལ་གཏོང་བའི་སྐོར་གྱི་ མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཉིན་དེའི་དགོང་མོར། ཀྲུའུ་ཞི་ཞི་ཅིན་ཕིང་ཙུང་ཐུང་པོ་ལུའུ་ཨར་ཐི་ཡིས་བཤམས་པའི་དགའ་བསུའི་གསོལ་སྟོན་ལ་ཞུགས།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།
རྩོམ་སྒྲིག་པ། ལྷ་མོ་འཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།