མཐུན་སྒྲིལ་ནི་ལམ་ལུང་སྡེ་བའི་དར་ཆ་ཡིན།

文摘   2024-11-15 14:06   青海  

ཁྲང་ངེ་།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། 

 ཤོ་དོ་རྫ་རི་སྨུག་པོའི་ཕང་བ་རུ། ཕ་ས་གསེར་གྱི་ལུང་བར་རུ་སྡེ་ཁྲ་མོ་ཚོམ་བུར་བཞད་ཅིང་། ཐང་མར་བརྡལ་བའི་རྟ་ནོར་ལུག་གསུམ་གྱི་རྫི་བོས་གླུ་གཞས་སྙན་མོ་ལེན་པར་བྱེད། དེ་ལས་ཀྱང་ཉམས་དགའ་བ་ནི་ཡུལ་དེར་གནས་པའི་ལམ་ལུང་སྡེ་བའི་ཡུལ་མི་ཀུན་གྱིས་མཐུན་པའི་ཨ་ལོང་དམ་པོར་སྦྲེལ་ཞིང་། འབད་པའི་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བདེ་སྐྱིད་ཀྱི་དགོད་སྒྲའི་ལམ་ན་མགོ་ཁྲིད་བཟང་པོའི་རྗེས་ལ་འབྲངས་ནས་མདུན་སྐྱོད་བྱེད་བཞིན་འདུག་པ་དེ་རེད།

རུ་སྡེར་མཁོ་བ་མགོ་འདྲེན་བཟང་པོ་ཡིན་ཟེར་བ་ལྟར། ལམ་ལུང་སྡེ་བར་མཚོན་ན་སྤྱི་དོན་གཙུག་ཏུ་བཟུང་ཞིང་། གཞན་ཕན་ལྷག་བསམ་དཀར་བ། བསམ་བློའི་ཕུགས་རྒྱང་རིང་བའི་མགོ་འདྲེན་བཟང་པོ་ཞིག་ཡོད་དེ། དེ་ནི་ད་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གནང་བའི་དཔེ་བཟང་མི་སྒེར་གྱི་གཟེངས་རྟགས་ཐོབ་མཁན་ཁྲང་ངེ་ལགས་རེད།

ཁྲང་ངེ་ལགས་ནི1973ལོར་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཡུལ་ཚོའི་ལམ་ལུང་སྡེ་བར་སྐྱེས་ལ། 1996ལོར་ཏང་ལ་ཞུགས་ཤིང་། 2008ལོར་གསེར་ལུང་ཡུལ་ཚོ་ལམ་ལུང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་ནས་ད་བར་དུ་ལོ16ཕྱིན་ཡོད་པ་དང་། ལོ་ངོ16གི་རིང་ལ། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་ཞིང་། ཕུགས་བསམ་གྱི་སྙིང་རུས་བརྟན་པོ་ཡོད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོར་སློབ་སྦྱོང་མཐར་འཁྱོལ་བྱས་པར་མ་ཟད། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ་སོགས་བྱས་ཏེ། ཆབ་སྲིད་དང་བསམ་བློ། སྤྱོད་ལམ་བཅས་ཀྱི་ཐད་ནས་ནམ་ཡང་ཏང་དང་རྒྱལ་ཁབ་ཀྱི་རེ་བཞག་གི་ལོང་བརྡོལ་དུ་མ་བཅུག་པར། ཉི་མ་ལྟ་བུའི་དྲོ་ཞིང་གསལ་བའི་སྲིད་ཇུས་ལམ་ལུང་སྡེ་བར་དྲངས་ནས་མང་ཚོགས་རྣམས་ཕྱུག་འགྱུར་གྱི་ལམ་ལ་སླེབས་སུ་བཅུག་ཡོད། 

ཟླ11པའི་ཚེས15ཉིན། རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་ལམ་ལུང་སྡེ་བར་ཕྱིན་ནས་བཅར་འདྲི་བྱེད་སྐབས་ཁོས་བཤད་རྒྱུར། ཁོ་རང་སྡེ་བའི་མགོ་ཁྲིད་ལ་ཐོག་མར་འདུག་དུས་སྡེ་བའི་དཔལ་འབྱོར་ཉམས་དམས་ཤིང་། དབུལ་ཕོངས་བརྟོལ་བའི་མཚོན་ཆ་ཞིག་མེད་པས། ནམ་རྒྱུན་སྡེ་བའི་རྒན་པ་རྣམས་ལ་གྲོས་བསྡུར་ཞིང་། རྫོང་དང་ཁུལ་སོ་སོའི་འབྲེལ་ཡོད་ཀྱི་མགོ་ཁྲིད་དང་ལག་རྩལ་མི་སྣ་གང་མང་ལ་བློ་དྲིས་ཏེ། སྡེ་བ་ཕྱུག་འགྱུར་གྱི་ལམ་ཞིག་འཚོལ་ཞིབ་བྱས། དེ་ནས་གཞན་དུ་ཕྱུགས་རིགས་རྒྱུད་བཟང་གི་མིང་བྱང་གསར་བཏོད་བྱས་ཏེ་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཚོང་ལམ་གསར་འབྱེད་བྱེད་པ་མཐོང་སྟེ། རང་ཡུལ་གྱི་ཤོ་དོ་ནོར་གནག་ལ་ཞིབ་འཇུག་བྱས་མཐར། རང་ཡུལ་ཤོ་དོ་ནོར་གནག་གི་ནོར་གནག་གཞན་ལས་ཕུལ་དུ་བྱུང་བའི་དགེ་མཚན་མཐོང་བས། དུས་ཐོག་ཏུ་ཤོ་དོ་ནོར་གནག་གི་མིང་བྱང་གསར་གཏོད་བྱས་ཤིང་། རྒྱུད་བཟང་སྲུང་སྐྱོབ་དང་ལེགས་སྒྱུར་བྱས་ནས་ཚོང་ལམ་བཙལ་བར། བསམ་ལས་འདས་པའི་གྲུབ་འབྲས་ངོ་མཚར་བ་བྱུང་བས། སྡེ་མིའི་ཐུན་མོང་དཔལ་འབྱོར་ལོ་རེར་ཇེ་ལེགས་སུ་སོང་ཞིང་།2020ལོར་ཤོ་དོ་ནོར་གནག་རྒྱལ་ཁབ་བྱ་ཕྱུགས་རྒྱུད་འཛིན་ཐོན་ཁུངས་སྲུང་སྐྱོབ་མིང་ཐོ་རུ་ཚུད་ཡོད་ཟེར།

དེ་ནས་བཟུང་། གྲོང་གསེབ་དར་སྤེལ་སོགས་ཀྱི་སྲིད་ཇུས་དམ་འཛིན་བྱས་ཏེ2010ལོར་སྡེ་བའི་ཐུན་མོང་མ་རྐང་མཉམ་ལས་ཁང་བཙུགས་ཏེ་གཅིག་བསྡུས་རང་བཞིན་གྱི་ཚོང་ལམ་ཕྱེས་ཤིང་། ཐེངས་དང་པོའི་ཡོང་སྒོ་བགོ་བཤའ་འབུམ་གཉིས་ནས་ན་ནིང་གི་བགོ་བཤའ་སྒོར་ས་ཡ་དགུ་ཙམ་ལ་སླེབས་པ་ནི། མགོ་འདྲེན་བཟང་པོའི་མིག་རྒྱང་དང་མང་ཚོགས་ཀུན་གྱི་མཐུན་སྒྲིལ་གྱི་སྟོབས་ཤུགས་ལས་བྱུང་བ་ཞིག་ཅི་ལ་མིན།

ཁོ་ལ་མཚོན་ན་སྡེ་མིའི་རྒྱབ་སྐྱོར་ནི་སྟོབས་ཤུགས་ཡོད་ཚད་ཀྱི་འབྱུང་ཁུངས་ཡིན་ཟེར། ཁོང་གིས་བཤད་རྒྱུར། སྡེ་བ་ཞིག་ལ་མཐུན་སྒྲིལ་མེད་ན་མང་ཚོགས་ཕྱུག་འགྱུར་ལྟ་ཅི་བྱ་བ་གང་ཡང་བསྒྲུབ་མི་ཐུབ་ལ། མཐུན་སྒྲིལ་བཟང་པོ་ནི་རྒྱལ་ཁའི་སྔོན་འགྲོ་དང་སྟོབས་ཤུགས་དར་ཆ་ཡིན་ཟེར། མཐུན་སྒྲིལ་བཟང་པོའི་སྟོབས་ཤུགས་ལ་བརྟེན་ནས་ལམ་ལུང་སྡེ་བ་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་ལས་ཆེས་ཐོག་མར་ཐར་བའི་སྡེ་བར་གྱུར་བ་ནི་འབྲས་བཟང་གི་དན་རྟགས་རེད། ཁོང་གིས་སྤྱི་དོན་ནི་བྱ་གཞག་གི་རྩ་དོན་ཡིན་ཞེས་པ་ནམ་ཡང་སེམས་ལ་བཟུང་ནས། སྲིད་ཇུས་དྲིལ་སྒྲོག་དང་སྡེ་དམངས་སྣེ་ཁྲིད་བྱེད་པ་ལས་གཞན། ཆ་རྐྱེན་ཞན་པའམ་ནད་ཀྱིས་མནར་བའི་ཁྱིམ་ཚང་ལ་རང་ཉིད་ནས་མགོ་བརྩམས་ཏེ་ཞལ་འདེབས་ཕུལ་བ་དང་། རོགས་སྐྱོར་བྱེད་པ་སོགས་བྱས་པས། སྡེ་མི་ཀུན་གྱིས་ཁོང་གི་ལྷག་བསམ་ལ་ཡི་རང་དང་གོང་བཀུར་ཚད་མེད་ཐོབ། དེ་བས་རྫོང་དང་ཁུལ། ཞིང་ཆེན་སོགས་འབྲེལ་ཡོད་ཀྱི་ལས་ཁུངས་དག་གིས་ཕུལ་བྱུང་ཏང་ཀྲི་པུའུ་ཧྲུའུ་ཅི་དང་། སྔོན་ཐོན་མི་སྣ། རྨ་ལྷོའི་མི་བཟང་། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་གཟེངས་རྟགས་དང་མཚན་སྙན་སྣ་ཚོགས་ཐོབ་ཡོད།

སྤྱི་དོན་སྒྲུབ་ན་རང་དོན་ཞོར་ལ་འགྲུབ་ཟེར་བའི་དཔེ་ལྟར། ཁོང་གིས་ལོ་བཅུ་དྲུག་རིང་ལ་སྡེ་བའི་བྱ་གཞག་གཙུག་ཏུ་བཟུང་བས་ལམ་ལུང་སྡེ་བའི་ཕྱུག་འགྱུར་གྱི་གཏམ་རྒྱུད་སྙན་མོ་ཀྲུང་གོའི་འཛིན་མ་ཡོངས་སུ་གྲགས་ལ། ལམ་ལུང་སྡེ་བའི་ཕྱུག་འགྱུར་གྱི་ལམ་བུ་ནི་ད་ལྟ་རྫོང་ཁུལ་ཞིང་ཆེན་སོགས་ཀྱིས་སློབ་སྦྱོང་བྱེད་པའི་གནས་སུ་གྱུར་ཡོད། དེ་བས་ད་ལོའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྣར་བདམས་ཐོན་བྱུང་བའང་ལམ་ལུང་སྡེ་བའི་ཆེད་དུ་ཤ་འབད་རུས་འབད་བྱས་པའི་འབྲས་བུ་ངོ་མ་དེ་རེད།

རྨ་ལྷོ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡི་གསར་འགྱུར་ཚན་ཁག་གི་ལས་བྱེད་སྐལ་བཟང་སྒྲོལ་མས་བཤད་རྒྱུར། ད་ལོར་ཁྲང་ངེ་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྣའི་གཟེངས་རྟགས་ཐོབ་པ་བརྒྱུད། རྫོང་ཡོངས་ཀྱི་ལས་ཁུངས་ཚང་མས་ཁོང་གི་མཛད་རྗེས་ལ་སློབ་སྦྱོང་བྱེད་བཞིན་ཡོད་ལ། རྫོང་ཡོངས་ཀྱི་མཉམ་ལས་ཁང་ཡོངས་ཀྱིས་ཀྱང་ལམ་ལུང་སྡེ་བའི་དཔེ་བཟང་ལ་མིག་དཔེ་བལྟས་ནས་སློབ་སྦྱོང་བྱེད་བཞིན་ཡོད་ཟེར།

རྩོམ་སྒྲིག་པ་དང་གསར་འགོད་པ། ལྷ་རྒྱལ་བཀྲ་ཤིས། སྙིང་བྱམས་ཚེ་རིང་།

རྩོམ་སྒྲིག་འགན་ཁུར་པ། ལྷ་རྒྱལ་བཀྲ་ཤིས། བཀྲ་ཤིས་དོན་གྲུབ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章