ཁྲིན་ཀང་གིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

文摘   2024-11-25 11:41   青海  

ཁྲིན་ཀང་གིས་མཚོ་ལྷོ་ཁུལ་དུ་རྟོག་ཞིབ་བྱས།

 ཟླ11ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྐྱེ་ཁམས་ཅན་དང་། ལྗང་མདོག་ཅན། གྲོང་ཁྱེར་དང་གྲོང་རྡལ་ཅན་བཅས་སུ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཀྱིས་ནུས་ཁུངས་གཙང་མའི་ཁྱད་སྟོབས་དེ་འཕེལ་རྒྱས་ཀྱི་ཁྱད་སྟོབས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཀང་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་ཚི་ཧན་ཏ་བཱ་སྡེ་བའི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཐོན་པ་ན།  ཁང་པའི་ཕྱི་རོལ་དུ་གྲང་ངར་ཧ་ཅང་ཆེ་མོད།  འོན་ཀྱང་རིག་ནུས་ཕྱུགས་རིགས་དྲོད་ཁང་དུ་བོད་ལུག་ཚོས་ཆ་སྙོམས་དྲོད་རླངས་མཁོ་འདོན་དང་། འཐུང་ཆུའི་དྲོད་སྲུང་། སྨན་གཏོར་དུག་སེལ་སོགས་རིག་ནུས་ཅན་གྱི་གསོ་སྤེལ་ལག་རྩལ་ལོངས་སུ་སྤྱོད་བཞིན་ཡོད།   ཁྲིན་ཀང་གིས་མཉམ་ལས་ཁང་གི་ལེགས་བསྡུས་ཞིབ་གཉེར་ཅན་དང་གཞི་ཁྱོན་ཅན་གྱི་ཚན་རིག་དང་མཐུན་པའི་གསོ་སྤེལ་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ཚན་རྩལ་གཞོགས་འདེགས་དང་། ཕྱིར་འཚོང་གི་ཐབས་ལམ་རྒྱ་སྐྱེད། ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཁྱད་ལྡན་ཐོན་ལས་བཀོད་སྒྲིག་ལུགས་མཐུན་དང་ཐུན་མོང་མ་ཡིན་པའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མགྱོགས་མྱུར་ངང་ཆགས་པར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཡོང་འབབ་འཕར་ནས་ཕྱུག་འགྱུར་ཡོང་བར་རྒྱུན་མཐུད་ངང་སྐུལ་ཁྲིད་བྱེད་དགོས་ཞེས་ནན་གྱིས་བསྟན། མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་པོའི་ཐོན་ལས་གླིང་དུ་ལག་རྩལ་འདུས་ཚད་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་ཁེ་ལས་ཁག་ཅིག་སྔ་རྗེས་སུ་བཅའ་སྡོད་བྱས་ཡོད་པ་དང་། ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཀུང་སིའི་གུང་ཧོ་སྟོང་ཝ་ས་ཡ་གཅིག་ཟིན་པའི་འོད་ཤུགས་ཚ་ནུས་ལས་གཞིའི་ཡུལ་དངོས་སུ་སྨི་བརྒྱ་ཟིན་པའི་ཚ་ཚད་མཐོ་བའི་མཐོ་ལྕོག་བཙུགས་ཡོད། ཁྲིན་ཀང་གིས་ཚོང་འགུག་དངུལ་འདྲེན་དང་ལས་གཞི་འཛུགས་སྐྲུན་བྱས་པའི་གནས་ཚུལ་ཞིབ་འདྲི་བྱས་པ་དང་།  ལྗང་མདོག་རྩིས་ནུས་འཕེལ་རྒྱས་གཏོང་བ་དེས་ནུས་ཁུངས་གཙང་མ་རང་སར་གཙང་སེལ་དང་། ཐོན་ལས་ཀྱི་རིམ་པ་སྤོར་བ། དམངས་འཚོ་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་ཟབ་མོ་ལྡན་པར་ངོས་འཛིན་གང་ལེགས་བྱེད་པ་དང་། ལྗང་མདོག་རྩིས་གློག་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་གོམ་པ་བརྟན་པོ་སྤོས་ནས།  “ཐཱན་གཉིས”ཀྱི་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་མདུན་གྲལ་དུ་སྐྱོད་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཉེ་བའི་ལོ་ཤས་རིང་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་གྱིས་ཕྱོགས་བསྡུས་ཐེག་ནུས་དང་མི་གྲངས་གཅིག་སྡུད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ཏེ།  “གུང་ཧོ་གཤོངས་སའི”ས་ཁོངས་ལྟེ་གནས་གྲོང་ཁྱེར་ནུས་ཤུགས་ཡོད་རྒུས་བཏོད་པ་རེད། ཁྲིན་ཀང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་བསྐྱོད་ནས་རྫོང་ཁོངས་ཀྱི་སྨན་བཅོས་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་གྱི་ཕན་འབྲས་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། སྦྲུམ་མས་བྱིས་པ་བཙའ་བ་དང་།  དལ་ལངས་རང་བཞིན་གྱི་ནད་རིགས་དོ་དམ།  འདའ་ཁའི་གཟིགས་སྐྱོང་སོགས་ཀྱི་གནས་ཚུལ་ཞིབ་འདྲི་བྱས་པར་མ་ཟད།   ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་ནས་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་སྨན་བཅོས་མི་སྣར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས།  རི་སྐེད་དུ་ལངས་ནས་ཆབ་ཆ་གྲོང་རྡལ་ཞི་གུའི་ཐེ་ཡུག་ཁུལ་ལ་རྒྱང་ལྟ་བྱས་རྗེས། ཁྲིན་ཀང་གིས་ཡུག་ཁུལ་དེ་གསར་བཅོས་སྒྱུར་བཀོད་བྱས་པའི་ལས་དོན་ལ་ཞིབ་མོར་ཉན་པ་དང་།  མི་རྩ་བར་འཛིན་པའི་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་གྱི་འཕེལ་རིམ་ལ་གོ་རིམ་ལྡན་པའི་ངང་ཇུས་འགོད་ཡག་པོ་བྱེད་དགོས་པ་དང་། གྲོང་ཁྱེར་གྱི་བར་སྟོང་བཀོད་སྒྲིག་ལེགས་པོ་བྱེད་པ་དང་། དེང་རབས་གྲོང་ཁྱེར་གྱི་རྣམ་པ་གཏོད་པ། རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་བཅས་བྱས་ནས།  མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་བྱེད་སྐབས། ཁྲིན་ཀང་གིས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་འཆར་འགོད་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་འདུ་ཤེས་སྔར་ལས་ཆེ་རུ་གཏོང་བ་དང་། ཐོན་ལས་ལྗང་མདོག་ཅན་དུ་སྒྱུར་བ་དང་།   མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གཅིག་སྡུདབྱེད་པ་།  དཔལ་འབྱོར་དང་སྤྱི་ཚོགས་གཞི་གྲངས་ཅན་དུ་བསྒྱུར་བ་བཅས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པར་ཏེ། ནུས་པ་དང་ཞན་ཆ་མགྱོགས་མྱུར་ངང་གསབ་དགོས་པ་དང་། རིམ་པ་སོ་སོའི“འགོ་ཁྲིད་པ་གཙོ་བོས” དངོས་སུ་ཞིབ་འཇུག་དང་ཇུས་འགོད་བྱེད་པ་དང་། གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། ས་ཁུལ་གྱི་མ་འོངས་འཕེལ་རྒྱས་ལ་ཇུས་འགོད་ཡག་པོ་དང་བཀོད་སྒྲིག་ཡག་པོ་བྱེད་དགོས།   “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་སྒྲིག་བཟོ་དང་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་བྱེད་པའི་ལས་དོན་དམ་འཛིན་དང་།  གལ་ཆེན་བ་དམ་འཛིན་དང་གལ་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། མི་གྲངས་དང་། ཐོན་ལས། སྤྱི་པའི་ཞབས་ཞུ་བཅས་ལྟེ་གནས་གྲོང་ཁྱེར་དུ་གཅིག་སྡུད་བྱེད་པའི་འཕེལ་ཕྱོགས་དང་བསྟུན་པ། ཐོན་ལས་ཀྱི་བཀོད་པ་སྔར་ལས་ཇེ་ལེགས་སུ་གཏོང་བ། བཟོ་ལས་ཅན་དང་རྣམ་པ་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་ལ་སྐུལ་ཁྲིད་བཅས་བྱས་ཏེ།  ཚད་གཞི་མཐོ་བའི་འཆར་འགོད་ལ་བརྟེན་ནས། “མཐོ་ས”བསྐྲུན་པ་དང“གནས་བཞི” འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།  “ གུང་ཧོ་གཤོངས་སའི”ལྗང་མདོག་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་སྐུལ་འདེད་གཏོང་བར་དམིགས་ནས། མཚོ་ལྷོ་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇེ་ལེགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣའི་ཐོན་ལས་དང་། སྤྱི་པའི་ཞབས་ཞུ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན།  སྐྱེ་ཁམས་སྲུང་སྐྱོབ་སོགས་ཐད་ཀྱི་སྤྱི་འདོམས་འཆར་འགོད་ལ་ཤུགས་བསྣན་ཏེ། ཐོན་ལས་དང་གྲོང་ཁྱེར་མཉམ་འདྲེས་ཡིན་པ་དང་། འཚོ་བར་འཚམ་པ།  སྐྱེ་ཁམས་མཛེས་སྡུག་ལྡན་པ་བཅས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ཀྱི་ལམ་དུ་ཧུར་ཐག་གིས་བསྐྱོད་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཀྲུའུ་ཞང་ཧྥིན་དང་། ལུའི་ཀང་རྟོག་ཞིབ་ལ་ཞུགས།


རྩོམ་སྒྲིག་པ། ཤ་བོ་རིན་མཚོ།  
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།








青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章