དབྱར་ཟླ་འགོ་མའི་སྐབས་ཀྱི་པ་ཞི་ལིས་ཡའི་གནམ་གཤིས་ཧ་ཅང་དྭངས། སྐྱ་རེངས་ཕོ་བྲང་དུ་སྤང་ལྗོངས་སྔོ་ཐིང་ངེར་གྱུར་བ་དང་གཟི་བརྗིད་ལྡན་པའི་གུས་དམག450གྲལ་འགྲིག་པོས་བསྒྲིགས་ཡོད། སྐྱ་དམག་སྐུ་སྲུང་པ120ཡི་སྲུང་སྐྱོབ་འོག་ཏུ། ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ཏེ་སྐྱ་རེངས་ཕོ་བྲང་མདུན་གྱི་ཐང་ཆེན་དུ་འབྱོར།
ཙུང་ཐུང་ལུའུ་ལཱ་དང་ལྕམ་མོ་ལོ་སང་རི་ལཱ་ཡིས་སྤྲོ་སེམས་འཁོལ་བའི་ངང་བསུ་མ་ཞུས་པར་མ་ཟད། ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་བསྡུས།
དམག་མིའི་རོལ་ཆས་ཚོགས་པས་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀའི་རྒྱལ་གླུ་དཀྲོལ། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་གཟབ་སྦྲེང་རུ་ཁག་གི་དམག་རིགས་རྣམ་འབྱེད་མཛད་སྒོར་ལྷན་དུ་གཟིགས། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀའི་བྱིས་པ་ཚོས་ལག་ཏུ་རྒྱལ་ཁབ་གཉིས་ཀའི་རྒྱལ་དར་བཟུང་ནས་ཞི་ཅིན་ཕིང་ལ་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། པ་ཞི་རྒྱལ་ཁབ་ཀྱི་སྒྱུ་རྩལ་པས་རྒྱ་སྐད་ཀྱི་ལམ་ནས《ངའི་མེས་རྒྱལ》ཞེས་པའི་གླུ་གཞས་བླངས།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་སོ་སོར་ཕར་ཕྱོགས་ཀྱི་ཕེབས་རོགས་མི་སྣར་ཕྱག་འཇུ་གནང་།
དགའ་བསུ་ཞུ་བའི་མཛད་སྒོ་གྲོལ་རྗེས་རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་ཀྲུང་གོ་དང་པ་ཞིའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བའི་དམིགས་བསལ་གྱི་དུས་སྐབས་འདི་འདྲ་ཞིག་ལ་ངས་པ་ཞི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་ཐུབ་པར་ཧ་ཅང་དགའ་སྤྲོ་སྐྱེས་ཡོད། ཙུང་ཐུང་ལུའུ་ལཱ་ཡིས་ང་ལ་གུས་ལུགས་ཆེས་མཐོ་བའི་སྒོ་ནས་དགའ་བསུ་ཞུ་བའི་མཛད་སྒོ་གཟབ་རྒྱས་ཤིག་བསྡུས་པ་དེའི་སྟེང་ནས། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་ཀྱི་འབྲེལ་བར་མཐོང་ཆེན་གང་ལེགས་བྱེད་ཀྱིན་པ་མཚོན་ཐུབ་ལ། དེ་བཞིན་ཀྲུང་གོ་མི་དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་མཚོན་ཐུབ་པས་ང་རང་སེམས་འགུལ་ཟབ་མོ་ཐེབས་བྱུང་། ཀྲུང་གོ་དང་པ་ཞི་ནི་སའི་གོ་ལའི་ཕྱེད་ཤར་མ་དང་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན། འདས་ཟིན་པའི་ལོ50ལ་ཕྱིར་མིག་ཅིག་བལྟས་ཚེ། རྒྱལ་ཁབ་གཉིས་ཀའི་འབྲེལ་བ་དེ་རི་རབ་དང་རྒྱ་མཚོ་བརྒལ་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོའི་བར་ཕན་ཚུན་བརྩི་འཇོག་དང་གཉིས་ཕན་མཛའ་མཐུན། མཉམ་ལས་གཉིས་ཕན་བཅས་ཀྱི་ཡང་དག་པའི་མཉམ་གནས་ཀྱི་བགྲོད་ལམ་ཞིག་བཙལ་ནས་རྙེད་ཡོད་པ་རྟོགས་ཐུབ། པ་ཞི་ནི་ཀྲུང་གོའི་བར་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་ཐོག་མ་དང་། ཀྲུང་གོའི་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་པའི་ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་ཐོག་མའང་ཡིན། ཉེ་བའི་ལོ་འདི་དག་གི་རིང་ལ། ང་དང་ཙུང་ཐུང་ལུའུ་ལཱ་ཡི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉིས་ཀ་ལས་སྐལ་གཅིག་མཐུན་གྱི་བློ་གཏད་ཆོག་པའི་གྲོགས་པོ་དང་ཞི་བདེའི་ལས་དོན་ལ་མཉམ་དུ་སྐུལ་མ་གཏོང་བའི་སྟོབས་ཤུགས་ཆེན་པོར་གྱུར་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་ཕྱིན་པར་མ་ཟད། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལའང་སྲུང་སྐྱོབ་བྱས་པ་དང་། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་དང་བསམ་འདུན་མངོན་སུམ་གྱིས་ཆེ་རུ་ཕྱིན་ནས། འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་གི་ཆེད་དུ་བྱས་རྗེས་མངོན་གསལ་བཞག་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་དེ་རིང་ང་ཚོས་ཀྲུང་གོ་དང་པ་ཞིའི་འབྲེལ་བའི་ངེས་གནས་དེ་མཉམ་དུ་ལག་གདང་སྦྲེལ་ནས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་འཛམ་གླིང་ཧྲིལ་པོའི་ཀྲུང་གོ་དང་པ་ཞི་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པར་མཐོར་འདེགས་བྱེད་རྒྱུའི་ཐག་བཅད་པ་དང་ཆབས་ཅིག་ཏུ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་པ་ཞིའི་འཕེལ་རྒྱས་འཐབ་ཇུས་དང་སྦྲེལ་མཐུད་བྱ་རྒྱུ་ཡིན་ལ། དེ་ནི་ཀྲུང་གོ་དང་པ་ཞིའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་དུས་སྐབས་གཞན་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་འཛམ་གླིང་ཧྲིལ་པོའི་རང་བཞིན་དང་འཐབ་ཇུས་རང་བཞིན། ཕུགས་ཕན་རང་བཞིན་བཅས་མངོན་ཐུབ་ལ། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱི་ཡོངས་ཁྱབ་ཀྱི་རེ་ལྟོས་དང་སྒོ་ཀུན་ནས་མཐུན་ཞིང་། ཕྱོགས་གཉིས་ཀས་རང་རང་སོ་སོའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་དང་འདེགས་སྐྱོར་མཁོ་འདོན་བྱེད་ཐུབ། དུས་མཚུངས་སུ། ཀྲུང་གོ་དང་པ་ཞིས་ལག་གདང་མཉམ་དུ་སྦྲེལ་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་དང་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ཀྱང་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ། མིའི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་སྟེ། དུས་རབས་གསར་པའི་ཀྲུང་གོ་དང་པ་ཞིའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕན་ཚུན་བར་རྒྱབ་སྐྱོར་བྱེད་པའི“ལས་རོགས་ཡག་ཤོས”བྱས་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་སྐྲུན་པ་དང་སྔར་ལས་དྲང་གཞག་གི་འཛམ་གླིང་སྐྲུན་པ། སྔར་ལས་རྒྱུན་མཐུད་ཐུབ་པའི་འཛམ་གླིང་ཧྲིལ་པོའི་དམིགས་འབེན་གྱི་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་སྐྱོད་བྱས་ཏེ། མིའི་རིགས་ཀྱི་ཞི་བདེ་དང་ཡར་ཐོན་བྱ་གཞག་གི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད་ཅེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀའི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་གྲོས་འགོ་བཞི་བཏོན་ཡོད་དེ། གཅིག་ནི་ལས་སྐལ་གཅིག་ཏུ་འབྲེལ་བའི་དབང་གིས་འཐབ་ཇུས་ཀྱི་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས། བདག་དབང་དང་བདེ་འཇགས། མངའ་ཁོངས་ཆ་ཚང་སོགས་ཁེ་ཕན་གཙོ་བོ་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཕན་ཚུན་ཡིད་ཆེས་བྱེད་པའི་འཐབ་ཇུས་ཟླ་གྲོགས་དང་། འཛམ་གླིང་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་མིག་དཔེ་བྱེད་དགོས། རིག་གནས་དང་སློབ་གསོ། ན་གཞོན་སོགས་ཁྱབ་ཁོངས་ཀྱི་མི་གཞུང་རིག་གནས་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པའི་དམངས་འདོད་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། གཉིས་ནི་མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་ནས། འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་འདྲིས་མུ་མཐུད་ཟབ་སྤེལ་གཏོང་དགོས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དང་པ་ཞི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་དང་འབྲེལ་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ནས། དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་ཆས། དངུལ་རྩ། ཚན་རྩལ། ཁོར་ཡུག་སྲུང་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་གཏོང་བ་དང་། མཁའ་སྐྱོད་དང་ཞིང་ལས་ཚན་རྩལ། ནུས་ཁུངས་གཙང་མ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱ་རྒྱུ་དེ་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་གནས་བབ་གལ་ཆེན་སྟེང་བཞག་ནས། པ་ཞི་ཕྱོགས་ཀྱིས་བཏོན་པའི“བཀྲེས་ལྟོགས་མེད་པའི”འཆར་གཞིར་རྒྱབ་སྐྱོར་བྱེད་པ་དང་། པ་ཞི་ཕྱོགས་དང་མཉམ་དུ། དབུལ་སེལ་མཉམ་ལས་ལ་མུ་མཐུད་དུ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀའི་མི་དམངས་ཀྱིས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པར་འབད་རྒྱུ་ཡིན། གསུམ་ནི་སྐྱིད་སྡུག་མཉམ་མྱོང་བྱས་ཏེ་འཛམ་གླིང་གི་ཞི་བདེ་དང་དྲང་བདེན་ལ་སྲུང་སྐྱོབ་བྱ་ཆེད་རྒྱལ་ཁབ་གཉིས་ཀྱི་སྟོབས་ཤུགས་མངོན་པར་བྱེད་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱས་ནས་སྐད་ཆ་དྲང་མོར་བཤད་པ་དང་བྱ་བ་དྲང་གཞག་ངང་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞིའི་རྒྱལ་སྤྱིའི་གོ་གནས་དང་ཤུགས་རྐྱེན་ཐེབས་ཚད་ལ་སྔར་ལས་མཐོང་ཆེན་བྱེད་རྒྱུ་དང་། རྒྱལ་སྤྱིའི་གར་སྟེགས་སྟེང་དུ་པ་ཞི་ཡིས་སྔར་ལས་ནུས་པ་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། པ་ཞི་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱུ་དང་། པ་ཞི་ཡིས་སང་ལོའི་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱེད་པ། “གསེར་གྱོམ་མཉམ་ལས་ཆེན་མོའི”སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་འཛམ་གླིང་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུའི་ཐད་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་སྐད་སྒྲ་སྔར་ལས་ཆེན་པོ་འདོན་འདོད་ཡོད། བཞི་ནི་སྐྱིད་སྡུག་མཉམ་མྱོང་བྱས་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཆེད་ཀྲུང་གོ་དང་པ་ཞི་ཡི་ལེགས་སྐྱེས་འབུལ་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀས་ཀུན་གྱི་སྣེ་ཁྲིད་དེ། མཉམ་གྲོས་མཉམ་ཞིབ་དང“མཉམ་དུ་ཕན་འབྲས”ཐོན་རྒྱུར་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་འབྲེལ་བའི་འཛམ་གླིང་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་འཇལ་དགོས། ལྗང་མདོག་ཚུལ་སྒྱུར་དང་རྒྱུན་མཐུད་འཕེལ་རྒྱས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། མི་ཐབས་རིག་ནུས་བཅོས་སྐྱོང་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་པ་ཞིའི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》འགོད་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་སུམ་ཅུ་པ་ཡག་པོར་བསྡུ་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད་ཅེས་གསུངས།
ཞི་ཅིན་ཕིང་གིས་ལོ་བཅུའི་སྔོན་ལ་ངས་པ་ཞི་ལིས་ཡ་རུ། ལཱ་ཏིང་མེ་གླིང་དང་ཅ་ལེ་པིའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས་ནས། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་འབྲེལ་བ་འདྲ་མཉམ་དང་གཉིས་ཕན། གསར་གཏོད། སྒོ་འབྱེད། དམངས་ཕན་བཅས་ཀྱི་དུས་རབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་མུ་མཐུད་ཡག་པོར་གཉེར་ནས། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་མཉམ་དུ་སྐྲུན་རྒྱུ་དེ་ལཱ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་འཕེལ་རྒྱས་ཀྱི་ལེགས་ཆ་དང་དགོས་མཁོའི་བར་སྦྲེལ་མཐུད་སྔར་ལས་གང་ལེགས་བྱས་ཏེ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་གྲུབ་འབྲས་སྔར་ལས་མང་པོ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།
ལུའུ་ལཱ་ཡིས་པ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་མཉམ་ལས་མུ་མཐུད་ཟབ་སྤེལ་བཏང་ནས། ཝུའུ་ཁི་ལན་གྱི་ཉམས་ཉེན་སོགས་ཀྱི་གནད་དོན་ཚ་ཤོས་ཞི་བའི་ངང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་འཇོག་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་འདི་ནི་པ་ཞི་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་གསར་པ་ཞིག་ཏུ་གྱུར་ནས། རྒྱལ་ཁབ་གཉིས་ཀྱིས་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་ལེའུ་གསར་པ་བརྩམས་ཡོད་ཅེས་བསྟན།
གྲོས་མོལ་གནང་ཚར་རྗེས། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ལག་གདང་མཉམ་དུ་སྦྲེལ་ནས་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་འཛམ་གླིང་བསྐྲུན་པའི་སྐོར་གྱི་ཀྲུང་གོ་དང་པ་ཞིའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་མཉམ་འབྲེལ་གསལ་བསྒྲགས》སྟེང་མཉམ་དུ་མཚན་བཀོད།
རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་པ་ཞི་རྒྱལ་ཕྲན་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ“མགྱོགས་མྱུར་འཕར་སྣོན་འཆར་གཞི”དང་།“པ་ཞིའི་བཟོ་ལས་གསར་པའི་འཆར་གཞི”།“སྐྱེ་ཁམས་ཚུལ་སྒྱུར་འཆར་གཞི”། “ཨ་ཧྥེ་རི་ཁ་ལྷོ་མའི་གཞི་གཅིག་ཅན་གྱི་ལམ་ཕྱོགས་འཆར་གཞི”བཅས་ལ་སྦྲེལ་མཐུད་བྱེད་པའི་སྐོར་གྱི་མཉམ་ལས་འཆར་འགོད》བཀོད་པར་མཉམ་དུ་བདེན་དཔང་གནང་།
འཚམས་འདྲི་གནང་བའི་རིང་ལ། ཕྱོགས་གཉིས་ཀས་ད་དུང་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ཞིང་ལས། གཞི་གྲངས་དཔལ་འབྱོར། རྒྱུན་མཐུད་འཕེལ་རྒྱས། ཚན་རྩལ། མི་ཐབས་རིག་ནུས། འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་ཀའི་མཉམ་ལས་ཡིག་ཆ30ལྷག་བཀོད།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གི་བྱེད་སྒོར་ཞུགས།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།