ཁམས་ཟླ་སྲས་ཀྱི་རྩོམ་ཡིག་ཆེད་བཀོད། ༣

文摘   2025-01-07 20:35   西藏  


ངག་དབང་དབྱངས་ཅན་ལྷ་མོ།


དབྱངས་གསལ་མེ་ཏོག་བཀྲ་བའི་སྤང་ཐང་གི།  །

ཞི་ཉམས་སྒེག་པའི་ཆ་སྤྲས་ན་ཆུང་མ།  །

ཁྱེད་ཞལ་དུང་གི་ཟླ་བའི་རྣམ་འགྱུར་དེས།  །

གཡུ་སྦྲང་བུང་བའི་ཚོགས་ཀྱི་མིག་དབང་འཕྲོག  །


ཁྱེད་ཀྱི་བྱམས་བརྩེ་ནམ་མཁའི་ཁྱོན་ལས་ཡངས།  །

བདག་གི་དད་པ་གཏན་དུ་འགྱུར་བ་མེད།  །

འཇིག་རྟེན་སྐྱིད་ལ་སྡུག་པའི་ཉིན་སྲིབ་ནས།  །

ངག་རིག་དབྱངས་ཀྱི་མན་ངག་གནང་བར་ཞུ།  །


ཁྱེད་ཀྱིས་ཞབས་དྲུང་ཕེབས་པའི་སྐབས་དབེན་ཡང་།  །

ལན་ཅིག་མཇལ་བའི་བསོད་ནམས་དེ་བས་ཆོག  །

མ་དག་སྲིད་པའི་གྲོང་གི་མགྲོན་པོ་ང་།  །

སྐྱིད་སྡུག་གང་ལ་འཕྲད་ཀྱང་ཁྱེད་ཀྱིས་མཁྱེན།  །


སྙན་པའི་དབྱངས་ལ་དཔྱིད་ཀྱི་ཁུ་བྱུག་ཐོགས།  །

བྲིས་པའི་ཤོག་ངོས་ཚིག་གི་མེ་ཏོག་བབས།  །

ང་ཡི་སོར་རྩེའི་འཇའ་ཡི་གུར་ཁང་ནང་།  །

སྒྲ་དབྱངས་ལྷ་མོ་བཞུགས་ན་དགའ་བ་ལ།  །


ཁྱེད་ཀྱི་དྲུག་འགྱུར་ཚངས་པའི་པི་ཝང་གིས།  །

བདག་སོགས་མུན་པའི་ཀློང་དུ་གཉིད་ལས་བསངས།  །

དེ་བས་རྒྱལ་ཡུམ་ངག་གི་ལྷ་ཁྱེད་ལ།  །

མི་ཕྱེད་དད་གུས་ཆེ་བ་མཁྱེན་ལགས་སམ།  །


གང་གི་སྐུ་ཡི་བཀོད་པ་ཅི་མཛེས་པ།  ། 

ལན་ཙམ་མཇལ་ན་བསོད་ནམས་ཆེ་བའི་རྟགས།  །

འཛུམ་གྱི་པད་མ་དཀར་པོའི་འཇོ་སྒེག་གི།  །

ཞལ་རས་སྲིད་ན་མཛེས་པའི་ཟླ་བ་ཉིད།  །


འདི་ན་ངག་རིག་ཚིག་གི་འགྱུར་ཁུག་ལས།  །

མི་རྟག་འཁོར་བའི་ཚུལ་ལ་སྐྱོ་མགུར་དང་།  །

སྙིང་གི་དཀྱིལ་དུ་བཞུགས་པའི་ལྷ་ཡི་ལྷ།  །

ཚངས་སྲས་བསྟོད་པའི་སྒྲ་དབྱངས་ལ་སོགས་རྡོལ།  །


འབྱོར་རྒྱས་ཕྱུག་པོའི་མི་ལ་དགའ་རྒྱུ་མེད།  །

མཁོས་ཆུང་སྤྲང་བའི་ཚུགས་ལ་ཞེ་ལོག་མེད།  །

ད་ཡོད་མི་ཚེ་འདི་ཡི་གཙང་འགྲམ་དུ།  །

ཁྱེད་རང་གཅིག་པུ་འཚོལ་དུ་ཕྱིན་པ་ཡིན།  །


ད་ཡང་དགུན་གྱི་གྲང་བ་ཇེ་ཆེ་རེད།  །

སྐྱོ་གདུང་ཁ་བའི་འདབ་མ་ས་ལ་འཐོར།  །

ང་ཡི་སེམས་འདི་སོས་ཀའི་གནམ་ངོ་བཞིན།  །

ལན་རེར་དགའ་བས་ཁེངས་ལ་སྐྱོ་བས་མནར།  །

སྣང་སྟོང་སྒྱུ་མའི་གར་སྟབས།


མདུན་གྱི་སྤྲིན་དཀར་ཕར་ལ་བཞུད་སྟངས་ཡག་གི།  །
རེ་བའི་ཉི་ཟེར་ཚུར་ཚུར་སླེབ་པ་ཅི་སྨྲ།  །
རྒྱབ་ཀྱི་གངས་རི་མཐོན་པོ་རེ་རྩེར་ཟུག་དུས།  །
བརྩེ་ཆེན་ཟླ་བའི་ངོགས་ནས་ཁྱེད་ལ་མཇལ་ཡོད།  །

ཕྱག་སོར་སྙུ་གུའི་དབུས་ནས་གཏན་དུ་འབོད་པའི།  །
རིག་བྱེད་ངག་གི་རྒྱལ་མོའི་གསན་ཙམ་མཛོད་དང་།  །
ཁོ་བོའི་སྙིང་སྟོབས་ཞུམ་མེད་མདུན་དུ་སྐྱོད་དུས།  །
བྱིན་རླབས་བརྩེ་བའི་གྲུ་ཆར་འབབ་རན་མིན་ནམ།  །

རེ་བའི་རླུང་རྟ་ཡུག་ཅིག་མཁའ་ནས་སྤུར་དུས།  །
འཇའ་ཚོན་འོད་ལྔའི་མཛེས་སྡུག་ཐགས་སུ་བྲན་དུས།  །
དད་ལྡན་འཁོར་བའི་བུ་ཆུང་ཁེར་རྐྱང་ཡིན་པས།  །
ངག་རིག་དབྱངས་ཀྱི་འཁྲིས་སུ་ཁྱེད་རང་བཞུགས་རོགས།  །

ཕ་ཀི་མཚོ་ལ་ཡན་པའི་ལྷ་བྱ་ཁྲུང་ཁྲུང་།  །
ཁྱོད་རང་རྒྱང་ལ་འཕུར་བའི་ལམ་གཞོག་དེ་ནས།  །
ང་ཡི་རེ་འདུན་འཆང་བའི་ལྷ་དང་མཇལ་ན།  །
གཏན་དུ་ཁྱེད་རང་གཅིག་པུར་སྒུག་ཅེས་ལབ་ཤོག  །

སྒྱུ་མའི་རྦ་རླབས་འཁྲིགས་པའི་རྒྱ་མཚོའི་ངོགས་སུ།  །
མཛའ་མཐུན་ངང་བའི་ཁྱུ་ཚོགས་ཅི་དགར་རྩེན་དུས།  །
མཚོ་མཐའ་གཙང་བོའི་འགྲམ་དུ་མི་ཚེ་བསྐྱལ་བའི།  །
འཁོར་འདས་གླུ་རུ་ལེན་མཁན་སུ་ཞིག་ཡིན་འགྲོ།  །

སྟོང་བའི་དབྱིངས་ལ་རྩེན་པའི་རིག་བྱེད་ལྷ་མོ།  །
ཁོ་བོའི་མིག་ཟུང་ཁྱེད་ཀྱི་མདངས་ལ་ཐོགས་པས།  །
འདི་སྣང་སྒྱུ་མའི་གསེབ་ནས་མི་འགྲིག་མ་གསུང་།  །
བདག་གིས་ཚེ་རབས་སྔོན་མའི་ལས་འཕྲོ་སྒུག་ཡོད།  །

མི་ཚེ་དགའ་སྐྱོའི་ཚོར་འདུ་དབྱངས་ལ་ཕབ་ཡོད།  །
རིག་བྱེད་སྙན་པའི་འགྱུར་ཁུག་ངག་ནས་གྱེར་ཡོད།  །
འདི་སྣང་མི་རྟག་འཁོར་བའི་ཐང་ཆེན་དེ་ནས།  །
སྣང་བ་གླུ་རུ་ལེན་བཞིན་མི་ཚེ་བསྐྱལ་ཡོད།  །

ཆུང་གྲོགས་ཡིད་ཀྱི་མཛའ་མོར་ལས་དབང་མ་ཡོད།  །
རི་སུལ་དབེན་པའི་གྲོང་ནས་ཁེར་རྐྱང་ལུས་སོང་།  །
ཉིན་བཞིན་ཚོར་བའི་རུམ་ནས་རྒུན་ཆང་མངར་མོ།  །
འཐུང་བཞིན་དབྱངས་ཅན་ལྷ་མོ་གྲོགས་སུ་བཀུག་ཡོད།  །

འཁོར་བའི་མྱ་ངན་ཐང་གི་གཞོན་པ་ང་ཚོས།  །
ཀུན་རྟོག་ཚོར་བའི་ཉམས་མྱོང་ངག་ལ་བརྒྱུས་ཏེ།  །
སྡེབ་ལེགས་ཚིག་གི་རྒྱན་དུ་པིར་གྱིས་བྲིས་པའི།  །
སྣ་ཚོགས་དབྱངས་ཀྱི་ཤོག་ཧྲུལ་གྲངས་ཀྱིས་མི་ཆོད།  །

རྟེན་འབྱུང་སྒྱུ་མའི་ལྷས་ནས་ངལ་གསོ་བསྟེན་ཏེ།  །
སྙན་འཇེབས་ངག་གི་དབྱངས་རྟའི་མན་ངག་བསམ་ནས།  །
ཚེ་ཡི་ཕྱེད་ཀ་སྟོང་གསུམ་ཁོ་ནས་རྫོགས་སོང་།  །
ཀྱེ་ཧུད་མི་རྟག་འཁོར་བར་སྙིང་བོ་འདུག་གམ།  །

རི་མོའི་ཁ་དོག་དགུ་ཕྲུགས།


སྣང་བ་དབྱངས་ཀྱི་མེ་ལོང་ངོས་སུ།  །
དགའ་སྐྱིད་ཚོར་བའི་མེ་ཏོག་སྤུད་དུས།  །
རྗེས་ཆགས་ཉམས་བརྒྱའི་ཕྱག་སོར་རྩེ་ནས།  །
སྙན་ཚིག་དབྱངས་ཀྱི་སྦྲང་ཆར་བབ་སོང་།  །

སྲིད་པ་འཁོར་བའི་རི་གསུམ་རྩེ་ན།  །
ཨ་ཅག་འཛུམ་གྱི་མིག་ཟུང་ཀེམ་ཀེམ།  །
དམར་སྣུམ་མཆུ་ཡི་འོ་དྲི་མྱོང་ན།  །
བརྩེ་སེམས་མཐུན་པའི་ཨ་ལོང་ཡིན་འགྲོ།  །

སྙིང་བོ་མེད་པའི་འཁོར་བའི་ནགས་ནས།  །
དཔྱིད་དཔལ་དབྱངས་ཀྱི་མི་མོར་འགྲོགས་ཤིང་།  །
གཉེན་ཉེ་སྐར་ཚོགས་རྒྱབ་ཏུ་གཡུག་ཏེ།  །
རི་ལ་བྲོས་པའི་ཆོས་པ་སྐྱིད་སོང་།  །

ཟླ་འོད་དཀྱིལ་གྱི་མགུར་གླུ་སྙན་མོ།  །
རབ་དབྱངས་ངག་གི་གཤིས་སུ་དྲངས་དུས།  །
དྲན་ངོགས་ཚོར་བའི་སུམ་མདོ་དེ་ན།  །
རྨི་ལམ་ནང་གི་མཛའ་མོར་སྒུག་ཡོད།  །

ཆུ་འཛིན་འཁྲིགས་པའི་གནམ་འཕང་དེ་ནས།  །
རིན་ཆེན་རྒྱུད་མངས་ཕྱག་ཏུ་བསྣམས་ཏེ།  །
ཁམས་གསུམ་རྨོངས་པའི་གཉིད་ལས་དཀྲོག་མ།  །
སྙན་འཇེབས་ངག་གི་ཚེ་སྲོག་སྦྱིན་མ།  །

འཁོར་བའི་ནང་གི་དཀའ་སྡུག་ཡོད་ཚད།  །
མིང་དང་ཚིག་གིས་དབྱངས་ལ་ཕོབ་དང་།  །
འཇའ་ཚོན་འོད་ལྔའི་གུར་ཁང་ནང་གི།  །
མཛངས་མ་མཁའ་འགྲོའི་རྗེས་སུ་གཟུང་འགྲོ།  །

མི་ཚེའི་རྡོག་ལམ་གྲངས་ཀྱིས་མི་ཆོད།  །
ལས་ཀྱིས་བསྐོས་པའི་ལམ་དེ་བགྲོད་དང་།  །
མ་འོངས་འཁོར་བའི་སྤང་གི་གཞུང་དུ།  །
རང་དང་འཚམས་པའི་འཇིག་རྟེན་ཞིག་ཡོད།  །

ཚོར་བའི་གསེབ་ཀྱི་རི་མོ་དགུ་ཕྲུགས།  །
སེམས་ལ་བྲིས་ཤིང་ཤོག་ངོས་ཕབ་ཏེ།  །
རིག་བྱེད་སྙན་པའི་གཞུང་ལ་དྲངས་ན།  །
ཀུན་རྟོག་ཡིད་ཀྱིས་ཚོར་བས་ཟིན་འགྲོ།  །

འཕྲང་དོག་འཁོར་བའི་རི་ལམ་བརྒྱུད་དུས།  །
ཉི་ཟེར་འཛུམ་པའི་དྲོད་ལ་བསྟེན་ཏེ།  །
ལྷག་རླུང་ལྡང་བའི་ངང་ཚུལ་དག་ལ།  །
ཚོར་བས་བསླས་པའི་སྙན་ངག་བྲིས་མྱོང་།  །

སྨག་རུམ་འཐུག་པོའི་ནང་ལ་ལུས་ཤིང་།  །
བསིལ་ཟེར་ཟླ་བའི་མདངས་ལ་བལྟས་ཏེ།  །
རིག་བྱེད་ངག་གི་སྙན་པ་སྒྲོགས་པའི།  །
དབྱངས་ཅན་འབོད་པའི་ལས་སུ་བྲེལ་ཡོད།  །

སྒེག་འཛུམ་མིག་གིས་མདའ་མོ་འཕེན་པའི།  །
ཆུང་གྲོགས་ཡིད་ཀྱི་གངས་ལྷ་མེ་ཏོག   །
སྙན་པའི་ཝུ་ཆང་བཏུང་ལ་ཕེབས་དང་།  །
མི་ཚེའི་སྐྱོ་གདུང་གླུ་རུ་དགུག་ཆོག །

རྩོམ་པ་པོའི། ངོ་སྤྲོད་ཉུང་ངུ་།


    ཁམས་ཟླ་སྲས། དངོས་མིང་ལ་བསོད་ནམས་དཔལ་ལྡན་ཟེར། སྟོང་ལོ་གཉིས་ལོར། སི་ཁྲོན་དཔལ་ཡུལ་རྫོང་གི་ཉེ་འགྲམ་གྱི་གླིང་ཨ་ཚབ་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་འབྲོག་ཐང་དུ་རྟ་ནོར་ལུག་གསུམ་གྱི་རྫི་བོ་བྱས་ཤིང་། དེ་རྗེས་ཁྲོཾ་མདའ་ཁོ་དགོན་དུ་འབྲི་ཀློག་བྱས་མཐར། ནང་བསྟན་རིག་གཞུང་སློབ་གཉེར་གྱི་ཞོར་ནས་སྲོལ་རྒྱུན་སྙན་ངག་ལ་འབད་འབུངས་བྱས། སྔ་གཞུགས་སུ། 《ཁམས་པའི་ཚགས་པར།》《མཚོ་སྔོན་བོད་ཡིག་གསར་འགྱུར།》  《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།》《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ《མདོ་ལ་ཚགས་པར།》《བོད་ལྗོངས་ཉིན་རེ་ཚགས་པར།》  《བོད་ལྗོངས་ཁྲིམས་ལུགས་ཚགས་པར།》《རྔ་བའི་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཚོ་ལྷོ་བོད་ཡིག་ཚགས་པར།》སོགས་སུ་རྩོམ་ཡིག་མང་ཙམ་བཀོད། བོད་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ང་རོའི་ཆོ་འཕྲུལ་ཚང་གི་ཚོགས་མི་དང་། མེ་ལོང་མའི་གཞིས་ཁྱིམ་ཚང་གི་ཚོགས་མི། དབྱངས་ཀྱི་མེ་ལོང་ཚན་སྡེབ་ཚང་གི་ཚོགས་མི་བཅས་ཡིན། ད་ལྟ་ཁམས་ཀྱི་ཆོས་སྡེ་ཆེན་མོ་ཁྲོཾ་རྡོ་ཁོལ་དགོན་བརྩེ་ཆེན་བསྟན་རྒྱས་གླིང་དུ་ནང་བསྟན་རིག་གཞུང་ལ་སློབ་གཉེར་བྱེད་མུས་སུ་མཆིས།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章