༢༠༢༤ལོའི་འཇམ་མགོན་ས་པཎ་རྗེས་དྲན་ཚོགས་པར་གནང་བའི་གསུངས་གླེང་། 4

文摘   2025-01-08 22:40   西藏  

སྡོམ་རབ་དབྱེའི་དགག་སྒྲུབ་ཀྱི་གོ་རིམ་མདོར་ཙམ་གླེང་བ།


༡༽སྤྱིར་བོད་ལ་བསྟན་པ་སྔར་དར་སྐབས་ཆོས་ལོག་བྱུང་ཚུལ།

སྤྱིར་རྒྱ་ནག་གི་ཡུལ་དུ་ནང་པའི་བསྟན་པ་དར་བ་ལ་བརྒྱུད་པ་རྣམ་པ་ལྔ་རུ་གྲགས་པ་བྱུང་ཡོད། 

འདུལ་བའི་བསྟན་པའི་བརྒྱུད་པ།

གསང་སྔགས་ཀྱི་བསྟན་པའི་བརྒྱུད་པ།

རྒྱ་ཆེན་སྤྱོད་པའི་བརྒྱུད་པ། 

ཟབ་མོ་ལྟ་བའི་བརྒྱུད་པ། 

སྙིང་པོ་དོན་གྱི་བརྒྱུད་པ།

བོད་ལ་དར་བའི་བརྒྱུད་པ་ནི་ལྔ་པ་སྙིང་པོ་དོན་བརྒྱུད་ཀྱི་ཁོངས་གཏོག།

ཧྭ་ཤང་མ་ཧཱ་ཡ་ནས་མཛད་པ་གྲགས་པའི་བསྟན་བཅོས་ལྔ།

བསམ་གཏན་ཉལ་བའི་འཁོར་ལོ།

བསམ་གཏན་ལོན།

ཡང་ལོན། 

ལྟ་བའི་རྒྱབ་ཤ།

མདོ་སྡེ་བརྒྱད་བཅུའི་ཁུངས།

དེ་དག་གི་དགག་ལེན་ཀཱ་མ་ལཱ་ཤི་ལས། སྒོམ་རིམ་ཐོག་བར་གསུམ་མཛད།


༢༽སྡོམ་གསུམ་རབ་དབྱེ་རྩོམ་པའི་རྒྱུ་རྐྱེན།

ཆོས་རྗེ་ཉིད་ཀྱིས་རབ་དབྱེ་ལས།  བདག་ནི་སངས་རྒྱས་བསྟན་པ་ལ། །མི་ཕྱེད་པ་ཡི་དད་པ་ཡོད། །འོན་ཀྱང་སངས་རྒྱས་བསྟན་པ་ལ། །འཁྲུལ་བ་སྤྱོད་ལ་བདག་མ་དད། །

ཡང་དེ་ཉིད་ལས།

དེང་སང་གངས་རིའི་ཁྲོད་འདི་ན། །རིགས་པས་བསྒྲུབ་པར་མི་ནུས་ཤིང་། །སངས་རྒྱས་བསྟན་དང་འགལ་བ་ཡི། །འཁྲུལ་པ་གསར་པ་དུ་མ་བྱུང་། །


ཡང་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞུ་འཕྲིན་ལས། དེང་སང་སྔགས་ལ་མོས་པ་མང་།  །གསང་སྔགས་སློབ་པ་ཤིན་ཏུ་ཉུང་། །བློ་གསལ་རྣམས་ཀྱིས་འབད་ན་ཡང་། །རྒྱུད་སྡེའི་དགོངས་པ་ཤེས་དཀའ་ན། །བླུན་པོ་མ་བསླབས་པ་རྣམས་ཀྱིས། །རྒྱུད་སྡེའི་དགོངས་པ་ག་ལ་ཤེས། །དང་པོ་མཁས་པ་མི་བསྟེན་པར། །ཕྱི་ནས་སློབ་མ་སྡུད་པ་མཐོང་། དེ་ཡི་སྟོབས་ཀྱིས་གསང་སྔགས་ལ། །ནོར་བའི་རྣམ་བཞག་དུ་མ་མཐོང་། །

ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པས།

རྩོམ་རྐྱེན་འདི་ལྟར་གསུང་པ་དྲངས་ན།

རྗེ་བཙུན་འཇམ་དབྱངས་ཀྱི་རྣམ་འཕྲུལ་མཁས་པ་ཆེན་པོ་དེས་བསྲེག་བཅད་བརྡར་བས་གསེར་རྟོག་ཏུ་གཞུག་པ་ལྟར། ཆོས་ཟབ་མོ་ལ་དཔྱད་པ་མཛད་པའང་། དུས་དེར་བཀའ་རྒྱུད་འདིའི་བསྟན་པ་དར་རྒྱས་ཆེས། ཆོས་སྐད་དང་གནས་ཀྱི་ཁ་འཛིན་བཟང་པས། དེ་དག་གི་དྲེགས་པ་གཞོམ་པ་དང་། རྣམ་པར་དཔྱོད་པའི་སྒོར་འགྱུར་བའི་དགོས་པ་གཟིགས་ནས།  ལ་ལར་གཞད་གད་ཀྱི་ཚུལ་དང་།  ལ་ལར་ཕ་རོལ་གྱི་བློ་གྲོས་ཀྱི་མཐའ་དཔོག་པ་དང་། སྐབས་འགར་དཔྱད་གཞི་ཅུང་ཟད་ཡོད་པ་ལ་སྒྲོ་འདོགས་ཆེར་སྤེལ་བ་སོགས་སྣ་ཚོགས་གསུངས་པ་ལ་དགག་ལན་དུ་མིང་བཏགས་པ་དཀྱུས་ཅིག་ལ་མེད་ཀྱང་། ཆག་ལོའི་དྲི་བ་དང་། བཅོམ་ལྡན་རལ་གྱི་དང་། ཁྲོ་ཕུའི་ཆོས་འཆད་པ་བཟང་རིངས་སོགས་དཔྱད་པ་བྱེད་པ་སྔར་བྱུང་ཞིང་། ཞེས་གསུངས་སོ། །


༣༽སྡོམ་གསུམ་རབ་དབྱེ་རྩོམ་པའི་དུས་ཚོད།

ཆོས་རྗེ་ས་སྐྱ་པཎ་ཆེན་དགུང་ལོ་ང་གཅིག་སྟེ་སྤྱི་ལོ་༡༢༣༣ལོར་མཛད།


༤༽ཐོག་མ་ས་འབྲི་འཁྲུག་རྐྱེན་རགས་ཙམ་ཞུས་ན།

སྤྱི་ལོ་༡༢༣༤ལོ་ལ་འབྲི་གུང་དབོན་རིན་པོ་ཆེ་བསོད་ནམས་གྲགས་པ་སྐུ་གཤེགས་ནས་འབྲི་གུང་གི་སྒོམ་ཆེན་འགའ་གངས་སྐོར་ཕེབས་སྐབས་སུ་འཇམ་མགོན་ས་པཎ་མཇལ་ཁ་ཕེབས་གོ་ལོག་ཐེབས་པ་འཁྲུག་རྐྱེན་དང་པོ།

དངོས་ཀྱི་འཁྲུག་རྐྱེན་གཉིས།  

ཕག་གྲུ་སྡེ་སྲིད་བསྐོ་བཞག་བྱེད་ཕྱོགས་སྐོར་ནས།


༥༽ས་འབྲིའི་འབྲེལ་བ།

དཔའ་བོ་གཙུག་ལག་ཕྲེང་བ། 

ཆོས་འབྱུང་མཁས་པའི་དགའ་ལས།

ཧོར་གྱི་ལུང་ཐོག་མ་བོད་ལ་རྒྱུག་པའི་དུས་རྗེ་སྤྱན་སྔ་བླ་མཆོད་ལ་སྤྱན་དྲངས་པ་ན། རྗེ་ས་པཎ་སྤྱན་འདྲེན་པར་ཐབས་ཀྱིས་བསྐུལ་ཏེ་མི་ཉག་བྱང་ངོས་ཀྱི་རྒྱལ་བུ་གོ་དན་ལ་བསྙུན་མཛེ་བྱུང་བ་སེལ་བའི་ཕྱིར་རྗེ་བཙུན་ས་པཎ་སྤྱན་འདྲེན་བྱུང་བ་ན། འབྲི་གུང་ནས་ཀྱང་ནན་གྱིས་བོད་སྤྱིའི་དོན་དུ་ཐེགས་དགོས་པར་ཞུས་ཏེ་སྔོན་རྗེ་བཙུན་གྲགས་པའི་གསུང་ནས་མ་འོངས་པ་བྱང་ཕྱོགས་ནས་ཞྭ་མོ་ཁྲ་འདྲ་བ། ལྷམ་ཕག་སྣ་འདྲ་བ་གྱོན་པ། སྐད་རིགས་མི་གཅིག་པའི་གདན་འདྲེན་འབྱུང་བས་དེར་སོང་དང་བསྟན་པ་ལ་ཕན་ཞེས་གསུངས་པའི་ལུང་བསྟན་དང་དུས་མཚུངས་ཏེ་ཆོས་རྗེ་ཉིད་དྲུག་བཅུ་རྩ་གསུམ་དང་དབོན་པོ་འཕགས་པ་དགུང་ལོ་བཅུ་དང་ཕྱག་ན་དགུང་ལོ་དྲུག་བཞེས་པ་ཤིང་ཕོ་འབྲུག་གི་ལོ་ལ་ཁུ་དབོན་གསུམ་ས་སྐྱ་ནས་བཏེག །འབྲི་གུང་ནས་རྫོང་བ་ཕུལ་ཏེ་བྱོན།

བླ་མ་དམ་པ་བསོད་ནམས་རྒྱལ་གྱི་རྣམ་ཐར།

ལོ་ཆེན་བྱང་ཆུབ་རྩེ་མོས་མཛད། 

འབྲི་གུང་པས་མཁར་བ་རིར་གདན་དྲངས་ཏེ། སྒོམ་པ་ཤཱཀྱ་བཟང་པོས།  འཇིགས་བྱེད་ཀྱི་དབང་བསྐུར་ཞུས་ཤིང་ཞབས་ཏོག་རྒྱ་ཆེར་བསྒྲུབས་ཞེས་དང་།

ཡང་དེ་ཉིད་ལས། ཚལ་པས་སྤྱན་དྲངས་ནས་ཆེན་པོ་ཡབ་སྲས་ཀྱིས་ཆོས་ཞུས་ཞེས་དང་།

ཡང་དེ་ཉིད་ལས། དེ་ནས་ཕག་ལོ་ལ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་པ། དཔོན་ཆེན་རྒྱལ་བཟང་པས་གདན་དྲངས་པ་ལ་བརྟེན་ནས།  དབུས་སུ་འཁྲུག་པ་ཆེན་པོ་བྱུང་བའི་དུས་སུ།  དྲུང་གདན་འདྲེན་པ་བྱུང་བ་དང་།  ཁྱད་པར་ཏཱ་སི་ཏུ་བ་རང་གི་ཕྱག་བྲིས་ཀྱི་ཞུ་ཡིག་ཤངས་ནས་བྱུང་པ་ཕྱག་ཏུ་འཕྲོད་པས་ཐུགས་ཆེས། ཞེས་དང་།  དེ་ནས་རྟ་ལོའི་དཔྱིད་སྐུ་ཞང་ཡེ་ཤེས་ཀུན་དགའ་བ།  ཡར་ལུང་པས་བཟུང་བས་འདོན་པ་ལ་ཞ་ལུ་བས་གདན་དྲངས་ཏེ།  དབུས་སུ་བྱོན་ཏེ།  གོང་དཀར་དུ་ཏཱའི་སི་ཏུ་བ་ལ་ཞལ་ཏ་མཛད་ནས་སྐུ་ཞང་གྲོལ་ཞིང་།  དཔོན་ཆེན་རྒྱལ་བཟང་པ་དང་ཕག་མོ་གྲུ་པའི་ཁྲིག་མཛད་དེ་ལྷ་སར་བྱོན།


༦༽སྡོམ་གསུམ་རབ་དབྱེ་ལས་ཚིག་ཟིན་དུ་བཏོན་པའི་ཕྱོགས་སྔའི་རྐང་གྲངས་རག་རྩིས།

གསང་སྔགས་རྙིང་མ་པ། ༧

ཕྱག་རྒྱ་པ། ༢༨

བཀའ་གདམ་པ། ༡༥

ཞི་བྱེད་པ། ༡

གཅོད་ཡུལ་བ། ༡

གསང་འདུས་སྟོད་ལུགས་པ། ༢

འདུལ་བ་སྟོད་ལུགས་པ། ༡

མིང་བྱེ་བྲག་པ་མི་གསལ་བ་བོད་ལ་ལ། ༡༡

ཁ་ཅིག་སོགས་ཀྱི་ཁ་གསལ་བ་རགས་རྩིས་བསྡམས་པས། ༼༦༦༽


༧༽ སྡོམ་གསུམ་རབ་དབྱེའི་དགོངས་འགྲེལ་བྱུང་ཚུལ།

སྡོམ་གསུམ་རབ་དབྱེ་ལ་ཕྱི་ནང་གི་མཁས་པ་ཚོས་ཞིབ་འཇུག་གམ་དཔྱད་རྩོམ་མཛད་ཚུལ།
དང་པོ་ཕྱི་རྒྱལ།  ཨ་རིའི་བོད་རིག་པ་མཁས་ཅན་ 贾得.道格拉斯罗敦ཞེས་པས་སྤྱི་ལོ་༡༩༨༥ ལོར་ཨ་རིའི་ཀོ་ལུམ་པི་ཡའི་སློབ་ཆེན་དུ་འབུམ་རམས་པའི་སློབ་གནས་ཞུ་བའི་དཔྱད་རྩོམ་ལ་སྡོམ་གསུམ་རབ་དབྱེའི་ཞིབ་འཇུག་ཅེས་པ་ཞིག་བྲིས་གནང་ཡོད་འདུག །འདི་ཐོག་མ་ཡིན་ད་ལྟ་ཤེས་མ་སོང་མ་གཞི་སྔ་ཤོས་རེད་ཡིན་པ་སེམས།
སྡོམ་གསུམ་དང་འབྲེལ་བ་ད་ལྟ་ཕྱི་རྒྱ་ཡིག་ཐོག་ཏུ་བསྒྱུར་བ་དང་དཔྱད་རྩོམ་སྐོར་སུམ་བཅུ་ཡས་མས་རྩོམ་ཡོད་འདུག །

རྒྱ་ནང་དུ་སྡོམ་གསུམ་དར་ཚུལ།
སྤྱི་ལོ་༢༠༡༠ ཀྲང་ཝའེ་མིང་(张炜明)དང་ཁྲིན་པིན་(陈兵གཉིས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་སུན་འབྱིན་བསྟན་བཅོས་སྡོམ་གསུམ་རབ་དབྱེའི་དཔྱད་གླེང་ཞིག་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དུས་དེབ་བཅུ་པའི་ཐོག་ཏུ་བཀོད།

སྤྱི་ལོ་༢༠༡༡ ལོར་སྐུ་ཞབས་ཅཱ་ཞུས་ཕང་།༼贾学铎༽གིས་འབུམ་རམས་པའི་དཔྱད་རྩོམ་དུ་ས་སྐྱ་པཎྜི་ཏའི་སྡོམ་གསུམ་རབ་དབྱེའི་ཞིབ་འཇུག་ཅེས་པ་ཞིག་བརྩམས།  

སྡོམ་གསུམ་རྒྱ་ཡིག་ཐོག་ཏུ་བསྒྱུར་བའི་སྐོར།
སྐྱེ་དགོན་གྲྭ་བསོད་ནམས་དགེ་ལེགས་ནས་༢༠༡༡ ལོར་སྐབས་དང་པོ་གཉིས་བསྒྱུར།  ཀུན་མཁྱེན་གྱི་གསུང་རབ་དགོངས་གསལ་དང་སྡོམ་གསུམ་སྤྱི་དོན་གཉིས་དང་སྦྲེལ་ནས་བསྒྱུར་བ་གསལ།

སྤྱི་ལོ་༢༠༡༥ལོར་མཁན་ཚེ་རིང་བཀྲིས་ནས་སྡོམ་གསུམ་ཆ་ཚང་བསྒྱུར་བ་དང་།

སྤྱི་ལོ་༢༠༡༦:ལོར་བསྟན་འཛིན་སྒྲོན་སྐྱིད་ཀྱིས་སྡོམ་གསུམ་ཆ་ཚང་བསྒྱུར་བ་དང་མཆན་ཡང་བཏབ་པ་གསལ།


༨༽སྡོམ་གསུམ་རབ་དབྱེའི་དགག་ལན་སྐོར།
ཀརྨ་རང་བྱུང་རྡོ་རྗེ།
ཟབ་མོ་ནང་དོན་གྱི་རང་འགྲེལ་ལས་རྒྱུ་དབང་སྐོར་དགག་པ་༼༡༽མཐོང་ད་རུང་ཡོད་ན་ཐང་། རྩ་བ་ནང་དུ་དགག་པ་མེད།
དྲིས་ལན་ནང་དུ་དགག་ལན་འགའ་རེ་ཡོད།

ཀརྨ་མི་བསྐྱོད་རྡོ་རྗེ།
དགོངས་གཅིག་འབྲེལ་བ་ལས་དགག་ལན་དང་དགག་པ། ༣

ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པས།
དབང་དང་བྱིན་རླབས་སྐོར་དྲིས་ལན་ཁག་ཏུ་རྒྱས་པར་གསལ་བདག་གི་མཐོང་ངོ་ལ་བཀའ་བརྒྱུད་ནང་དུ་དབང་བྱིན་སྐོར་རྒྱས་ཤོས་མཐོང་།  དགོངས་གཅིག་འགྲེལ་བ་ནང་དུ་སོར་སྡོམ་སྐོར་གྱི་དགག་ལན་མང་པོ་སྣང་།


དཔའ་བོ་གཙུག་ལག་ཕྲེང་བ།
དགོངས་གཅིག་ཟིན་བྲིས་ལས་བླ་མེད་དབང་གི་སྐོར་ནས་དགག་ལན་དང་དགག་པ།  ༤
ཀུན་མཁྱེན་པད་དཀར།
ཕྱག་ཆེན་རྒྱ་བའི་གན་མཛོད་ལས་གཙོ་བོ་ཕྱག་ཆེན་གྱི་སྐོར་ནས་དགག་ལན།  ༡༡
ད་དུང་ཡང་ཁོང་གིས་མཛད་པའི་བརྟག་གཉིས་འཆད་པ་རྣམས་ལ་དྲི་བ་ཞེས་པ་དང་། དེའི་ལན་མོང་ཐོས་ཀྱིས་བཏབ་པ་དང་། དེའི་ལན་ཡང་པད་དཀར་གྱིས་མཛད་པ་དང་། དེ་གཉིས་ཀྱི་རྣམ་དབྱེ་རྫོང་པ་རྒྱ་སྟོན་བྱང་ཆུབ་དབང་རྒྱལ་གྱིས་མཛད།
མཛད་པ་པོ་དྭགས་པོ་བཀྲ་ཤིས་རྣམ་རྒྱལ།
ཟབ་མོ་ནང་དོན་གྱི་འགྲེལ་བཤད་ཐར་རྒྱན་ལས།
ཡང་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་འཕྲུལ་པས། ཁ་ཅིག་ཅེས་དཀར་པོ་ཆིག་ཐུབ་སྐོར་ལ་དགག་ལེན་གཅིག །


༩༽བཀའ་བརྒྱུད་སྐྱེས་ཆེན་རྣམས་ཀྱིས་འཇམ་མགོན་བླ་མ་ལ་སྣང་ཆེན་མཛད་ཚུལ།

ཀུན་མཁྱེན་མི་བསྐྱོད་རྡོ་རྗེ།

འཇམ་པའི་དབྱངས་ཀྱིས་དངོས་སུ་བྱིན་གྱིས་བརླབས། །བསམ་ཡས་ཏིང་འཛིན་བརྙེས་པའི་ས་སྐྱ་པ། །ཀུན་དགའ་སྙིང་པོའི་ཞབས་ལ་གསོལ་བ་འདེབས། །སྔོན་བསགས་གསོད་ནམས་ཡེ་ཤེས་རྒྱ་ཆེ་བས། །རྡོ་རྗེ་འཛིན་པ་ཀུན་གྱི་རྩེ་མོར་སོན། །བདེ་བ་ཅན་གྱི་ཞིང་དུ་གཤེགས་པ་ཡི། །བསོད་ནམས་རྩེ་མོའི་ཞབས་ལ་གསོལ་བ་འདེབས། །ཕྱོགས་འདིའི་སྔགས་པར་གྲགས་པ་ཀུན་གྱི་མཆོག །སངས་རྒྱས་བསྟན་པའི་རྒྱལ་མཚན་ལེགས་པར་འཛིན། །མངོན་ཤེས་མཐུ་སྟོབས་ཟད་པ་མི་མངའ་བའི། །རྗེ་བཙུན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །གཞོན་ནུའི་དུས་ནས་འཇམ་དཔལ་གཉིས་པར་གྲགས། །ལྷ་དང་བླ་མས་བྱིན་རླབས་ལུང་བསྟན་ཐོབ། །རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ། །ཀུན་དགའ་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གསུང་རབ་ཐམས་ཅད་གཟིགས་པ་ཙམ་གྱིས་མཁྱེན། །སྨོན་ལམ་མཐུ་ཅན་རྒྱལ་བའི་སྲས་པོ་ནི། །འགྲོ་ལ་སྙིང་ནས་བརྩེ་བས་གཞན་དོན་མཛད། །ཆོས་རྒྱལ་འཕགས་པའི་ཞབས་ལ་གསོལ་བ་འདེབས། །

ཁྲིད་ཆེན་བརྒྱད་མཛེས་ལས།

སྨྲ་བའི་དབང་ཕྱུག་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱིས། ཞེས་དང་།

ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པ།

དྲིས་ལེན་ལས། 

ཁོ་བོ་རྗེ་བཙུན་ས་སྐྱ་པའི་གསུང་རབ་ལ་མཆོག་ཏུ་གུས་པ་དང་ལྡན་པས་ཕྱོགས་སུ་ལྷུང་པས་གདུང་པ་མེད་དོ། །ཕྱོགས་ལྷུང་མེད་པའི་དོན་གང་ཡིན་ཞེ་ན། དེ་རྣམས་དང་ཕྱག་རྒྱ་པ་ཐ་སྙད་ཕྲན་བུ་ཙམ་མ་གཏོགས་ལྟ་བ་གཅིག་ཏུ་མཐོང་བའི་རྒྱུ་མཚན་གྱིས་སོ། །

ད་དུང་ཁོང་གིས། འཕགས་པའི་ཡུལ་དུ་ཕྱོགས་གླང་ཡབ་སྲས་དང་། །བོད་ཀྱི་སྔོན་དུས་ས་སྐྱ་པཎྜི་ཏ། །ཕྱིས་སུ་ཀུན་མཁྱེན་རོང་ཟོམ་ཆོས་བཟང་སོགས། །ཚད་མའི་སྐྱེས་བུ་རྣམས་ལ་གསོལ་བ་འདེབས། །ཞེས་པ་དང་ད་དུང་བསྟོད་ཡོད་དོ། །

ཀུན་མཁྱེན་པད་དཀར་གྱིས་མཛད།

ཆོས་འབྱུང་བསྟན་པའི་ཉིན་བྱེད་ལས།

ཡོངས་སུ་རྫོགས་པའི་པཎྜི་ཏ་ཆེན་པོར་གྱུར། འཕྲོག་བྱེད་དགའ་བོ་རྩོད་པས་བཏུལ། སྡོམ་རིག་སོགས་བསྟན་བཅོས་མང་དུ་མཛད། སྐུ་ཆེ་བའི་ཡོན་ཏན་གསང་བའི་གནས་ལྟར་མི་མངོན་པ་དང་། དབུའི་གཙུག་ཏོར་གསལ་པོར་འཕགས་པ་དང་། སྨིན་མཚམས་ཀྱི་མཛོད་སྤུ་དུང་ལྟར་འཁྱིལ་བ་དང་མངོན་པར་ཤེས་པ་མངའ། འཇམ་དབྱངས་ཀྱི་སྤྲུལ་པ་ཡིན། རྒྱ་ནག་ཏུ་རྒྱལ་པོ་གོ་དན་གྱིས་སྤྱན་དྲངས། རེ་ལྔ་པ་ལ་དེ་དང་མཇལ། རྒྱལ་པོ་ཐེག་ཆེན་ལ་བཙུད། དེ་སོགས་གདུལ་བྱ་མང་པོ་སྨིན་པ་དང་གྲོལ་བར་མཛད། དགུང་ལོ་བདུན་ཅུ་པ་ལ་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གཤེགས་སོ། །


༡༠༽ས་བཀའ་རྙིང་གསུམ་གྱི་བླ་མ་གོང་མ་རྣམས་དགོངས་པ་འགལ་མེད་ཡིན་ཚུལ།

ཞྭ་དམར་བཞི་པ་སྤྱན་སྔ་ཆོས་ཀྱི་གྲགས་པ།

དྲིས་ལེན་ལས།

དཔལ་ལྡན་ས་སྐྱ་པ་རྣམས་གདམས་ངག་དང་། །དགས་པོ་ཡབ་སྲས་ཚད་ལྡན་གསུང་སྒྲོས་དག །ཟབ་མོའི་ལྟ་སྒོམ་ངེས་པར་འཐུན་པ་ཡི། །དབང་དུ་རང་རང་བཞེད་སྲོལ་ཡིག་ཆ་བཞུགས། །དེ་ལྟ་ན་ཡང་བསྲེག་བཅད་བརྡར་བ་ཡི། །གསེར་བཞིན་རྣམ་དཔྱད་དམ་པ་རྣམས་ཀྱི་ལུགས། །གཞན་ཡང་སོ་སོ་སྐྱེ་བོའི་གང་ཟག་ཀུན། །ལྟ་བ་འཁྲུལ་མེད་ཤ་སྟག་དཀའ་བས་ན། །འགའ་ལ་སྐྱོན་ཆགས་ཆོས་ལ་སྨོད་ཅི་དགོས། །དམ་པ་རྣམས་ལ་ཕྲག་དོག་མི་མངའ་སོགས། །བདག་གིས་སྔོན་ནས་དེ་ཚུལ་བཤད་ཟིན་ལ། །

བརྡ་བཞི་མར་པ་ནས་བརྒྱུད་པ་ལ་དཔྱད་གཞི་ཡོད་པས།  ཁོ་བོ་ཅག་རྣམ་པ་ཀུན་ཏུ་བརྡ་དབང་འདི་མར་པ་ལས་རྒྱུད་ཅིང་རྒྱུད་ཀྱི་དངོས་བསྟན་དང་། རྒྱ་གར་བའི་གཞུང་ཡོད་པར་མི་སྨྲའོ། །

ས་སྐྱའི་རྗེ་བཙུན་གོང་མ་དང་། །དྭགས་པོ་བཀའ་རྒྱུད་བླ་མ་རྣམས། །ལྟ་སྒོམ་ངེས་པར་འཐུན་གྱུར་ཞིང་། །འཇམ་དབྱངས་རྣམ་འཕྲུལ་ས་པཎ་གྱིས། །གོང་མའི་ལྟ་སྒོམ་ཁྱད་མི་གསོད། །འོན་ཀྱང་ཆོས་ཀྱི་ཁའཛིན་དང་། །དཔྱད་པས་བློ་གྲོས་ལྡན་པ་རྣམས། །བསྲེག་གཅད་བརྡར་བའི་གསེར་བཞིན་དུ། །ལྟ་སྒོམ་སྐྱོན་མེད་བྱ་ཕྱིར་གསུངས། །དེས་ན་ལོག་ལྟ་སྤངས་ནས་ནི། །གུས་བཞིན་བརྟག་དཔྱད་བྱ་བར་རིགས། །

ཡང་ཁོང་གིས་དྲིས་ལན་ལས།

ཆོས་རྗེ་ས་སྐྱ་པཎྜི་ཏས། །དྭགས་པོ་བཀའ་རྒྱུད་ལྟ་བསྒོམ་ལ། །སྐྱོན་འདོགས་བསྙད་ཚོལ་མཛད་ན་ཡང་། །ཆོས་དྲུག་འགོག་པ་གཏན་ནས་མེད། །

པཎ་ཆེན་ཤཱཀ་མཆོག་གི་སློབ་མ་མཁས་དོན་ཡོད་གྲུབ་པ།

སྡོམ་གསུམ་འགྲེལ་བ་ལས།

བསྟན་བཅོས་མཛད་པ་འདིས་རྫོགས་ཆེན་ལྟ་བའི་ཆ་ནས་འཁྲུལ་བ་བཞེད་པ་ནི་མ་ཡིན་ཏེ།  རྫོགས་ཆེན་པ་དག་ལྟ་ཁས་ལེན་དང་བྲལ་བ།  སྒོམ་པ་ཡིད་བྱེད་བྲལ་བ། འབྲས་བུ་རེ་དོགས་དང་བྲལ་བ།  ཞེས་གསུངས་ཤིང་ལྟ་བ་དངོས་གཞིའི་ཚེ་ན།  སྔོན་གྱི་མན་ངག་ཁུངས་ཐུབ་ཐམས་ཅད་ནས་དེ་ལྟར་འབྱུང་བའི་ཕྱིར།


༡༡༽ སྡོམ་གསུམ་རབ་དབྱེ་བརྩམས་པའི་མཇུག་འབྲས།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章