མིའི་ལུས་པོའི་ཁྲག་རྩ་ཡག་པོ་མེད་པ་ངོ་གདོང་དང་རྐང་པའི་སྟེང་ནས་མངོན་ཐུབ་པས། གཤམ་གྱི་ནད་རྟགས་དྲུག་པོ་འདི་དག་ཡོད་མཁན་གྱིས་ངེས་པར་དུ་ཡིད་གཟབ་གནང་དགོས།
《དབྱིན་ཀེ་ལན་གསར་མའི་དུས་དེབ་》ཐོག་གི་ནད་ཐོག་ལྟ་ཞིབ་རང་བཞིན་གྱི་ཞིབ་འཇུག་ཅིག་ལས་ཤེས་རྟོགས་བྱུང་བར། རྣ་གཤོག་ཐོག་ལྟེབ་གཉེར་ཡོད་ན། པྲོག་རྩའི་སྙིང་ནད་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པ་དང་། ལྟེབ་གཉེར་ཇི་ཙམ་མཐུག་ན་པྲོག་རྩའི་སྙིང་ནད་ཕོག་ཚད་དེ་བས་མཐོ་བ་ཡོད། དེས་ན། སྐབས་རེ་རྣ་གཤོག་སྟེང་ལྟེབ་གཉེར་ཆགས་པའི་སྣང་ཚུལ་དེར་པྲོག་རྩའི་ཤུར་ཁ་ཟེར་ཞིང་། དེ་ནི་ཁྲག་རྩ་འགག་པའི་བརྡ་རྟགས་ཤིག་རེད། གལ་སྲིད་ཁྲག་ནང་དུ་ཚིལ་རྫས་ཀྱི་གད་སྙིགས་མང་དུ་ཕྱིན་ན་ཁྲག་གི་བརྗེ་ཚབ་མྱུར་ཚད་དལ་དུ་འགྲོ་སྲིད་པ་དང་། སྐབས་དེར་རྣ་གཤོག་སྟེང་དུ་ལྟེབ་གཉེར་འབྱུང་སྲིད། འོན་ཀྱང་རྣ་གཤོག་སྟེང་དུ་ལྟེབ་གཉེར་ཆགས་པ་ཡོད་ཚད་ལ་པྲོག་རྩའི་སྙིང་ནད་ཕོག་པའི་ངེས་པ་མེད་པས། དུས་རྒྱུན་དུ་ལྟ་ཞིབ་ནན་ཏན་བྱེད་དགོས།
གལ་སྲིད་ཁྲག་རྩ་འགག་ཚེ། དེ་དང་བསྟུན་ནས་ལུས་ཀྱི་ཁྲག་རྒྱུག་ཚད་ཇེ་དམའ་རུ་འགྲོ་སྲིད་པ་དང་། ཁྲག་རྒྱུན་གྱི་གར་ཚད་ཀྱང་ཇེ་མཐོར་འགྲོ་སྲིད། སྐབས་དེར་མཆུ་སྒྲོས་ལ་ཁྲག་འདང་ངེས་མཁོ་འདོན་མ་ཐུབ་པའི་དབང་གིས་མཆུ་མདོག་སྔོ་སྨུག་ཆགས་སྲིད་པ་ཡིན།
གལ་ཏེ་གཉིད་ཁུག་པའི་སྐབས་སུ་གཞོགས་གཅིག་གི་མཆུ་ཟུར་ནས་ཁ་ཆུ་བཞུར་བའི་སྣང་ཚུལ་བྱུང་ན་དོགས་ཟོན་བྱེད་དགོས། དེ་ནི་སྤྱིར་བཏང་ཀླད་པའི་ཁྲག་རྩ་འགག་རྗེས་དབང་རྩའི་དཀྱིལ་གཞུང་གི་རྒྱུན་ལྡན་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་པའི་མཇུག་འབྲས་ཤིག་རེད།
གལ་ཏེ་རྐང་པའི་སྡོད་རྩ་འགག་ནས་ཁྲག་དབལ་བྱུང་ན། རྐང་པ་སྐྲངས་སྦོས་ཐེབས་ཤིང་། ཚབས་ཆེ་བའི་སྐབས་སུ་ད་དུང་ན་ཟུག་སྐྱོ་ལྷང་ངེ་བ་ཞིག་གཏོང་སྲིད།
གལ་ཏེ་རྐང་པའི་སྡོད་རྩའི་ཁྲག་འཁོར་རྒྱུག་ཡག་པོ་མེད་ཅིང་དེ་འགག་ན། ཁྲག་དབལ་བྱུང་ཞིང་པགས་འོག་ཏུ་ཆུ་གསོག་སླ་བ་དང་། ལག་མཛུབ་ཀྱིས་རྐང་པ་མནན་ན་ཀོང་དོང་ཆགས་པའི་རྗེས་ཤུལ་ཐོན་སྲིད།
འཕར་རྩའི་ཁྲག་རྩ་འགག་རྗེས་ཁྲག་འཁོར་རྒྱུག་ཡག་པོ་བྱེད་མི་ཐུབ་པས། སྐབས་དེར་སྐྱི་པགས་ཀྱི་མདོག་དམར་པོ་དང་། སྔོ་སྨུག སྔོན་པོ་བཅས་ལ་འགྱུར་བ་དང་ཆབས་ཅིག་ན་ཟུག་གཏོང་བ་དང་ཤ་མདོག་ཐལ་སྐྱར་གྱུར་བ་སོགས་ཀྱི་ནད་རྟགས་ཀྱང་ཐོན་སྲིད།
གལ་སྲིད་ཁྲག་རྩའི་ནང་དུ་ཁྲག་དབལ་ཡོད་ན། གློ་བའི་འཕར་རྩ་དང་ཡན་ལག་གཞན་འགག་ནས་གློ་བ་རེངས་འགག་འབྱུང་སྲིད། ནད་རྟགས་འདི་ཐོག་མའི་དུས་སུ། དབུགས་འབྱིན་རྔུབ་དཀའ་བ་དང་། གློ་རྒྱག་པ། བྲང་ཁ་ན་བ་བཅས་ཀྱི་ཚོར་སྣང་འབྱུང་སྲིད། གལ་ཏེ་དུས་ཐོག་ཏུ་ཤེས་རྟོགས་དང་སྨན་བཅོས་མ་བྱས་ན། ནད་གཞི་ཇེ་སྡུག་ཏུ་འགྲོ་བ་དང་བསྟུན་ནས་སྲོག་ལ་ཉེན་ཁ་བཟོ་སྲིད།
ཁྲག་འགག་ནས་ཀླད་པའི་འཕར་རྩ་ནས་ཁྲག་བཞུར་ན། ཀླད་པའི་ཕྲ་ཕུང་ལ་གསོ་རླུང་མི་འདང་བར་ཁྲག་དབལ་རང་བཞིན་གྱི་གྲིབ་ནད་འབྱུང་སྲིད།
རྒྱུན་དུ་སྙིང་གི་ཁྲག་དབལ་འཕར་རྩའི་ནང་དུ་འབྱུང་སྟེ། སྙིང་གཟེར་དང་སྙིང་ཤ་རེངས་ཤི་སོགས་ཀྱི་ནད་རྟགས་འབྱུང་སླ་བ་ཡིན། སྙིང་གི་ཁྲག་དབལ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་འཕར་རྩ་འཇམ་འདྲའི་སྲ་འགྱུར་ཤུགས་ཆེར་སོང་བའི་རྐྱེན་གྱིས་ཡིན་ཞིང་། ཁྲག་རྩ་གུ་དོག་པོར་གྱུར་ནས་ལྡེམ་ཤུགས་མེད་ན། ཁྲག་དབལ་འབྱུང་སླ་བ་ཡིན་ནོ།