ཤ་ལས་མཆེད་པའི་ཕྲུ་གུ་གཉིས་གྲོངས་པའི་གདུང་བས་མནར་རུང་། ཁོང་གིས……

民生   2025-01-13 12:18   西藏  

    ཟླ་1ཚེས་6ཉིན་གྱི་དགོང་མོར། དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ལྷུན་གྲུབ་གཞུང་དོན་བསྒྲུབས་ཚར་རྗེས་གཞིས་རྩེ་གྲོང་ཁྱེར་ནས་ཕ་ཡུལ་དིང་རིར་ལོག དེ་གར་སླེབས་དུས་མཚན་གུང་གི་ཆུ་ཚོད་དང་པོ་ཟིན་ཡོད་པས། ཁོང་གིས་སང་ཉིན་ཞོགས་པ་སྒྱུག་མོའི་ཁྱིམ་དུ་རང་ཉིད་ཀྱི་ཕྲུ་གུ་གསུམ་པོ་ལེན་པར་འགྲོ་དགོས་སྙམ། འོན་ཀྱང་སྐབས་དེ་དུས་ཁོང་གི་བཟའ་ཟླ་དང་བཟའ་ཟླའི་གཅུང་པོ་གཞིས་རྩེ་གྲོང་ཁྱེར་གྱི་སྨན་ཁང་དུ་སྒྱུག་མོར་ནད་གཡོག་རྒྱུག་ནས་བསྡད་ཡོད་པ་དང་། རང་ཉིད་ཀྱི་ཕྲུ་གུ་བུ་གཅིག་དང་བུ་མོ་གཅིག་ཡོད་པ་དེ་དང་གསོས་ཕྲུག་བུ་མོ་གཅིག་བཅས་ཕྲུ་གུ་གསུམ་མགུ་རིང་གྲོང་ཚོའི་སྒྱུག་མོའི་ཁྱིམ་དུ་བཞག་ནས་གཅུང་པོའི་བཟའ་ཟླས་ལྟ་རྟོག་བྱེད་ཀྱི་ཡོད། གཅུང་པོའི་བཟའ་ཟླའི་ཁྱིམ་ལའང་ཕྲུ་གུ་གསུམ་ཡོད་པས་དེ་ཉིན་དགོང་མོར་གཅུང་པོའི་བཟའ་ཟླས་ཕྲུ་གུ་དྲུག་པོ་ཚོམས་ཆེན་གྱི་ཧྲ་ཧྥ་ཡི་སྟེང་བསྙལ་ཡོད་པ་རེད།

    ཚེས་7ཉིན་གྱི་ཆུ་ཚོད་9དང་སྐར་མ་5ལ། ས་ཡོམ་བརྒྱབ་པས་ལྷུན་གྲུབ་ཧོབ་ཏེ་གཉིས་ལས་སད། དེ་མུར་ཁོང་དངངས་འཚབ་དང་བཅས་ཨུ་སུག་ཀྱང་གྱོན་ལོང་མ་བྱུང་བར་མགུ་རིང་གྲོང་ཚོའི་ཕྱོགས་སུ་རྒྱུག མགུ་རིང་གྲོང་ཚོ་ནི་ཡོམ་ལྟེ་ཡིན་པའི་གྲམ་སོ་ཤང་དུ་ཡོད་པ་དང་། ད་ཐེངས་ཀྱི་ས་ཡོམ་ནང་གནོད་འཚེ་ཕོག་ཚབས་ཆེ་ཤོས་ཀྱི་གྲོང་ཚོའི་གྲས་ཤིག་ཡིན་ཞིང་། གྲོང་ཚོ་དེའི་གྲོང་མིའི་ཁང་པ་52ཚང་མ་ལོག་ཡོད་པ་རེད། ཆུ་ཚོད་10པ་ཙམ་ལ་ལྷུན་གྲུབ་དང་ཡུལ་མི་ཚོས་ཞིག་རོའི་ཁྲོད་ནས་བཟའ་ཟླའི་གཅུང་པོའི་བུ་དང་རང་ཉིད་ཀྱི་ཕྲུ་གུ་གཉིས་པོ་བཏོན་ཐུབ་པ་དང་། དེ་འཕྲལ་ནུས་ཤུགས་གང་ཡོད་ཀྱིས་མྱུར་སྐྱོབ་བྱས་རུང་རེ་བ་འབྲས་མེད་དུ་གྱུར་རྐྱེན། ཁོང་གིས་ཕྲུ་གུ་ཚོ་མྱུར་དུ་སྨན་ཁང་དུ་བསྐྱལ། འོན་ཀྱང་སྨན་ཁང་དུ་སླེབས་ཀྱང་ཕྲུ་གུ་སྐྱོབ་ཐུབ་མེད། དེ་མུར་ཁོང་གིས་ཕྲུ་གུ་ཚོའི་ཕུང་པོ་བྱང་དཀར་གྲོང་ཚོར་ཡོད་པའི་ཨ་ཕའི་སར་བསྐྱལ་ཞིང་། ཡིད་སེམས་གདུང་བས་མནར་རུང་ཕྲུ་གུ་གསུམ་པོ་བཞག་སྟེ་མྱུར་དུ་མགུ་རིང་གྲོང་ཚོར་རོགས་སྐྱོབ་ཀྱི་ལས་ལ་ཞུགས། ལྷུན་གྲུབ་ཀྱིས་གསར་འགོད་པར། ཉིན་འདི་དག་ནང་རྦད་དེ་ཞིག་རོ་བསྔོགས་ནས་སྡོད་ཀྱི་ཡོད། སྔོག་མཚམས་བཞག་མ་ཐག་ལམ་སེང་ཕྲུ་གུ་གཉིས་པོ་དྲན་ཡོང་གི་འདུག བྱས་ཙང་ངས་སྔོག་མཚམས་འཇོག་ཕོད་ཀྱི་མི་འདུག་ཅེས་བཤད་བྱུང་།


    1989ལོར་སྐྱེས་པའི་ལྷུན་གྲུབ་2013ལོའི་ཟླ་དང་པོར་དིང་རི་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ལས་རོགས་ཉེན་རྟོག་པ་ཞིག་ཏུ་གྱུར་བ་དང་། ལས་ཀའི་ནང་གྲུབ་འབྲས་གཟེངས་སུ་ཐོན་སྟབས་ད་ཆ་རིམ་པ་ལྔ་པའི་ལས་རོགས་ཉེན་རྟོག་པ་ཞིག་ཏུ་གྱུར་ཡོད། 2018ལོར་ཁོང་དིང་རི་རྫོང་སྤྱི་བདེ་ཅུས་ཀྱི་སྔོན་ཐོན་མི་སྒེར་ལ་བདམས་ཡོད་པ་རེད། ཟླ་1ཚེས་11ཉིན་གསར་འགོད་པས་མགུ་རིང་གྲོང་ཚོར་ལྷུན་གྲུབ་ཀྱིས་སྒྱུག་མོའི་ཁྱིམ་དང་བར་ཐག་སྨི་40ཡི་སར་ཞིག་རོ་གཙང་སེལ་བྱེད་བཞིན་ཡོད་པ་མཐོང་བྱུང་། ཁོང་གསར་འགོད་པ་དང་མཉམ་དུ་སྒྱུག་མོའི་ཁྱིམ་དུ་སྐྱོད་སྐབས་ཞིག་རོའི་ཁྲོད་ནས་ཕྲུ་གུ་གཉིས་པོའི་སྟོད་གོས་རྙེད། ཕྲུ་གུའི་སྟོད་གོས་མཐོང་བའི་སྐད་གཅིག་མར་ཁོང་གིས་རང་དབང་མེད་པར་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་སྟོད་གོས་ལ་འཐམས་ནས་གདུང་བ་དྲག་པོས་ངུ་འབོད་བྱས། དེར་བརྟེན་དེ་གར་ཡོད་པའི་མི་དམངས་ཉེན་རྟོག་པ་དང་། མང་ཚོགས། རོགས་སྐྱོབ་མི་སྣ། གསར་འགོད་པ་བཅས་ཚང་མ་ཡིད་མི་སྐྱོ་མཁན་གཅིག་ཀྱང་མེད་པ་རེད།

驿站视听
ས་དགའི་སྙན་དབྱངས་ཕྱོགས་བཅུར་སྒྲོག འགྲུལ་ཚུགས་གཏམ་རྒྱུད་ལྷུག་པོར་གླེང་།
 最新文章