རྫོགས་ལྡན་གཡང་གི་ལོ་གསར། དབྱངས་ལྡེའུ། ཆབ་མདོ།

文摘   2025-01-30 11:46   西藏  

རྫོགས་ལྡན་གཡང་གི་ལོ་གསར།


དབྱངས་ལྡེའུ། ཆབ་མདོ།


རྫོགས་ལྡན་དཔལ་ཡོན་ཟླ་གཞོན་ཆ་རྫོགས་ཤིང་། །

ཕུན་ཚོགས་སྡེ་བཞི་འདབ་སྟོང་ལྷུཊ་དགོད་ནས། །

སྐྱེ་རྒུའི་དགའ་སྐྱིད་དགོད་སྒྲས་ཡུལ་བཀང་བའི། །

ཚིག་རིས་སྨོན་པའི་དར་དཀར་ཕྱག་གིས་བཏེཊ། །


རང་བྱུང་རི་ཆུའི་བཀོད་པ་ཕུལ་ཕྱིན་མཛེས། །

མཛེས་སྡུག་གངས་ཀྱི་གཟི་བྱིན་འབར་བའི་ཡུལ། །

ཡུལ་གྱི་སྲོལ་རྒྱུན་བཟང་པོའི་བ་དན་དཀར། །

དཀར་གཙང་སྤྲིན་པའི་དབུ་དང་མཉམ་པ་ཤོག །


རྒྱལ་བསྟན་ཟླ་བ་གཞོན་ནུའི་འོད་སྣང་གིས། ། 

འཚེ་མེད་ཞི་བའི་ལམ་བཟང་ལེགས་གསལ་ནས། ། 

གཏན་བདེ་ཐར་བའི་ཤེལ་དཀར་ཁང་བཟང་རུ། ། 

རང་གཞན་འགྲོ་བའི་ཞབས་ཟུང་མྱུར་རེག་ཅིག །


ལོ་འཁོར་རེས་སུ་འཁོར་བའི་མི་ཚེའི་དཀྱིལ། །

འདོད་དོན་ཟླ་བ་གཞོན་ནུའི་འཛུམ་གྲོལ་ཏེ། །

ཡིད་སེམས་ཆུ་སྐྱེས་རྒྱས་པའི་ཕང་བ་རུ། །

རེ་འབྲས་ཟེའུ་འབྲུའི་དཔལ་གྱིས་སྨིན་པ་དགེ །


དར་མའི་བློ་གསལ་བཟང་པོའི་ཞིང་ས་ངོགས། །

ཤེས་དཔལ་ནས་དཀར་སྙེ་མའི་རླབས་རྩེན་པར། །

རྨད་བྱུང་བརྩོན་འགྲུས་རླུང་འཇམ་སིལ་མ་ཡིས། །

དུས་ཀུན་ཆད་པ་མེད་པའི་རམ་འདེགས་ཤོག །


བཟང་གསུམ་བཀྲ་ཤིས་གཡང་ཁྱིམ་ར་བ་དཀྱིལ། ། 

བདེ་ལེགས་ཕུ་ནུ་དགའ་མཛའ་ལྷན་འཛོམས་ཤིང་། ། 

དགའ་སྐྱིད་དགོད་སྒྲའི་གཏམ་གྱི་སྙན་པ་ཡིས། ། 

ལོ་གཡང་ཕོ་ཉ་གཞོན་ནུ་མགྲོན་དུ་བསུ། །


ལོ་མགོའི་དྭངས་མའི་བདུད་རྩི་སྨན་ཆབ་གཙང་། །

མཆུ་སྒྲོས་པད་མའི་འདབ་ལོས་ཉུག་པའི་ཤུལ། །

མི་འདོད་ནད་དང་བསམ་པའི་སྡུག་བསྔལ་ཀུན། །

ཆབ་བཀྲུས་ནོར་བུའི་ཞལ་ལྟར་དག་གྱུར་ཤོག ། 


རབ་མཛེས་ཀུན་གསལ་བུ་མོའི་ཞལ་ཁྱིམ་དུ། །

ཉི་གཞོན་ལང་ཚོ་རྒྱས་པའི་མར་ཤེད་ནས། །

ཟོལ་མེད་སྨོན་འདུན་བཟང་པོའི་བྱ་མ་རྟ། །

བསང་དུད་ལོང་ལོང་ལྷན་དུ་བསྐུར་བ་བྱས། །


བསོད་ནམས་ལས་ཀྱིས་གྲུབ་པའི་ཞིང་ཁ་བཟང་། །

ཡིད་གཞུང་ཟ་མ་ཏོག་སྣོད་བཀང་བ་ཡི། །

གསེར་གྱི་རླབས་ཕྲེང་གཡོ་བའི་ལོ་ཏོག་འབུམ། །

ལེགས་པར་འཁྲུངས་བའི་སོ་ནམ་ལོ་གསར་བཟང་། །


ཚེ་རིང་འོ་མའི་རྒྱ་མཚོ་བསྐྱིལ་བའི་ལྟོངས། །

གཏན་བདེ་འཚོ་བའི་ངང་ཆུང་གར་རོལ་བའི། །

བཟང་གསུམ་སྨོན་འདུན་བཟང་པོ་མགྲིན་པ་ལས། །

རྩོལ་མེད་མགུར་མའི་དབྱངས་དང་བསྡོམས་ནས་སྦྲན། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章