6)བརྗོད་གཞི། བདེན་པ་གཉིས་ཀྱི་རྣམ་གཞག དྲི་ལན།དྲིས་ལན་གནང་མཁན།

文摘   2025-01-16 19:50   西藏  

6)བརྗོད་གཞི། བདེན་པ་གཉིས་ཀྱི་རྣམ་གཞག དྲི་ལན།
དྲིས་ལན་གནང་མཁན། མཁན་པོ་དུང་བརྡ།  མཁན་པོ་མདའ་དྲང་མོ། མཁར་ཡོན་རྒྱལ།

@དུང་བརྡ། ལགས་སོ། །དྲི་བ་ཞིག་ཕུལ་ཆོག་པར་ཞུ།


༼༡༽ཆོས་ཉིད་དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་པ་ཡིན་ན། དེ་རྟེན་འབྲེལ་དང་རང་སྟོང་དུ་ཇི་ལྟར་གཏན་ལ་ཕབ་ནུས།༼༢༽ཆོས་ཉིད་དོན་དམ་བདེན་པ་རྟེན་འབྲེལ་ཡིན་ན། རྩ་བ་ཤེས་རབ་དང་འཇུག་པ་རང་འགྲེལ་ལས་རྟེན་འབྲེལ་ལས་འདས་པར་གསུངས་པ་དང་མི་འགལ་ཚུལ་ཇི་ལྟར་ཡིན།༼༣༽ཆོས་ཐམས་ཅད་ཅི་ཡང་མ་གྲུབ་པ་ལ་ངེས་ཤེས་ཇི་ཙམ་དྲངས་པ་ལ་བརྟེན་ནས་རྟེན་འབྱུང་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ཇེ་འཕེལ་འགྲོ་ཚུལ་ཇི་ལྟར་ཡིན། མདོར་ན་སྤྲོས་བྲལ་ལ་ངེས་ཤེས་ཇི་ཙམ་དྲངས་ན། སྤྲོས་འཛིན་ཇེ་འཕེལ་དུ་སོང་བ་ལྟ་བུ་་ཞིག་ཆགས་མི་འདུག་གམ།༼༤༽སྣང་བ་སྟོང་པའི་དགག་བྱ་རུ་བཤད་ན། སྣང་སྟོང་འགལ་མེད་དུ་ཇི་ལྟར་ཡོང་ཐུབ་ཡིན་ལགས།


@མདའ་དྲང་མོ། ལགས་སོ།། དྲི་བ་ཞིག་ཕུལ་ཆོག་པར་ཞུ།


༼༡༽དོན་དམ་བདེན་པ་སྒྲ་རྟོག་གི་ཡུལ་ལས་འདས་ན། དེ་བཀའ་བསྟན་གྱི་བསྟན་བྱ་མིན་པར་ཁས་ལེན་དགོས་སམ།༼༢༽སྤྲོས་པ་རིམ་གྱིས་བཀག་ནས་སྤྲོས་བྲལ་ཁོང་དུ་ཆུད་པའི་ལམ་མ་ཞུགས་ཀྱི་གང་ཟག་མེད་དམ།༼༣༽སྤྲོས་པ་ཡིན་པའི་ཐེག་ཆེན་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་དོན་དམ་བདེན་པ་རྟོགས་ནུས་ན། དེ་སྒྲ་རྟོག་གིས་ཅིའི་ཕྱིར་ཡུལ་དུ་བྱེད་མི་ནུས་པ་ཡིན།༼༤༽དོན་ལ་མ་གྲུབ་པ། བསླུ་བ། མི་བདེན་པ། རྫུན་པ་ཐེག་ཆེན་མཐོང་ལམ་བཞག་ཡེ་ཤེས་ལྟ་བུས་དེ་ལས་ལྡོག་པའི་དོན་དམ་བདེན་པ་ཇི་ལྟར་འཇལ་བ་ཡིན། སྤྲོས་པ་ཐམས་ཅད་མ་ཁེགས་པར་སྤྲོས་བྲལ་གྱི་དོན་དམ་བདེན་པ་མངོན་དུ་བྱེད་པ་ཡོད་དམ་ལགས།


@མཁར་ཡོན་རྒྱལ། ལགས་སོ། །དྲི་བ་ཞིག་ཕུལ་ཆོག་པར་ཞུ།


༼༡༽གཞན་དབང་དོན་དམ་བདེན་པ་ཡིན་ན། མདོ་སྡེ་དགོངས་འགྲེལ་དང་། དྭགས་བརྒྱུད་གྲུབ་ཤིང་ལས་མིན་པར་གསུངས་པས་མི་འཐད་པས་ཇི་ལྟར་ཡིན།༼༢༽རྩ་འཇུག་བཞི་གསུམ་གྱིས་རྩལ་དུ་བཏོན་པའི་དོན་དམ་བདེན་པ་སྟོང་པ་ཕྱང་ཆད་ཡིན་ན།  དེ་སྣང་བ་སྤངས་པའི་སྟོང་པ་ཡིན་ནམ།༼༣༽དོན་དམ་བདེན་པ་སྟོང་པ་ཕྱང་ཆད་ཡིན་ན། བཀའ་བར་པ་དང་དེའི་དགོངས་འགྲེལ་གྱི་བསྟན་བཅོས་རྩ་འཇུག་བཞི་གསུམ་གྱི་དགོངས་པ་ཉམས་སུ་བླངས་པ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་རྒྱུ་མེད་པར་མི་འགྱུར་རམ་ལགས།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章