ཞབས་བརྟན་སྨོན་ཚིག་བསྐལ་བཟང་གཞོན་ནུའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ།

文摘   2025-01-28 07:56   西藏  


ཞབས་བརྟན་སྨོན་ཚིག་བསྐལ་བཟང་གཞོན་ནུའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །


འཆི་མེད་ཞིང་མགོན་རྒྱལ་བ་ཚེ་མཐའ་ཡས། །

འཆི་མེད་ལྷ་མོ་རྣམ་པར་རྒྱལ་མའི་ཞབས། །

འཆི་མེད་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་ཡིས། །

འཆི་མེད་བདུད་རྩིའི་གྲུ་ཆར་དེང་འདིར་སྩོལ། །


རྒྱལ་ཀུན་ཡེ་ཤེས་གཅིག་གྱུར་འཇམ་པའི་དབྱངས། །

ཀུན་དགའི་ལུགས་མཆོག་ལྷ་ལམ་མཛེས་པའི་རྒྱན། །

ཟབ་གསང་ཐུབ་བསྟན་གསུང་ངག་འོད་པོ་ཆེ། །

འཇིགས་མེད་སྨྲ་བའི་ཉི་མ་ཞབས་བརྟན་གསོལ། །


རིགས་རུས་དགེ་མཚན་རྫོགས་པའི་བཀྲ་ཤིས་སྐུ། །

བསླབ་ཁྲིམས་རྣམ་པར་དག་པའི་དྲི་བསུང་གིས། །

ལྷ་མིའི་མཆོད་སྡོང་བསྒྲུབས་ནས་གསན་བསམ་དང་། །

སྒོམ་པས་ཐུགས་རྒྱུད་གྲོལ་མཛད་ཞབས་བརྟན་གསོལ། །


ཕ་རོལ་ཕྱིན་དང་རྒྱུད་སྡེ་རྒྱ་མཚོ་ཡི། །

སོ་བྱང་སྔགས་ཀྱི་སྡོམ་གསུམ་བདུད་རྩིའི་རྒྱུན། །

གཙང་མར་བཟུང་ནས་འགྲོ་བའི་ལས་ཉོན་རིམས། །

ཞི་མཛད་ཆོས་སྨན་ཆེན་པོར་ཞབས་བརྟན་གསོལ། །


མཆོག་གསུམ་བསླུ་བ་མེད་པའི་ཐུགས་རྗེ་དང་། །

ཡི་དམ་ཆོས་སྐྱོང་སྲུང་མའི་ནུས་མཐུ་ཡིས། །

ཡིད་ལ་བརྣག་པའི་འདོད་རྒུ་མ་ལུས་པ། །

གེགས་མེད་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །

ཞེས་པ་འདིའང་འཁོན་གདུང་བགྲེས་པ་ཨ་བི་ཀྲྀ་ཏ་རིན་པོ་ཆེ་མཆོག་ནས་གང་གི་སྐུའི་གཅུང་པོ་འཁོན་གདུང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེར་ཞབས་བརྟན་ཞིག་བྲི་དགོས་ཞེས་རྟེན་དང་བཅས་པ་བསྐུལ་མ་གནང་བ་བཞིན། ས་སྐྱ་ཁྲི་ཆེན་པས་དང་བའི་བློས་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག་གུ།། །།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章