༸སྐྱབས་མཆོག་འཁོན་གདུང་ཤཱཀྱའི་དགེ་སློང་ཨ་བྷ་ཡ་བཛྲའི་ངོ་སྤྲོད།

文摘   2025-01-28 07:55   西藏  

༸སྐྱབས་མཆོག་འཁོན་གདུང་ཤཱཀྱའི་དགེ་སློང་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ངོ་སྤྲོད་མདོར་བསྡུས།


༸སྐྱབས་མཆོག་ཤཱཀྱའི་དགེ་སློང་འཁོན་གདུང་ཨ་བྷ་ཡ་བཛྲའམ་འཇམ་དབྱངས་ཀུན་དགའ་ཐུབ་བསྟན་འཇིགས་མེད་རིན་པོ་ཆེ་མཆོག་ནི། སྤྱི་ལོ་ ༡༩༩༧ ལོའི་ཕྱི་ཟླ་ ༡ ཚེས་ ༨ བོད་ཟླ་ ༡༡ པའི་ཚེས་ ༢༩ ཉིན་༸སྐྱབས་མགོན་གོང་མ་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་མཆོག་གི་སྐུའི་གདུང་སྲས་༸སྐྱབས་རྗེ་འཁོན་གདུང་ཛ་ཡ་བཛྲ་རིན་པོ་ཆེ་མཆོག་དང་བདག་མོ་ལྷ་མཛེས་རྣམ་གཉིས་ཀྱི་རིགས་སྲས་སུ་སྐུ་འཁྲུངས། སྤྱི་ལོ་ ༢༠༠༧ ལོའི་བར་ཨ་རིའི་སི་ཨ་ཀྲལ་ (Seattle) དུ་གཞི་རིམ་གྱི་སྐུ་ཡོན་ལ་སློབ་སྦྱོང་མཛད།


སྤྱི་ལོ་༢༠༠༨ ལོར་སྐུའི་གཅེན་པོ་༸སྐྱབས་མཆོག་འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་དང་ལྷན་དུ་རྒྱ་གར་ལ་གསན་སྦྱོང་མཛད་པར་ཕེབས། ཐོག་མར་རྡོར་གླིང་གུམ་ས་སྐྱ་གུ་རུ་དགོན་མདོ་སྔགས་ནོར་བུའི་གླིང་དུ་རྒན་ཀུན་བཟང་རྒྱ་མཚོ་ལགས་སོགས་ཀྱི་དྲུང་ནས་ཆོས་སྤྱོད། ཆོ་ག །འདོན་རྟ་དབྱངས་སོགས་ལ་སྦྱངས་པ་མཛད། སྐབས་དེར་བླ་མ་གོང་མའི་རྣམ་ཐར་གསན་པའི་རྐྱེན་གྱིས་ཐུགས་ལ་ངེས་འབྱུང་བཅོས་མ་མིན་པ་སྐྱེས་ཏེ་རབ་ཏུ་འབྱུང་བའི་ཐུགས་འདུན་ཁྱད་པར་ཅན་འཁྲུངས།


དེ་ནས་དྲིན་ཆེན་རྩ་བའི་བླ་མ་དམ་པ་༸སྐྱབས་མགོན་གོང་མ་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་མཆོག་ནས་དགོངས་ཁྲོལ་ཐོབ་ཞིང་ཁོང་གི་ཐུགས་སྨོན་ཁྱད་པར་ཅན་དང་འབྲེལ། སྤྱི་ལོ་ ༢༠༠༩ ལོའི་ཟླ ༧ ཚེས ༢༥། བོད་ཟླ ༦ ཚེས ༤ སྟེ། བདག་ཅག་གི་སྟོན་པས་ཆོས་འཁོར་ཐོག་མར་བསྐོར་བའི་དུས་བཟང་ཁྱད་པར་ཅན་གྱི་ཉིན། རྩ་བླ་དམ་པ་འདུལ་འཛིན་བྱེ་བའི་གཙུག་རྒྱན་༸སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་བཟུང་རིམ་བཞིན་ཕྱི་དྲོའི་ཁ་ཟས་དང་། གསེར་དངུལ་ལ་རེག་པ་སོགས་ལྟུང་བ་ཕྲ་མོ་ཡན་ཆད་ལ་འཛེམ་སྟེ་སྲུང་སྡོམ་ཚུལ་བཞིན་དུ་མཛད། སྙིང་རྗེས་ཐུགས་རྒྱུད་བསྐུལ་ཏེ་དམར་ཟས་རིགས་མི་མཆོད་པ་དང་། སྐུ་ལུས་ལ་ཀོ་ལྤགས་ཀྱི་ན་བཟའི་རིགས་གཏན་ནས་མི་བཞེས།


བལ་ཡུལ་པོག་ར་དཔལ་ས་སྐྱའི་པདྨ་ཚལ་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཏེ་དབྱར་གནས་ཐོག་མར་བཞུགས་ཤིང་། དགོན་དེ་དང་བལ་ཡུལ་ཐར་ལམ་ས་བཟང་རྣམ་རྒྱལ་གླིང་སོགས་སུ་སྐུའི་ཡོངས་འཛིན་འཕགས་ཡུལ་རྫོང་སར་བཤད་གྲྭའི་མཁན་ཆེན་འཇམ་དབྱངས་ཆོས་འཕེལ་མཆོག་གི་དྲུང་དུ། སུམ་རྟགས་དག་གསུམ་དང་། དགེ་ཚུལ་ཀཱ་རི་ཀ་དང་། རྒྱལ་སྲས་ལག་ལེན་སོགས་རིག་གནས་དང་གཞུང་ལུགས་ཁག་ལ་སློབ་གཉེར་མཛད།

སྤྱི་ལོ་ ༢༠༡༣ལོར། རང་ཅག་རྣམས་ཀྱི་དྲིན་ཆེན་རྩ་བའི་བླ་མ་དམ་པ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་།


༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་པ་གཉིས་དབུ་བཞུགས་ཐོག་འདུས་མངས་ཡོངས་ནས་འཕགས་ཡུལ་དཔལ་ས་སྐྱ་ཆོས་སྒར་དུ་རྡོ་རྗེ་ཕུར་པའི་སྒྲུབ་མཆོད་ཆེན་མོ་ཚོགས་སྐབས་སུ་རིན་པོ་ཆེ་མཆོག་ནས་བདུན་པ་ལེགས་པར་བསྐུལ་གནང་གྲུབ་པར་མཛད།


སྤྱི་ལོ་ ༢༠༡༤ལོར། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭར་ཐོག་མར་ཕེབས་ཏེ་མདོ་ཕྱོགས་ཀྱི་གཞུང་ལུགས་དག་ལ་སློབ་གཉེར་མཛད་རྒྱུ་དབུ་འཛུགས་གནང་།


ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༢ ཚེས་ ༡༩ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་བདག་ཅག་གི་སྟོན་པ་མངོན་པར་རྫོགས་པར་འཚང་རྒྱ་བའི་གནས་མཆོག་རྡོ་རྗེ་གདན་དུ། བདེ་བར་གཤེགས་པ་༸སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་པ་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་དཔལ་བཟང་པོ་མཆོག་གི་དྲུང་ནས་ཚིགས་ཕྱི་མ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་བཞེས་ཤིང་། དེ་ནས་བཟུང་ཆོས་གོས་རྣམ་གསུམ་རྒྱུན་དུ་འབྲལ་མེད་དུ་འཆང་བ་སོགས་ཉེས་བྱས་ཕྲ་མོ་ཚུན་ཆད་མིག་འབྲས་བཞིན་དུ་བསྲུང་སྡོམ་ཚུལ་བཞིན་མཛད།


སྤྱི་ལོ་ ༢༠༡༤ ནས་ ༢༠༢༤ བར་དུ། འཕགས་ཡུལ་དཔལ་རྫོང་སར་བཤད་གྲྭའི་མཁན་ཆེན་བསམ་གྲུབ་མཆོག་དང་། མཁན་ཆེན་འཇམ་དབྱངས་ཆོས་འཕེལ་མཆོག་བཅས་ཡོངས་འཛིན་དུ་བསྟེན་ནས་གཞུང་བཀའ་པོད་དྲུག་གམ། ཡང་ན་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པར་གསན་བསམ་མཐར་ཕྱིན་པ་གནང་མཐར། བཤད་གྲྭའི་འཛིན་སྐྱོང་ལྷན་ཚོགས་ཀྱིས་སྐྱོར་དཔོན་དུ་བསྐོ་བཞག་མཛད་པ་ལྟར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་སྐྱོར་ཁྲིད་ཀྱི་ཐུགས་འགན་བཞེས།


གཞན་ཡང་སྐུ་འཁྲུངས་པ་ནས་ད་བར་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་གོང་མ་བདག་ཆེན་འཇིགས་བྲལ་རྡོ་རྗེ་འཆང་། ༸སྐྱབས་རྗེ་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་། ༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གཉིས་པ་མཆོག ༸སྐྱབས་མགོན་གོང་མ་ཁྲི་འཛིན་ཞེ་གསུམ་པ་མཆོག ༸སྐྱབས་མཆོག་འཁོན་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག ༸སྐྱབས་མཆོག་ངོར་ཤར་ཆེན་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག ༸སྐྱབས་མཆོག་ངོར་ཐར་རྩེ་མཁན་རིན་པོ་ཆེ་མཆོག ༸སྐྱབས་མཆོག་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་མཆོག་སོགས་མཚན་ལྡན་གྱི་བླ་མ་དམ་པ་དུ་མ་ལས། དཔལ་ས་སྐྱའི་ཟབ་ཆོས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་དང་ལྕགས་རི་ལས་མི་འདའ་བའི་གསེར་ཆོས་བཅུ་གསུམ་ལ་སོགས། ཟབ་རྒྱས་ཀྱི་དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་བཞེས་མཛད།


སློབ་གཉེར་གནང་ཞོར་བར་སེང་སྐབས་སུ་བལ་ཡུལ་གནས་མཆོག་ཡང་ལེ་ཤོད་ཁྲ་རིགས་དགོན་པའི་མཚམས་ཁང་སོགས་སུ་འབྱུང་པོ་འདུལ་བྱེད་དང་ས་འཇམ་སྦགས་སྒྲུབ་སོགས་རྒྱུད་སྡེ་བཞི་དང་འབྲེལ་བའི་ལྷ་ཚོགས་དུ་མའི་བསྙེན་མཚམས་ལན་མང་པོར་བཞུགས།


འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ། རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་བཞིན། སྤྱི་ལོ་༢༠༢༤ ལོར་དཔལ་རྫོང་སར་བཤད་གྲྭ་ནས་མདོ་ཕྱོགས་ཀྱི་སློབ་གཉེར་གེགས་མེད་དུ་གྲུབ་པ་དང་། དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭར་ཕེབས་ཏེ་མཁན་ཆེན་དཀོན་མཆོག་རྒྱལ་མཚན་དབུས་པའི་དགེ་བའི་བཤེས་གཉེན་རྣམ་པའི་དྲུང་ནས་རྒྱུད་སྡེའི་ཆོས་སྐོར་ལ་གསན་སྦྱོང་གནང་དང་གནང་བཞིན་པའོ། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章