དིང་རི་ལ་ཕུལ་བའི་གདུང་གླུ་ངག་གི་དྲིལ་ཆུང་། གོ་གསོས་སྨན།

文摘   2025-01-19 11:29   西藏  
སྒོ་གསུམ་ལན་ཆགས་ཀྱི་ཉེས་རྡུལ་སྤྲུག་པའི་སེམས་ཀྱི་གསོལ་
འདེབས་མཆོག་གསུམ་སྐྱབས་སུ་འབོད་པའི་
གདུང་གླུ་ངག་གི་དྲིལ་ཆུང་།

གོ་གསོས་སྨན། (ཆབ་མདོ།) 

དགའ་བྲོད་སྙེམས་བྱེད་བདུད་ཀྱིས་ཡུན་རིང་དུ་བསྐྲུན་པའི།།
སྣང་བ་བདེན་འཛིན་ལྕགས་ཀྱི་མཁར་རྫོང་དེ་བཤིག་ནས།།
རིག་པ་ཆོས་ཉིད་བུ་མོ་བཅིངས་གྲོལ་དུ་གཏོང་བའི།།
གསང་ཆེན་རྣལ་འབྱོར་བགྲེས་པོས་རྩ་མདུད་དེ་ཁྲོལ་ཅིག།

བྱས་བསགས་ལས་འབྲས་རྒྱལ་མོའི་སྙིང་རྩ་དེ་འཁྲུགས་ནས།།
ལན་ཆགས་རྣམ་སྨིན་འཁོར་བའི་བརྡ་སྟོན་གྱི་བཀའ་ཡིག།
ལ་སྟོད་དིང་རིའི་ལྗོངས་སུ་ཆེད་དམིགས་ཀྱིས་ཕབ་འདྲའི།།
སྡུག་བསྔལ་དུག་མཚོ་ཁོལ་བའི་སྨྲེ་སྔགས་ཤིག་འཐེན་ནོ།།

བསམ་ངན་འགྲོ་བ་མི་ཡི་གདུག་རྩུབ་ཀྱི་ཇུས་གཞི།
ས་བདག་རྒན་པོའི་ཐུགས་ཀྱི་ན་ཆུང་ལ་མ་མཛའ།།
སྨིག་མའི་ནགས་ཚལ་འདྲོགས་པའི་མྱ་ངན་གྱི་ཁ་བ།།
ང་དང་གངས་རིའི་འདབས་ཀྱི་དིང་རི་ལ་བབས་ཚེ།།

རིགས་ཞེན་མེ་རི་འཕྱུར་བའི་རླབས་ཤུགས་ཀྱི་འོག་ནས།།
ཡིད་ཁམས་རྟོག་འགྱུའི་རྩི་ཤིང་བར་མེད་དུ་སྲེག་བཞིན།།
ལྷག་བསམ་དུད་སྤྲིན་རྣམ་འགྱུར་ཕྱི་རོལ་དུ་མངོན་པའི།།
ཐུ་བྷོད་གངས་རིའི་སྤུན་རྣམས་དྲན་མེད་དུ་བརྒྱལ་སོང་།།

བསམ་རིག་སྲིད་འབྱོར་འཕྱན་མའི་འཇུ་རེག་གི་བདེ་བས།།
ཆགས་སྡང་ཁྲག་གི་དུག་མཚོའི་དྲོད་ཚད་དེ་འཕར་ནས།།
གྲགས་སྙན་རལ་པའི་ལྕང་ལོས་སྐུ་རྒྱབ་ཀྱང་ཁེབ་པའི།།
གདུང་ཤུགས་མཆི་མའི་ཆར་རྒྱུན་གང་སར་ནས་ཕབ་སོང་།།

ཡིད་འཛིན་དད་གསུམ་ནགས་ཀྱི་སྐྱེད་ཚལ་དུ་རྒྱུ་ནས།།
སྙོམས་འཇུག་ཏིང་འཛིན་རཀྟས་ལུས་སྟོབས་དེ་གསོས་པའི།།
རིག་གྲོལ་ཡོན་ཏན་བརྒྱད་ཀྱི་གྲ་འཛུམ་དེ་རྒྱས་བཞིན།།
བདེན་གསུང་ཆོས་ཀྱི་ངར་སྒྲ་རི་ཀླུང་ཀུན་བསྒྲགས་སོང་།།

རིགས་ཁམས་ཙིཏྟ་གྲོང་གི་ནམ་མཁའ་ནས་ཚེས་པའི།།
བརྩེ་ཆེན་ཟླ་བའི་འོད་མདངས་ཕྱི་རོལ་དུ་འཕྲོས་ཚེ།།
གཞན་ཕན་ཕྱག་ཟུང་རིང་མོའི་འདབ་བརྒྱ་དེ་གྲོལ་བས།།
སྐྱོ་སྡུག་བྱེ་མའི་ཐང་ལ་ཀུ་མུད་ཀྱང་འཁྲུངས་སོང་།།

སྲ་གཟུགས་ས་ཆེན་འདར་བའི་སྒང་གཤོང་ན་གནས་ཤིང་།།
ཤ་རུས་འཇིགས་པས་གཙེས་པའི་ཡུལ་དངོས་ན་མེད་ཀྱང་།།
གངས་ཆུས་སེམས་རྩ་བངས་པའི་ཆགས་སྡང་གི་མི་ཚོགས།།
སྡུག་གི་མཆི་མས་བརྣངས་བ་རྣམ་པ་ཀུན་མཚུངས་སོ།།

ཡིད་ཁམས་འཇག་སྐྱ་འཛིངས་པའི་ས་ཆེན་གྱི་མངའ་ཐང་།།
བྱམས་བརྩེའི་གཏོང་ཕོད་སྡེ་བཞིའི་དམག་དཔུང་གིས་བཟུང་ནས།།
མཐུན་སྦྱོར་ཕན་བདེའི་ལྷ་བསངས་བར་མེད་དུ་བཏང་བས།།
སྨྲེ་སྔགས་བུ་ལོན་སྙོག་སའི་སེམས་རྟེན་ཙམ་ཡོད་འདུག།

སྡུག་བསྔལ་རྣག་ཁྲག་གསོག་པའི་ཉམ་ཉེས་ཀྱི་འབྲུམ་འབུར།།
སྐྱབས་སྦྱིན་དབུགས་དབྱུང་ཁབ་ཀྱིས་ཡང་ཡང་དུ་གཙག་པས།།
དངོས་རྫས་ཡམ་ཤིང་སྤུངས་པའི་འཚོ་རྟེན་གྱི་ཕོན་པོ།།
འདར་འགུལ་མེ་ལྕེས་འཕྲོགས་པའི་ཐེབ་རྩ་ཙམ་ལོན་འགྲོ།།

བེམ་རིག་མདུད་པ་གྲོལ་བའི་རྗེས་ཤུལ་ལ་འབྲང་པའི།།
འཁྲུལ་སྣང་རྗེ་མོ་ཁྲོས་པའི་རྣམ་འགྱུར་ལ་དངངས་ནས།།
ལན་ཆགས་བུ་ལོན་སྟོང་གིས་སྔུན་རྒྱབ་ནས་རྒོལ་བའི།།
ལྟོས་མེད་གཤིས་པོ་དེ་རྣམས་ལྷག་དོན་དུ་སྙིང་རྗེ།།

དེའི་ཕྱིར་ཉིང་འཁྲུལ་བདུད་མོའི་ཆོ་འཕྲུལ་གྱི་གྲིབ་གཟུགས།།
འཕོ་ལྟུང་ལས་ཀྱིས་མནར་བའི་ཉམ་ཆུང་ལ་བབས་དུས།།
ཟློག་བསྒྱུར་དཔུང་གི་བྱིན་ཆེན་དུས་ཐོག་ཏུ་ཕབ་ནས།།
བརྩེ་ཆེན་ལྷ་ཡི་དཔུང་ཚོགས་བཏང་སྙོམས་སུ་མ་བཞུགས།།

རྡོས་བཅས་ཤ་ཁྲག་རུས་པའི་སྐུ་མཁར་དེ་ཞིག་ཀྱང་།།
འཁྲེང་ཞེན་དར་ཐག་སྐྱ་མོ་མི་ཡུལ་ན་ལུས་པའི།།
འཁྲུལ་རྟོག་རལ་གྲིས་ཕུག་པའི་བར་དོ་ཡི་ཡིད་ལུས།།
དགའ་བཞིའི་འགྲོས་ཐིམ་བཞི་ཡིས་གྲོལ་བ་དེ་མཛོད་ཅིག།

ཞེན་ཆགས་རྟོད་ཕུར་གདབ་སའི་གཞིས་ཆུང་གི་ན་ཐང་།།
སྡུག་རྩུབ་བྱེ་རྡུལ་འཕྱུར་བའི་ངམ་ཐང་དུ་གྱུར་ནས།།
ཚེ་སྲོག་ནེམ་རྩྭ་ཤོར་བའི་རྣམ་ཤེས་ཀྱི་རྐྱང་ཕྲུག།
ས་བཅུའི་མེ་ཏོག་འཛུམ་པའི་དགའ་ཚལ་དུ་སྐྱེལ་རོགས།།

        ཞེས་ལན་ཆགས་གཙང་པོ་འཁྱོམས་པའི་སྡིག་སྒྲིབ་ཀྱིས་ཞེན་འཛིན་ལྕགས་ཀྱི་མདུད་པས་བསྡོམས་པའི་རིགས་མཐུན་སྤུན་ཟླ་མང་པོ་ཞིག་ལ་ས་འཛིན་འཁུ་ལྡོག་གི་གནོད་སྐྱོན་ཕོག་ཚེ།    སེམས་ཉིད་མཁའ་ལྡིང་ཁྱུང་གི་སྒྱུ་འཕྲུལ་རྗེན་ཅེར་དུ་མཐོང་བའི་དྲང་སྲོང་བགྲེས་པོ་དུང་སྤྲུལ་ཆོས་ཀྱི་རྒྱལ་མཚན་ལགས་ཀྱིས་བརྩེ་ཆེན་བཀའ་ཡི་ཆར་ཕྲན་ཞིག་ཀྱང་ཁོ་བོའི་སྤྱི་བོ་རུ་ཕབ་པ་དང་།   ཡིད་ཁམས་ཀུན་རྟོག་གི་ནགས་ཀླུང་དུ་རུས་ཞེན་རྟ་གདོང་གི་མེ་ལྕེས་ཡུན་ནས་ཡུན་དུ་བསྲེག་པའི་གདུང་ཤུགས་ལས།  གཙང་ལ་སྟོད་ཀྱི་དིང་རི་གླང་འཁོར་དགོན་ནས་ཡལ་ག་དང་ཡན་ལག་རྒྱས་པའི་ཟབ་ཆོས་ཞི་བྱེད་གཅོད་ཀྱི་བཀའ་བབས་ཀྱི་གདན་ས་དམ་པ་སྐྱབས་ཆེ་གཅོད་སྒར་གྱི་གྲལ་མཐར་འཛིན་པ་སྲོལ་རྒྱུན་ངག་རིག་སྨྲ་བ་གོ་གསོས་སྨན་དུ་འབོད་པས་གསང་ཆེན་བརྡ་དག་གིས་ཟུར་བརྒྱན་ནས་སྡེབ་ལེགས་ཚིག་གི་ཡིག་ཆུང་ཐུགས་གསོའི་མཎྜལ་གྱི་ཚུལ་དུ་ཡུལ་མདོ་སྨད་ནས་སྤྲིང་པའོ།།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章