ས་ལོ་ཙཱ་བ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བཀའ་བསྟན་ཇི་ཙམ་བསྒྱུར་བའི་མཚན་གྲངས།
ཚད་མ་རྣམ་འགྲེལ་འདི་ཉིད་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དང་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པས་བསྒྱུར་མཛད་པ་ཡིན་ཏེ། དེ་འགྱུར་བྱང་ལས། རྒྱ་གར་གྱི་མཁན་པོ་སུ་བྷཱུ་ཏི་ཤྲཱི་ཤནྟི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ལ། ཁ་ཆེའི་པཎྜི་ཏ་ཆེན་པོ་སྐལ་ལྡན་རྒྱལ་པོ་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་བཅོས་ཤིང་། །དུས་ཕྱིས་སའི་སྟེང་ན་འགྲན་ཟླ་ཐམས་ཅད་དང་བྲལ་བའི་མཁས་པ་བསོད་སྙོམས་པ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ལ་སོགས་པ་རྣམས་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་པ་དང་། གཞན་ཡང་འགྱུར་བྱང་ལས།འཇམ་མགོན་ས་སྐྱ་པཎྜི་ཏ་ནས། ཆོས་ཀྱི་གྲགས་པའི་གསུང་རབ་དྲི་མ་མེད། །རིགས་པའི་མཐར་ཐུག་ཚད་མ་རྣམ་འགྲེལ་འདི། །སྒྲ་དོན་ཇི་བཞིན་བློ་ཡིས་ལེགས་རྟོགས་ནས། །སྟོན་པ་གངས་ཅན་འདི་ན་ཁོ་བོ་ཙམ། །ཞེས་གསུངས་སོ། །སུ་ག་ཏ་ཤྲྀའི་མདུན་ནས་རྣམ་འགྲེལ་ལེའུ་དང་པོའི་སྟོང་ཕྲག་ཕྱེད་དང་བཞི་པ་གསན་སྦྱངས་མཛད་ནས་དེ་ཉིད་བོད་སྐད་དུ་བསྒྱུར་མཛད། སློབ་དཔོན་ཐར་པའི་འབྱུང་གནས་ཀྱིས་མཛད་པའི་ཚད་མ་རྟོག་གེའི་སྐད་ཅེས་པ་དེ་བོད་སྐད་དུ་བསྒྱུར་མཛད་པ་ཡིན་ནོ། །སཾ་ག་ཤྲྀའི་སྐུ་མདུན་ནས་ཚད་མ་རྣམ་འགྲེལ་ལེའུ་དང་པོ་རྩ་བ་ཡིད་ཀྱི་ཤིང་རྟའི་བཤད་པ་ཀུན་བཏུས་དང་སྦྱར་བ་ལ་གསན་སྦྱངས་མཛད་ནས་དེའི་ལེའུ་དང་པོའི་འགྲེལ་བ་སྟོང་ཕྲག་གཉིས་བོད་སྐད་དུ་བསྒྱུར་མཛད། ཡན་ལག་གི་བསྟན་བཅོས་རྩོད་པ་རིགས་པ་སློབ་དཔོན་ཞི་བ་མཚོའི་འགྲེལ་པ་དང་། བྲམ་ཟེའི་འགྲེལ་པ་དང་བཅས་པ་གསན་ནས་བོད་སྐད་དུ་བསྒྱུར། པཎྜི་ཏ་སུ་ག་ཏ་ཤྲཱིས་མཛད་པའི་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ལ་རྒྱ་སྐད་ཀྱི་ཐོག་ནས་བསྟོད་པ་མཛད་གནང་བ་དེ་ཡང་བོད་སྐད་དུ་བསྒྱུར། དེ་ཡང་འགྱུར་བྱང་ལས།བདག་ཉིད་ཆེན་པོ་གྲགས་པ་རྒྱལ་མཚན་ལ་བསྟོད་པ་རྒྱ་གར་གྱི་མཁན་པོ་སུ་ག་ཏ་ཤྲཱིས་སྦྱར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དེ་ཉིད་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ། །ཞེས་གསུངས་སོ། །འདི་དེང་སང་བསྟན་འགྱུར་བསྟོད་ཚོགས་ཀྱི་ནང་དུ་བཞུགས་ཡོད།
པཎྜི་ཏ་བཟང་པོ་སྦྱིན་པས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་འདི་ཉིད་བསྒྱུར་མཛད་པ་ཡིན་ཏེ། འགྱུར་བྱང་ལས། རྒྱ་གར་གྱི་མཁན་པོ་ཤཱཀྱ་ཤྲཱི་བྷ་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་བསྒྱུར་བའོ། །ཞེས་གསུངས་སོ། །སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རྡུལ་མཚོན་ལ་བརྟེན་པའི་དཀྱིལ་འཁོར་ཆོ་ག་དང་བཅས་པ་བསྒྱུར། ཡང་འཇམ་མགོན་བླ་མས་རྣལ་འབྱོར་གྱི་རྒྱུད་ཀྱི་རྒྱུད་སྡེའི་སྐོར་ལ་སཾ་ག་ཏ་ཤྲཱིའི་སྐུ་མདུན་ནས་གསན་སྦྱངས་མང་པོ་མཛད་ནས་དེ་ཡང་རྒྱུད་གསང་བ་ནོར་བུ་ཐེག་ལེ་བསྒྱུར་མཛད་པ་ཡིན་ཏེ། དེ་ཡང་འགྱུར་བྱང་ལས། ཆོས་རྗེ་ས་པཎ་གྱིས། དམ་པའི་རྒྱུད་འདི་གངས་ཅན་འདི་ན་སྔོན། །རྣམ་པ་ཀུན་ཏུ་བསྒྱུར་བ་མ་རྙེད་ནས། །མཁས་པ་བདེ་བར་གཤེགས་པའི་དཔལ་དང་ནི། །སྒྲ་རིག་ཀུན་དགའ་རྒྱལ་མཚན་བདག་གིས་བསྒྱུར། །དམ་པའི་བཀས་བསྐུལ་ནས་ནི་གུས་པ་ཡིས། །དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་བསྒྱུར། །ཞེས་གསུངས་སོ། །རྡོ་རྗེ་ས་འོག་གི་རྒྱུདའདི་ཉིད་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་བསྒྱུར་མཛད་པ་ཡིན་ཏེ། དེ་ཡང་འགྱུར་བྱང་ལས། རྒྱ་གར་གྱི་པཎྜི་ཏ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་། སྒྲ་སྒྱུར་གྱི་མཁས་པ་སྒྲའི་གཙུག་ལག་ལ་མ་རྨོངས་པ་གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་བོས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར།། །།ལྷ་མིན་དབང་པོའི་སྒོ་གླེགས་འཇོམས་བྱེད་པ། །གསུང་རབ་དམ་པ་དཔལ་ལྡན་ཀུན་དགའ་ཡི། །རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ། །གང་ལགས་དེ་ལ་མཁས་རྣམས་བཟོད་པ་མཛོད། །ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར། །གསང་བདག་རྡོ་རྗེ་འཛིན་པ་དམ་པའི་བཀའ། །གངས་ཅན་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས། །བསྒྱུར་བའི་བསོད་ནམས་འཛིན་བཅས་རྣམས་ལ་བྱིན།། །།ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་རྒྱན་གྱི་བཀོད་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་པ་འདི་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏས་བསྒྱུར་མཛད་པ་ཡིན་ཏེ། དེ་ཡང་འགྱུར་བྱང་ལས། རྒྱ་གར་གྱི་མཁན་པོ་བརྡ་སྤྲོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་། སྒྱུར་བྱེད་ཀྱི་མཁས་པ་སྒྲའི་གཞུང་ལུགས་ལ་བློ་གྲོས་དཀར་བ་ཀུན་དགའ་རྒྱལ་མཚན་གྱིས་དཔལ་ས་སྐྱའི་དབེན་གནས་དམ་པར་བསྒྱུར།། །། མདའ་ལྔའི་གཙུག་ལྡན་ཡིད་ཀྱི་སྲུབ་ཤིང་གི། །དྲེགས་པའི་དྲ་བ་རྣམ་པར་དྲལ་བའི་ཕྱིར། །རྒྱུད་རྒྱལ་རྒྱ་མཚོའི་རྒྱལ་པོ་ལྟར་ཟབ་འདི། །བསྒྱུར་ལ་འགལ་གང་འདི་ལ་འཕགས་རྣམས་དགོངས། །ཞེས་གསུངས་སོ། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་དེའི་ཆ་ལག་ཏུ་གྱུར་པ་མང་པོ་ཞིག་བོད་སྐད་དུ་བསྒྱུར་བ་ཡིན་ཏེ། དེ་འཇམ་མགོན་ས་པཎ་གྱིས་མཛད་པའི་ཆག་ལོའི་དྲིས་ལན་ལས། གསང་བ་ནོར་བུའི་ཐེ་ལེ་དང་། །རྡོ་རྗེ་ས་འོག་གསང་བ་རྒྱན། །རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད། །འདི་རྣམས་བོད་དུ་སྔོན་མ་འགྱུར། །བདག་གིས་ས་ག་ཏ་ཤྲཱི་ལས། །ཐོས་ནས་བསྒྱུར་ཞིང་གཏན་ལ་ཕབ། །ཞེས་གསུངས་སོ། །སློབ་དཔོན་ཨཱརྱ་དེ་བས་མཛད་པའི་དཔལ་ལྡན་གསང་བ་འདུས་པའི་རླུང་ལས་རྣམ་པར་རྒྱལ་བ་ཞེས་པ་དེ་སུ་ག་ཏ་ཤྲི་ལས་གསན་ནས་འཇམ་མགོན་བླ་མས་བོད་སྐད་དུ་བསྒྱུར། སློབ་དཔོན་ཤར་ཕྱོགས་པ་ཞེས་བྱ་བས་མཛད་པའི་རས་བྲིས་ལ་བརྟེན་པའི་དཀྱིལ་འཁོར་གྱི་ཆོ་ག་གསན་ནས་བསྒྱུར་བ་ཡིན་ནོ། །སློ་དཔོན་སྒྲན་ཅན་འཛིན་འཇམ་དཔལ་ཤེས་གཉེན་གྱིས་མཛད་པའི་ཟུང་དུ་འཇུག་པ་གསལ་བ་ཞེས་བྱ་བའི་དབང་གི་བྱ་བ་ཞེས་བྱ་བ་བསྒྱུར་མཛད་པ་ཡིན་ཏེ། དེ་ཡང་འགྱུར་བྱང་ལས། མཁས་པ་ཆེན་པོ་བསོད་སྙོམས་པ། ཤཱཀྱ་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་། ཤཱཀྱའི་དགེ་སློང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་ཐོབ་སྟེ། ཐོས་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །འདི་ལ་ལོ་ཀ་ཕྱེད་དང་བརྒྱད་བརྒྱའོ།། །།ཞེས་གསུངས་སོ། །སློབ་དཔོན་ཙཎྜས་མཛད་པའི་སྨོན་ལམ་གྱི་ཚིགས་བཅད་མདོར་བསྡུས་པ་བོད་སྐད་དུ་བསྒྱུར། ཡང་རྡོ་རྗེ་ཕུར་པ་རྩ་རྒྱུད་དུམ་བུ་འདི་ཆོས་རྗེ་ས་པཎ་གྱིས་རང་བསྒྱུར་མཛད་པ་ཡིན་ཏེ། དེ་ཡང་འགྱུར་བྱང་ལས།རྡོ་རྗེ་ཕུར་པ་རྩ་བའི་རྒྱུད་ཀྱི་དུམ་བུ། སློབ་དཔོན་པདྨ་འབྱུང་གནས་དངོས་ཀྱི་རྒྱ་དཔེ་དང་མཐུན་པར། དཔལ་ལྡན་ས་སྐྱ་པཎྜི་ཏས།གཡས་རུའི་སའི་ཆ། ཤངས་ཀྱི་སྲེག་ཞིང་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་སོ། །གཞན་ཡང་མིང་གི་མངོན་བརྗོད་ཀྱི་བསྟན་བཅོས་ལ་ཡི་གེ་རེ་རེའི་མངོན་བརྗོད་གསན་ཅིང་བསྒྱུར།
རིག་པའི་རྡོ་རྗེ་ནས་རྣམ་ཐར་ཁག་ལས་ཟུར་དུ་ཕྱུང་སྟེ་བཀོད་པའོ། །