དུས་རབས་ལོ་རབས་དུ་མར་བརྒྱུད་པ་ཡི།།
མི་ཚེ་མི་རབས་སྟོང་གི་ཡིད་བཞིན་ནོར།།
རྩ་ཆེན་སྲོལ་རྒྱུན་རིག་གནས་འདི་མེད་ན།།
མི་རིགས་འཚོ་ཐབས་མེད་དོ་ང་ཡི་བོད།།
གཙུག་ལག་རྩིས་ཀྱི་རིག་པར་ཕུག་གཏུགས་ཤིང་།།
ཡུལ་དུས་རྟེན་འབྲེལ་ཆོ་གས་གཞུང་བསྲངས་པའི།།
ལོ་མགོ་འཛིན་ཚུལ་ལོ་སར་གཏོང་ཚུལ་འདི།།
ང་ཚོའི་རིག་གནས་ཡིན་ནོ་ང་ཡི་བོད།།
གནས་སྐབས་ཙམ་ལ་སྟབས་བདེའི་དགོས་དབང་དང་།།
ཁ་ཕྱོགས་ངེས་གཏན་མེད་པའི་གཡམ་རྒྱུགས་ཀྱིས།།
དུས་ཚོད་ཏག་ཏག་མིན་པའི་ལོ་སར་འདི།།
རིག་གནས་གཏོར་བཤིག་ཡིན་ནོ་ང་ཡི་བོད།།
རྫས་ངན་ཤོག་སྦག་བཀད་པའི་འུར་ཟིང་ཁྲོད།།
ཉ་སྦལ་འབུ་སྲིན་བཤམས་པའི་སྡེར་ཁ་དང་།།
རྫས་འགྱུར་མངར་ཆུ་སྤུངས་པའི་དགའ་སྟོན་འདི།།
ང་ཚོའི་ལོ་སར་མིན་ནོ་ང་ཡི་བོད།།
ཚེས་ཆུ་ལྷ་བསང་མཆོད་བཤམས་མེད་པ་དང་།།
ཁྱིམ་མཚེས་ཕན་ཚུན་ལོ་སྐལ་ཆད་པ་སོགས།།
རྟེན་འབྲེལ་སྤྱོད་ཚུལ་བོར་བའི་ལོ་སར་འདི།།
རིག་གནས་གཞན་འདྲེས་ཡིན་ནོ་ང་ཡི་བོད།།
བཅུད་ཆེན་ཟས་ཀྱི་རྒྱ་མཚོ་ཕྱི་རུ་ཕུད།།
ལྦུ་སོབ་ཟས་རིགས་ཡོད་རྒུ་ནང་དུ་སྤུངས།།
ཚག་ཚག་ཕིག་ཕིག་བརྔོ་བའི་ཡོ་ལངས་འདི།།
ཡུལ་དུས་ཁམས་ལ་མི་འཕྲོད་ང་ཡི་བོད།།
མི་རིགས་ཆུང་ཆུང་བྱེའུ་ཚང་ཙམ་ཞིག་ལ།།
ལོ་སར་རོལ་ཚུལ་གསར་དར་རྙིང་ལུགས་སོགས།།
གཅིག་འགྱུར་ངོས་འཛིན་མེད་པའི་སྣང་ཚུལ་འདི།།
ང་ཚོའི་སྐྱོ་གར་ཡིན་ནོ་ང་ཡི་བོད།།
ཆེ་སར་སྲོལ་རྒྱུན་རིག་གནས་ཉམས་པ་དང་།།
ཆུང་སར་རང་ལུས་བདེ་ཐང་ཉམས་པ་སོགས།།
ལོ་སར་འདི་དང་འབྲེལ་བ་ཡོད་པའི་ཚུལ།།
མནོ་བསམ་ཞིབ་ཏུ་ཐོངས་ཤིག་ང་ཡི་བོད།།
བཟང་ངན་ལྟ་བ་ཡག་བཙོག་ངོས་འཛིན་དང་།།
ཞྭ་ལུགས་གོས་ལྟ་ནར་མའི་སྤྱོད་པ་སོགས།།
རང་རང་རིག་གནས་གཙང་མ་ཡོད་བཞིན་དུ།།
ཡོད་ཚད་གཞན་རྗེས་མ་འབྲང་ང་ཡི་བོད།།
ཤར་ནུབ་ལྷོ་བྱང་ཀུན་གྱི་རྒྱལ་ཁབ་དང་།།
ཐག་ཉེ་མི་རིགས་རྣམས་ཀྱི་སྤྱོད་ཚུལ་ལྟོས།།
རང་རང་ལོ་སར་གཏོང་ཚུལ་རིག་གནས་དེ།།
འདི་ལྟར་བསྒྱུར་བཅོས་རུང་ངམ་ང་ཡི་བོད།།
དེའི་ཕྱིར་རང་རང་ལོ་སར་གཏོང་ཚུལ་ཡན།།
རིག་གནས་ཆེ་ཆུང་རང་བདག་མ་བྱས་ན།།
ཐུན་མིན་རིག་གནས་ངག་ཐོག་ལོ་རྒྱུས་ཙམ།།
འཕྲལ་དང་འཕྲལ་དུ་འགྱུར་འགྲོ་ང་ཡི་བོད།།