རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ། ༸སྐྱབས་མགོན་ས་སྐྱ་༸གོང་མ།

文摘   2025-01-31 19:33   西藏  

རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ།

ཐུབ་པའི་དབང་པོ་སློབ་དཔོན་པདྨ་འབྱུང་།།

ཕྱག་ན་པདྨོ་རྗེ་བཙུན་འཕགས་མ་སོགས།།

སྐྱབས་གནས་རྒྱ་མཚོར་རྩེ་གཅིག་གསོལ་འདེབས་ན།།

མི་མངོན་དབྱིངས་ནས་ཐུགས་རྗེས་དགོངས་སུ་གསོལ།།


མི་བསྲུན་བསམ་སྦྱོར་ངན་པའི་གདུག་རྩུབ་ཀྱིས།།

ཚེ་བསོད་དྭངས་མའི་བསྐལ་བ་ཀུན་བཅོམ་སྟེ།།

དལ་མེད་སྙིགས་ལྔའི་རྒུད་ཚོགས་རླབས་པོ་ཆེར།།

སྤྱོད་པའི་འགྲོ་རྣམས་ཐུགས་རྗེས་མི་དགོངས་སམ།།


སྲིད་འབྱོར་ཡིད་ལ་བརྣག་པའི་རྔམས་སེམས་ཀྱིས།།

སྐྱེ་ཤིང་ནགས་ཚལ་གཅོད་འབྲེག་ལ་སོགས་པས།།

ཆར་ཆུའི་འབྱུང་བ་འཁྲུག་པའི་རྐྱེན་ངན་ནང་།།

ལྟུང་བའི་འགྲོ་རྣམས་ཐུགས་རྗེས་མྱུར་དུ་སྐྱོབས།།


སྣ་མང་གྲངས་ཡས་འཕྲུལ་འཁོར་བཀོལ་བྱའི་ཕྱིར།།

ཚད་མེད་གཏེར་ཁ་བསྔོག་པའི་ལས་སྦྱོར་གྱིས།།

ལྷ་ཀླུ་གཞི་བདག་གནས་ཡུལ་དཀྲུགས་པ་ལས།།

བྱུང་བའི་ཉེས་འཚེ་ཞི་བར་བྱིན་གྱིས་རློབས།།


གྲངས་མེད་བཟོ་གྲྭའི་དུད་སྤྲིན་ཕུང་པོ་ཡིས།།

མཁའ་རླུང་བཙོག་པར་བསྒྱུར་བའི་ཉེར་ལེན་ལས།།

སྔོན་མེད་ནད་ཀྱིས་འཇིག་རྟེན་ཀུན་འདར་བའི།།

ཉམ་ངའི་གནས་ལས་སྐྱོབས་པར་བྱིན་གྱིས་རློབས།།


ཁྱད་པར་ཡིད་ཚིམ་མེད་པའི་འདོད་སྲེད་ཀྱིས།།

སྣོད་བཅུད་ཐལ་བར་རློག་པའི་བརླང་སྤྱོད་ལས།།

རང་བྱུང་འབྱུང་བཞི་འཁྲུག་པའི་འཇིགས་ཚོགས་རྣམས།།

གནོད་མེད་རང་སར་ཞི་བར་བྱིན་གྱིས་རློབས།།


གནས་དུས་གང་སར་འཕྲུལ་ཆས་བཀོལ་བ་ལས།།

ཚ་བའི་དུག་གིས་སྲེག་པའི་གངས་རི་རྣམས།།

བཞུར་ནས་རྒྱ་མཚོས་འཇིག་རྟེན་བསྐལ་བའི་མཐར།།

གཏུགས་པའི་གནས་ལས་སྐྱོབས་པར་བྱིན་གྱིས་རློབས།།


གཞན་ཡང་མི་བཟད་འཇིགས་རུང་ཉི་མའི་དུག།

འགོག་བྱེད་རང་བྱུང་བླ་བྲེ་བརྡོལ་བ་ལས།།

བྱུང་བའི་ནད་རིགས་བཅོས་སུ་མེད་པ་དག།

མིང་གི་ལྷག་མར་ཞི་བར་བྱིན་གྱིས་རློབས།།


མདོར་ན་འདོད་སྲེད་དྲག་པོའི་གཞན་དབང་གིས།།

ཐུན་མོང་ལས་ཀྱིས་བསྐྱེད་པའི་འཇིག་རྟེན་འདི།།

མྱ་ངན་ཐང་ལས་མྱུར་བར་སྒྱུར་རྩོམ་པའི།།

ལས་ངན་རང་ས་འགག་པར་བྱིན་གྱིས་རློབས།།


དེ་ལྟར་སྣོད་བཅུད་ཉེས་པའི་ཚོགས་མ་ལུས།།

ཀུན་རྨོངས་ལས་ཉོན་དབང་གིས་བྱུང་གྱུར་ཀྱང་།།

མཆོག་གསུམ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས།།

སྨོན་པའི་དོན་ཀུན་འགྲུབ་པར་མཛད་དུ་གསོལ།།

ཞེས་པ་འདི་དཔལ་ས་སྐྱའི་ཁྲི་ཆེན་༤༡པ་༸ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོས་མཛད།། །།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章