རྩོམ་འབྲི་བ། དབྱངས་རྡེའུ། ཐང་སྐྱ།
གདོད་ནས་སྤྲོལ་བྲལ་ཀློང་ནས་གཡོ་བ་རང་མེད་ཀྱང་།།
སྣ་ཚོགས་འགྲོ་བའི་སྣང་ངོར་མི་གཟུགས་སུ་བྱོན་པའི།།
སྨིན་གྲོལ་གདམས་པ་བདུད་རྩིའི་བཀའ་དྲིན་གྱིས་སྐྱོང་བའི།།
ཁྱབ་བདག་གསེར་མདོག་མཚན་ཅན་བླ་མ་དེ་མཁྱེན་ནོ།།
དུག་གསུམ་ལམ་དུ་འཁྱོངས་བས་སྲིད་པ་ལ་མི་གནས།།
དམིགས་མེད་སྙིང་རྗེ་མངའ་བས་ཞི་མཐའ་ལ་མི་ལྷུང་།།
གསལ་སྟོང་ཟུང་འཇུག་ཀློང་ནས་སྙིགས་དུས་ཀྱི་འགྲོ་བ།།
ཐར་པའི་ལམ་དུ་འདྲེན་མཛད་བླ་མ་དེ་མཁྱེན་ནོ།།
གསལ་བ་སྙིང་རྗེ་ཟབ་མོ་ལྷ་ཚོགས་སུ་སྟོན་ཞིང་།།
སྟོང་པ་གདུག་པ་འདུལ་ཕྱིར་ཁྲོ་ཚོགས་སུ་ཤར་བ།།
གསང་བ་ཅོད་པན་ལྟ་བུའི་རིགས་བདག་ཏུ་བཞེངས་པའི།།
གདན་གསུམ་དབྱེར་མེད་འདུས་པའི་བླ་མ་དེ་མཁྱེན་ནོ།།
ཕྱི་རོལ་ཡུལ་གྱི་གྱ་གྱུར་རང་སེམས་སུ་རྟོགས་ཤིང་།།
རང་སེམས་རྩ་རླུང་ཐིག་ལེ་ལྷ་ཚོགས་སུ་མཐོང་བ།།
གང་སྣང་ལྷ་ཡི་འཁོར་ལོ་འབའ་ཞིག་ཏུ་རྟོགས་པའི།།
གྲུབ་པའི་ས་མཐོར་གཤེགས་པའི་བླ་མ་དེ་མཁྱེན་ནོ།།
རང་རྒྱུད་ཉོན་མོང་དབང་གྱུར་ཐོས་བསྒོམ་སོགས་དབེན་ཀྱང་།།
དུས་གསུམ་རྒྱུན་ཆད་མེད་པའི་གསོལ་འདེབས་ཀྱི་མཐུ་ལས།།
སྒྲིབས་མེད་ཡེ་ཤེས་ཐུགས་ཀྱིས་མངོན་གསུམ་དུ་དགོངས་ནས།།
ཐུགས་ཡིད་དབྱེར་མེད་འདྲེས་པའི་ས་ལམ་ལ་སྦྱོར་ཞིག།
འདི་སྣང་བྱ་བ་ཡོད་ཚད་ཐལ་བ་བཞིན་བོར་ནས།།
མི་མེད་དབེན་པའི་རི་ལ་གཅིག་པུ་རུ་འཚོ་ཞིང་།།
ཡེངས་མེད་རང་སེམས་སྐྱོང་བའི་རྟེན་འབྲེལ་གྱི་མཐུ་ལས།།
མགོན་ཁྱེད་ཐུགས་དགོངས་རྫོགས་པའི་སྐལ་བཟང་ལ་སྨོན་ནོ།།
ཆེན་པོ་མགུ་བའི་ཞལ་འཛུམ་ཐོབ་པ་རང་མེད་ཀྱང་།།
འགྲན་མེད་ཁྱེད་ཀྱི་ཞལ་ལུང་སྙིང་དབུས་སུ་བཅངས་ཤིང་།།
རང་བློ་ཆོས་བརྒྱད་འདི་དག་ཐལ་རྡུལ་བཞིན་བཤིགས་ནས།།
བླ་མའི་གོང་འཕངས་ཐོབ་པའི་སྨོན་ལམ་ཞིག་ཞུ་འོ།།
རྒྱུད་སྡེ་དོན་གཉིས་ཀྱི་བཤད་བཀའ་དང་སྨིན་གྲོལ་ཆ་ལགས་དང་བཅས་པ། ལམ་འབྲས་སློབ་བཤད་སོགས་ཞུ་བཞིན་བར་སྐབས་སུ་རྒྱུད་སྡེ་སྤྱི་རྣམ་གྱི་བཀའ་ཁྲིད་ཞིབ་པ་ཐོབ་པའི་དགའ་སྟོན་གྱི་དོད་དུ་དབྱངས་རྡེའུ་ནས།
2025/01/25