སྙིང་གཏམ་བུ་ཆུང་སྐྱོ་བའི་མགྲིན་གླུ།
ཕ་བཀའ་དྲིན་སུམ་ལྡན་ས་སྐྱ་པ།།
སྐྱབས་མཚན་མཆོག་གསུམ་ལྡན་དབང་པོ་དང་།།
མགོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་ཡང་།།
བུའི་དད་བརྒྱའི་གུར་དུ་བརྟན་པར་རོལ།།
བདག་རང་གིས་རང་ལ་བརྟག་པའི་ཚེ།།
བློས་མི་དྲན་པ་ལ་ཅི་ཡང་མེད།།
དུས་ད་ལྟ་བློ་གཅིག་དྲན་བཞིན་དུ།།
ཡུན་མི་ཐོགས་གཞན་གཅིག་འཛིན་པར་འདུག།
ངས་རེས་འགའ་འཇིག་རྟེན་དོན་དུ་སེམས།།
ཚེ་འདི་ལས་གཅེས་པར་མེད་དོ་བསམ།།
སྐྱིད་འཁོར་བའི་འདོད་ཡོན་རྣམ་ལྔ་ལ།།
བློ་དགའ་བརྒྱའི་ཀློང་ནས་ཞེན་པ་བྱུང་།།
སེམས་དགའ་བའི་གཉེན་རྣམས་སྐྱོང་བ་དང་།།
ཞེ་འཁོན་པའི་དགྲ་བོ་འདུལ་ལོ་བསམ།།
ཚེ་བསྟོད་བསྐུར་སྙན་གྲགས་ལོངས་སྤྱོད་འཁོར།།
ངར་བྱུང་ན་སྙམ་ཞིང་བསྒྲུབ་ན་བསམ།།
སླར་བློ་གྲོས་ཞིབ་མོའི་དཔྱད་པའི་ཚེ།།
བློ་འདི་ཚོ་འཁྲུལ་པ་ཡིན་པར་སེམས།།
ཚེ་མི་རྟག་ནམ་མཁའི་གློག་འགྱུ་ལ།།
ཡིད་རྟོན་པ་བླུན་པོའི་རང་རྟགས་དང་།།
འཇའ་འདོད་ཡོན་རྣམ་ལྔའི་རི་མོ་དེ།།
ཡུན་མི་བརྟན་ཡལ་བའི་རང་བཞིན་གོ།།
ཡུལ་དགྲ་གཉེན་འགྲོ་བ་འདི་དག་ཀུན།།
མཐའ་མི་རྟག་ཕར་འགྱུར་ཚུར་འགྱུར་དང་།།
ཡིད་ཆགས་པའི་བསྟོད་བསྐུར་ལོངས་སྤྱོད་སོགས།།
ཚེ་ཕྱི་མར་ཁུར་ཐབས་མེད་པར་གོ།།
ངས་རེས་འགའ་ཕྱི་མའི་དོན་དུ་སེམས།།
མཐོ་ལྷ་མིའི་གོ་འཕང་ཐོབ་ན་བསམ།།
དཔལ་ཕུན་ཚོགས་ལྷ་ཡི་རྒྱལ་པོ་དང་།།
སྟོབས་རྨད་བྱུང་འཁོར་ལོས་བསྒྱུར་རྒྱལ་ཆེ།།
ཕོ་རང་གིས་འཐོབ་པར་བྱ་བའི་ཕྱིར།།
རྒྱུ་དགེ་བའི་ལས་ལ་སྤྱོད་ན་བསམ།།
སླར་ཞིབ་མོའི་བློ་ཡིས་དཔྱད་པའི་ཚེ།།
བློ་འདི་ཡང་འཁྲུལ་པ་ཡིན་པར་སེམས།།
སྐྱིད་ལྷ་མིའི་ཕུན་སུམ་ཚོགས་པ་ཡང་།།
མཐའ་མི་བརྟན་འགྱུར་བའི་སྡུག་བསྔལ་དང་།།
ཡ་ང་བའི་ངན་སོང་གསུམ་པོ་དེ།།
ཡིད་འོང་བ་ལྷ་མིའི་འབྲས་བུར་གོ།།
གནས་འཁོར་བའི་མཐོ་དམན་གར་སྐྱེས་ཀྱང་།།
ཁྱད་མེད་པར་སྡུག་བསྔལ་རང་བཞིན་ཏེ།།
སྡུག་རྣམ་གསུམ་མེ་མ་མུར་གྱི་འོབས།།
གཏིང་ཟབ་པོའི་ནང་དུ་ཚུད་པར་གོ།།
ངས་རེས་འགའ་ཐར་པའི་དོན་དུ་སེམས།།
རང་འཁོར་བའི་མཚོ་ལས་ཐར་བར་འདོད།།
ཁོང་ཉན་ཐོས་རང་རྒྱལ་དགྲ་བཅོམ་ཆེ།།
དུས་མྱུར་བས་འཐོབ་པར་བྱ་འམ་བསམ།།
ལྷག་བཅས་བྲལ་གཉིས་ཀྱི་མྱང་འདས་དེ།།
རང་བདེ་ཆེད་འཐོབ་བྱ་ཡིན་ནམ་བསམ།།
སླར་ཞིབ་མོའི་བློ་ཡིས་དཔྱད་པའི་ཚེ།།
བློ་འདི་ཡང་འཁྲུལ་པ་ཡིན་པར་སེམས།།
མཐའ་ཡས་པའི་རིགས་དྲུག་འགྲོ་བ་འདི།།
ཀུན་དྲིན་ཆེན་ཨ་མ་ཡིན་པ་དང་།།
དྲིན་གཞལ་བར་དཀའ་བའི་ཕ་མ་ཚོགས།།
སྡུག་འཁོར་བའི་བཙོན་རྭར་ལུས་པར་གོ།།
བཙོན་དེ་ལས་འདོན་པའི་ནུས་པ་ཡང་།།
རང་སངས་རྒྱས་ཐོབ་ན་ཡོད་པ་དང་།།
ལམ་བསམ་སྦྱོར་ཕུན་ཚོགས་ཉམས་བླངས་ན།།
སངས་རྒྱས་པར་དཀའ་བ་མེད་པར་གོ།།
ཐབས་འདི་འདྲས་སྐྱོབ་པར་ནུས་བཞིན་དུ།།
ཁོང་ཕ་མ་སྡུག་བསྔལ་ཀློང་དུ་བཞག།
རང་ཞི་བའི་ས་སྐམ་བདེར་སྡོད་པ།།
ཁྲེལ་ངོ་ཚ་སྙིང་རྗེ་མེད་པར་གོ།།
ངས་རེས་འགའ་གནས་ལུགས་དོན་ལ་སེམས།།
བློས་ཡོད་དང་མེད་སོགས་ཅིར་ཡང་འཛིན།།
གསལ་ལམ་མེར་ཤར་བའི་སྣང་བ་འདི།།
དོན་བྱེད་པས་ཡོད་པ་ཡིན་པར་སེམས།།
གཅིག་དུ་བྲལ་རིགས་པས་དཔྱད་པའི་ཚེ།།
དེ་ཞིག་པས་མེད་པ་ཡིན་པར་བཟུང་།།
དོན་བྱེད་ཅིང་རིགས་པས་གཞོམ་ནུས་ཕྱིར།།
དེ་གཉིས་ཀའི་ངོ་བོར་ཡོད་དམ་སྙམ།།
གཅིག་ཡོད་མེད་གཉིས་ཡིན་འགལ་བས་ན།།
དེ་གཉིས་ཀ་མིན་པར་འཐད་དོ་བསམ།།
སླར་ཞིབ་མོའི་བློ་ཡིས་དཔྱད་པའི་ཚེ།།
བློས་མཐའ་རུ་འཛིན་ཀུན་འཁྲུལ་པར་གོ།།
ཆོས་དང་པོ་སྐྱེས་པའི་རང་བཞིན་དེ།།
དུས་ནམ་ཡང་ཅིས་ཀྱང་འགྲུབ་པ་མིན།།
སྐྱེ་མི་འགྲུབ་གནས་འགག་ག་ལ་ཞིག།
དེ་མ་གྲུབ་པ་ཡི་ཡོད་པ་ཅི།།
མཛེས་མོ་གཤམ་བུ་མོ་མ་གྲུབ་ན།།
དེ་བསད་ནས་ཤི་བ་ཇི་ལྟར་འགྲུབ།།
ཆོས་ཡོད་པ་གདོད་ནས་མ་གྲུབ་ན།།
དེ་དཀག་པའི་མེད་པ་ག་ལ་གྲུབ།།
མཐའ་ཡོད་མེད་རེ་རེ་མ་གྲུབ་ཚེ།།
དེ་གཉིས་ཀའི་གཞི་མཐུན་ག་ལ་འཐད།།
དེ་མི་འཐད་གཉིས་ཀ་མིན་པ་ཡང་།།
དཔེ་རི་རྭ་ཆག་པའི་ཟླ་རུ་གོ།།
བློས་གང་དུ་བསམ་ཡང་མཐའ་རུ་སོང་།།
ཚིག་གང་གིས་བརྗོད་ཀྱང་སྤྲོས་པར་ཐལ།།
མཐའ་རྣམ་བཞི་ལེགས་པར་ཁེགས་པའི་མོད།།
བློས་བསམ་མེད་བརྗོད་མེད་དབུ་མའི་ལྟ།།
བློས་བསམ་མེད་བརྗོད་མེད་བསམ་པ་ཡང་།།
མཐའ་རྣམ་པར་རྟོག་ལས་འདས་པ་མིན།།
ཡུལ་ཆོས་དབྱིངས་སྤྲོས་ཀུན་བྲལ་བ་ལ།།
བློས་འཛིན་ཀུན་བྲལ་བ་ལྟ་བའི་མཆོག།
སྔོན་བརྩེ་ཆེན་འཕགས་པ་འཇམ་དཔལ་གྱིས།།
དབྱིངས་སྟོང་ཉིད་དོན་ལ་དྲིས་པའི་ཚེ།།
དཔལ་བློ་ཆེན་དྲི་མེད་གྲགས་པ་ཡང་།།
ཅང་མ་གསུངས་བཞུགས་པ་འདི་ལ་ཐུག།
སྐྱབས་དྲིན་ཆེན་རྩ་བའི་བླ་མ་མཁྱེན།།
བུ་ང་ལ་བརྩེ་བས་རྗེས་སུ་སྐྱོངས།།
ཕ་ཁྱེད་ལས་བསླབས་དང་མ་བསླབས་པའི།།
བློ་སྣ་ཚོགས་རེས་འཇོག་ཚུལ་དུ་འཆར།།
དགེ་ལྷ་ཆོས་བྱེད་དུས་མི་ཆོས་དྲན།།
སྡིག་མི་ཆོས་བྱེད་དུས་ལྷ་ཆོས་དྲན།།
དུས་རེས་འགའ་འཁོར་བར་སྡུག་བསྔལ་ཤེས།།
དུས་ཕར་ཆེར་ལྷ་མའི་དཔལ་ལ་ཆགས།།
ཁམས་བཟང་དུས་གཞན་ཕན་སེམས་ལ་འཆར།།
ཁམས་ངན་ན་རང་དོན་མཆོག་ཏུ་འཛིན།།
བློ་གསལ་དུས་སྤྲོས་བྲལ་དབྱིངས་ལ་དད།།
དུས་ཕལ་ཆེར་བདག་འཛིན་རྨོངས་པས་གཏུམ།།
ཉིན་ཐུང་ངུ་གཅིག་གི་མགོ་མཇུག་ལ།།
བློ་སྣ་ཚོགས་བར་མེད་འཁོར་ནས་སྐྱེས།།
ཆོས་འཇིག་རྟེན་འདྲེས་མའི་ཡོ་ལང་ལ།།
འབྲས་སྙིང་པོ་མེད་པར་ཤེས་ནས་སྐྱོ།།
ཚེ་མི་རྟག་ཤེས་པའི་བློ་གྲོས་ཀྱིས།།
བློ་མྱུར་དུ་ཆོས་སུ་འགྲོ་བར་ཤོག།
གནས་འཁོར་བར་སྡུག་བསྔལ་ངེས་པའི་མཐུས།།
ཐར་འདོད་པའི་ངེས་འབྱུང་སྐྱེ་བར་ཤོག།
འགྲོ་ཕ་མར་ཤེས་པའི་སྙིང་རྗེ་ཡིས།།
ཕན་གཏགས་འདོད་བྱང་སེམས་སྐྱེ་བར་ཤོག།
ཡུལ་ཆོས་དབྱིངས་ཇི་བཞིན་རྟོགས་པའི་མཐུས།།
བློ་མཐར་འཛིན་ལྟ་བས་མ་བཅིང་ཤོག།
ཕ་བླ་མ་ས་ཆེན་དྲན་བཞིན་དུ།།
བུ་སློབ་མ་གསེར་མདོག་སྤྲུལ་སྐུ་ནས།།
རང་སྐྱོ་བའི་བློ་ཡི་འཆར་སྣང་འགའ།།
གླུ་ཨ་ལ་ཨུ་ལུའི་ཚུལ་དུ་བླངས།།
ཞེས་པ་འདི་ཡང་༢༠༠༦ལོའི་ཟླ་བ་༡༢ཚེས་༢༠ཉིན་རང་གིས་རང་ལ་བརྟག་པས་གཏད་སོའི་སྙིང་པོ་ཅི་ཡང་མེད་པས་རྐྱེན་གྱིས་རང་སེམས་སྐྱོ་ལྷང་ལྷང་བ་ཞིག་བྱུང་བའི་ཚོར་སྣང་གང་འཆར་གླུ་རུ་བླངས་པའོ།། །།