༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གི་བཀའ་ཡིག་ལ་གཟིགས་མཛོད།
འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་།།
གསང་བདག་བློ་གཏེར་དབང་པོ་ཡི།།
བཀའ་སྲོལ་གདམས་པ་ཇི་སྙེད་པ།།
ཕྱོགས་དུས་ཀུན་ཏུ་དར་གྱུར་ཅིག། ཅེས་སོ། །
ཨེ་མ་ཧོ། ཨེ་ཝཾ་ཐར་རྩེ་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་དང་གསང་བའི་བདག་པོ་བློ་གཏེར་དབང་པོ་རྣམ་གཉིས་ཀྱི་བཀའ་སྲོལ་གདམས་པ་ཇི་སྙེད་པ་དར་ཞིང་རྒྱས་ཐུབ་ན་དཔལ་ལྡན་ས་སྐྱ་པའི་རྗེ་བཙུན་གོང་མའི་རིང་ལུགས་དྲི་མ་མེད་པའི་བསྟན་པ་འཇིག་རྟེན་དུ་དར་ཞིང་རྒྱས་པ་སྨོས་མེད་ཡིན་པ་ཡང་། ༸སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཐུགས་བསྐྱེད་སྨོན་པ་རྒྱུན་མར་ཡོད་ཚུལ་འདི་ཉིད་ཀྱི་ཤེས་སོ། །
བརྩེཆེན་རྒྱལ་བའི་དཔྱིད་དཔལ་འཕྲིན་ལས་ཀྱི་།།
ལུང་རྟོགས་ཆུ་འཛིན་གསར་པའི་མཁྱེན་པའི་སྤྱན།།
མཁྱེན་བློའི་རླབས་ཆེན་སྤྱོད་པའི་རལ་ཀླུང་རྒྱུན།།
སྐྱེ་རྒུའི་ཡིད་ཀྱི་ཡོལ་གོར་འཁྱིལ་བར་ཤོག།
བདག་ནི་ཚེ་རབས་ཐམས་ཅད་དུ།།
མཁྱེན་བརྩེའི་དབང་དང་བློ་གཏེར་རྗེའི།།
རིང་ལུགས་བསྟན་པ་སྤེལ་བ་ལ།།
མཚུངས་པ་མེད་པའི་མཐུ་ཐོབ་ཤོག།