ཆོས་རྗེ་ས་སྐྱ་པཎྜི་ཏའི་ངོ་མཚར་བའི་རྣམ་ཐར་འབེལ་གཏམ་རགས་བསྡུས།

文摘   2025-01-12 08:26   西藏  


ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ངོ་མཚར་བའི་རྣམ་ཐར་འབེལ་གཏམ་རགས་བསྡུས་བཞུགས་སོ། །


རིག་པའི་རྡོ་རྗེ་ནས།


  དེ་ཡང་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་མདོར་མཚོན་པ་ཙམ་ཞིག་གླེང་བར་འདོད་པས་ཅུང་ཟད་ཙམ་ཞིག་ཞུས་ན། དེ་ཡང་འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་སུམ་སྟོང་སུམ་བརྒྱ་དང་བཅོ་ལྔ་ལོན་པའི་དུས་ཡབ་དཔལ་ཆེན་འོད་པོ་དང་ཡུམ་མ་གཅིག་གར་ཕུ་མ་ཉི་ཁྲི་ལྕམ་གཉིས་ཀྱི་སྲས་སུ་ཕྱི་ལོ་-༡༡༨༢-ལོར་ཆུ་ཕོ་སྟག་གི་ལོ་ཁྲ་ཟླ་བའི་ཚེས་ཉེར་དྲུག་དང་གཟའ་ཟླ་བ་སྒྱུ་སྐར་མོན་གྲེ་ལ་སྐུ་འཁྲུངས། དེ་ཡང་ཡུམ་མ་གཅིག་ཉི་ཁྲི་ལྕམ་གྱི་ལྷུམས་སུ་ཐོག་མར་ཞུགས་པའི་ཚེ། ཡུམ་གྱི་རྨི་ལམ་དུ་ཀླུའི་རྒྱལ་པོ་སྤྱི་གཙུག་རིན་པོ་ཆེ་འོད་འབར་བས་སྤྲས་པ། མིག་གིས་ལྟར་མི་བཟོད་པ་ཞིག་གནས་ཁང་གཡོར་དུ་བྱུང་བ་རྨིས་ཏེ། ལུས་ཐམས་ཅད་ཟག་པ་མེད་པའི་དགའ་བདེས་ཁྱབ་པར་གྱུར་ཏོ། །བདག་ཉིད་ཆེན་པོ་འདི་སྐུ་བལྟམས་པའི་དུས་ན་སྟོན་པ་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་ནང་བཞིན་ངོ་མཚར་བ་དཔག་ཏུ་མེད་པ་བྱུང་སྟེ། ས་རྣམ་པ་དྲུག་ཏུ་གཡོ་བ་དང་། ལུང་པ་འོད་ཀྱིས་གང་བ་དང་། མཁའ་འགྲོའི་ཚོགས་སྤྲིན་བཞིན་དུ་འདུ་བར་མཛད་པ་དང་། མེ་ཏོག་གི་ཆར་འབབ་པ་ལ་སོགས་པ་ལྟས་ཁྱད་པར་ཅན་དུ་མ་བྱུང་བ་དང་། གཞན་ཡང་དབུའི་གཙུག་ཏོར་གྱེན་དུ་འཕགས་པ་སོགས་མཚན་བཟང་པོ་སུམ་བཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་ཏེ་ཡུམ་ལ་གནོད་པ་མེད་པར་བདེ་བར་བཙས་སོ། །སྐུ་བལྟམས་མ་ཐུག་ཏུ་སེངྒེའི་ལྟ་སྟངས་ཀྱིས་ཕྱོགས་བཞིར་གཟིགས་པ་སོགས་གང་གིས་མཐོང་བའི་སྐྱེ་བོ་ཀུན་ཡ་མཚན་པའི་གནས་སུ་འཛིན་ཏོ། །དེ་ནས་སྐུ་ཆུང་ངུ་གོག་པོ་གོག་པའི་དུས་ཙམ་ནས་ས་ལ་ལཉྩ་དང་ཝརྟུའི་ཨཱ་ལི་ཀཱ་ལི་སོགས་རྒྱ་གར་གྱི་ཡི་གེ་འབྲི་བ་དང་། དེ་ཉིད་སཾ་སྐྲྀ་ཏའི་སྐད་དུ་ཀློག་པར་མཛད་པ་དང་། རྒྱ་གར་གྱི་སྐད་དང་བོད་སྐད་ལ་སོགས་པ་སྐད་རིགས་རྣམ་པ་བཞི་ཙམ་དང་། ཡིག་རིགས་སྣ་ཚོགས་པ་མ་བསླབས་པར་ཐུགས་སུ་མཁྱེན་པ་དང་། སཾ་སྐྲྀ་ཏའི་ཡི་གེ་རྣམས་ས་ལ་རི་མོར་བྲིས་ནས་མི་འགོམ་པར་ཕྱག་གིས་ཕྱིས་མཛད་པ་སོགས་ཀུན་ཀྱང་ཡ་མཚན་པར་གྱུར་ཏོ། །སྐུ་བལྟམས་མ་ཐག་ཏུ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོས་སྐུ་པང་དུ་བཞེས་ཏེ་མཚན་ལ་དཔལ་ལྡན་དོན་གྲུབ་ཅེས་གསོལ་གནང་། དེ་ནས་རྗེ་བཙུན་རིན་པོ་ཆེའི་དྲུང་དུ་ཚངས་སྤྱོད་དགེ་བསྙེན་གྱི་སྡོམ་པ་ཞུས་ཏེ་མཚན་ལ་ཀུན་དགའ་རྒྱལ་མཚན་དུ་བཏགས། གཞན་ཡང་ཁོང་གི་སྐུ་མདུན་ནས་དབང་བྱིན་རླབས་རྒྱུད་འགྲེལ་མན་ངག་ལ་སོགས་པ་ཡབ་མེས་ཀྱི་གསུང་ཆོས་རྣམས་རིམ་གྱིས་གསན་སྦྱོང་མཛད། ཕྱིས་ཁ་ཆེ་པཎ་མཆོག་དགུང་ལོ་དྲུག་ཅུ་བཞེས་པའི་དུས་ཁྲོ་ཕུ་ལོ་ཙཱ་བས་བོད་དུ་གདན་ཞུས་མཛད། ཁོང་ལོ་བཅུ་གཅིག་ཙམ་བོད་དུ་བཞུགས། དགུང་ལོ་བདུན་ཅུ་དོན་གཅིག་ལོར་སླར་ཡང་ཁ་ཆེར་བཞུད། དགུང་ལོ་དགུ་བཅུ་གོ་དགུ་-༡༢༢༥-ལོར་དགོངས་པ་མྱ་ངན་ལས་འདས། ཆོས་རྗེ་ས་པཎ་དགུང་ལོ་ཉེར་བདུན་དང་ཁ་ཆེ་པཎ་ཆེན་དགུང་ལོ་དྲུག་ཅུ་རེ་ལྔ་ཡིན་པའི་ལོར་ཞྭ་ལུ་རྒྱན་གོང་གཙུག་ལག་ཁང་དུ་ཁ་ཆེ་པཎ་ཆེན་གྱི་སྐུ་མདུན་དུ་ཆོས་རྗེ་བསྙེན་པར་རྫོགས། སྔར་གྱི་མཚན་ལ་མཁན་པོའི་མཚན་གྱི་མཐའ་ཅན་དུ་བྱས་ཏེ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོར་ཞེས་བཏགས་མཛད། ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་སྐུ་འཁོར་རྣམས་ཉང་སྟོད་རྐྱང་འདུར་མཚུར་སྟོན་གཞོན་ནུ་སེངྒེར་གསེར་མང་པོ་ཞིག་གི་འབུལ་བ་སྐྱེལ་དུ་ཕེབས་པའི་ལམ་བར་དུ་གཙང་ཆུ་མིག་རིང་མོར་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་དང་ཐོག་མར་མཇལ། ཁ་ཆེ་པཎ་ཆེན་ཚད་མ་ཆོས་མཆོག་གཅིག་གསུང་གིན་འདུག་པའི་འཕྲོ་ལ་སླེབས་པ་ན། འབུལ་བ་རྣམས་རྐྱང་འདུར་གཡོག་པོར་སྐྱེལ་དུ་གཏོང་སྟེ། ཆོས་རྗེས་ཁ་ཆེ་པཎ་ཆེན་གྱི་སྐུ་མདུན་ནས་ཆོས་གསན་ཅིང་བཞུགས། དེར་བླ་མ་ཁ་ཆེ་པས་རྒྱ་དཔེའི་ཐོག་ཏུ་ཆོས་གསུངས་པ་ལ། ཆོས་རྗེས་བོད་དཔེར་གཟིགས་པས། པཎ་ཆུང་ཚོ་དགོད་ཅིང་ཆོས་རྗེ་ལ་ཁྲེལ་བར་མཛད། ཁ་ཆེ་པཎ་ཆེན་གྱི་ཞལ་ནས་ཁྱོད་ཚོ་ཅི་ལ་དགོད་གསུངས་ཤིང་། དེར་ཆོས་རྗེ་པས་བོད་དཔེ་བཀྲམ་པ་ལ་དགོད་པར་འདུག་པ་ན། བླ་མའི་ཞལ་ནས་ཆོས་རྗེ་པར་ཁྱེད་ལ་དཔེ་དེས་ཅི་ཕན། ང་ལ་ཅི་ཡང་མི་ཕན་གསུངས་པས། ཆོས་རྗེ་པ་ན་རེ་གཞན་ལ་མི་ཕན་ཀྱང་བདག་རང་ལ་ཕན་པར་གདའ་གསུངས་ཏེ། ཆོས་རྗེས་བོད་དཔེ་ལ་རྒྱ་སྐད་དུ་བསྒྱུར་ནས་བཀླགས་པས་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་ཁ་ཆེ་པཎ་ཆེན་ཤིན་ཏུ་ནས་ཐུགས་དགྱེས་པར་མཛད་ཅིང་ཆོས་རྗེ་ས་སྐྱ་པ་ལ་པཎྜི་ཏ་ཆེན་པོའི་མཚན་གསོལ་བར་མཛད་དོ། །རྒྱ་གར་གྱི་པཎྜི་ཏ་གཅིག་ནས་བོད་ཀྱི་མཁས་པ་གཅིག་ལ་པཎྜི་ཏའི་མཚན་གསོལ་གནང་བ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ཁོ་ནར་ཟད་དོ། །དེས་ན་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་རྣམ་གཉིས་གཙོས་པའི་འཕགས་བོད་ཀྱི་མཁས་གྲུབ་དུ་མར་བསྟེན་སྟེ་རིག་པའི་གནས་རྣམས་ལེགས་པར་སྦྱངས་པས་ཤེས་བྱ་ཀུན་ཐོགས་མེད་དུ་མཁྱེན་པར་གྱུར་ཏོ། །


ཡང་ཆོས་རྗེ་ས་པཎ་ནས་ནུབ་ཅིག་མནལ་ལམ་དུ་ཨ་ཕྱིའི་མཆོད་རྟེན་གྱི་དྲུང་དུ་སློབ་དཔོན་དབྱིག་གཉེན་ལས་ཆོས་མངོན་པ་མཛོད་ཚར་གཅིག་ཟླ་བ་གཅིག་གི་རིང་ལ་གསན་པའི་རྨི་ལམ་བྱུང་ཞིང་། སློབ་དཔོན་དེ་ཡང་སྐུ་ཤ་ཧ་ཅང་ཞུམ་པ་མ་ཡིན་པར་སྐུ་མདོག་ཅུང་ཟད་སྔོ་སངས་ཀྱི་རྣམ་པས་མཆོད་རྟེན་གྱི་དྲུང་ནས་ཞལ་ཤར་དུ་གཟིགས་པའི་ཚུལ་གྱིས་ཆོས་གསུངས་པར་རྨིས་ཤིང་། མནལ་སད་པ་ན་མངོན་པ་མཛོད་ཀྱི་ཚིགས་དོན་མ་ལུས་པར་ཐུགས་སུ་ཆུད་པས་ཀུན་ཀྱང་ངོ་མཚར་བའི་གནས་སུ་གྱུར་ཏོ། །ཡང་ཁ་ཆེ་པཎ་ཆེན་བོད་དུ་མ་ཕེབས་པའི་སྔོན་ལ་ཆོས་རྗེས་ནུབ་ཅིག་ཁ་ཆེ་པཎ་ཆེན་གྱི་སྐུ་མདུན་ནས་ཆོས་ཟབ་མོ་རྡོ་རྗེའི་གླུ་རུ་ལེན་པ་གསན་པར་རྨིས་ཏེ།  མནལ་སད་པ་ན་ཚིག་དོན་རྣམས་མ་བརྗེད་པར་སྣང་ཞིང་། ཕྱིས་ཁོང་བོད་དུ་བྱོན་པའི་དུས་སུ་དེའི་དོན་རྣམས་ལེགས་པར་ཞུས་པས། ཁོང་ལའང་དེའི་ནུབ་མོར་རྨི་ལམ་དེ་ལྟ་བུ་ཞིག་བྱུང་ངོ་ཞེས་གསུངས་སོ། །ཡང་ནུབ་ཅིག་མནལ་ལམ་དུ་ཆོས་རྗེ་ལ་ཁྱེད་སློབ་དཔོན་ཆེན་པོ་དཔལ་ཕྱོགས་ཀྱི་གླང་པོའི་གདན་སར་བསྐོ་བས་གཤེགས་པར་ཞུ་ཞེས་ཟེར་ཞིང་། ཕྱོགས་ཀྱི་གླང་པོའི་རི་ཕུག་ཡིན་ཟེར་བའི་བྲག་ཕུག་སྒོ་གླེགས་དང་བཅས་པ་ངོས་རྣམས་ལ་གླེགས་བམ་མང་པོ་ཡོད་པ་ཞིག་གི་ལྡེ་མིག་གཏད་པ་རྨིས་ཏེ། དེ་ནས་བཟུང་ཚད་མའི་བསྟན་བཅོས་རྣམས་འབད་མི་དགོས་པར་མཁྱེན་ནོ་ཞེས་གསུངས་སོ། །ཡང་ཁ་ཆེ་པཎ་ཆེན་སིང་ག་ལའི་གླིང་དུ་བཞུགས་པའི་ཚེ། འཕགས་པ་དགྲ་བཅོམ་པ་མངོན་ཤེས་དྲུག་ལྡན་ཞིག་གིས་མེ་ཏོག་སེར་པོ་ཞིག་གཏད་གནང་སྟེ། ཁྱེད་བོད་དུ་བྱོན་པ་ན་མེ་ཏོག་འདི་གང་དུ་ཁ་བྱེ་བ་ནའང་འཇམ་དབྱངས་ཀྱི་སྤྲུལ་པ་ཞིག་དེར་འོང་བས་ཕུལ་མཛོད་ཅིག་ཅེས་ལུང་བསྟན་མཛད། ཕྱིས་ས་སྐྱར་ཆོས་རྗེ་དང་ཁ་ཆེ་པཎ་ཆེན་རྣམ་གཉིས་མཇལ་བས་མེ་ཏོག་དེར་ཁ་བྱེ་བ་ཡིན་ནོ། །ཡང་ཁ་ཆེ་པཎ་ཆེན་རྒྱ་གར་ཤར་ཕྱོགས་གསེར་འོད་རྒྱལ་མཚན་གྱི་གཙུག་ལག་ཁང་དུ་བཞུགས་པའི་ཚེ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་དགེ་སློང་མཛེས་ཤིང་ཡིད་དུ་འོང་བ་ཞིག་གིས།  རྒྱ་ཧོར་རྒྱ་ཁམས་ནི་ཁྱོད་ཀྱིས་འདུལ་བའི་འོས་མིན། བོད་ཡུལ་དུ་ཁྱོད་ཀྱི་སློབ་མ་འཇམ་དབྱངས་སྤྲུལ་པས་འདུལ་ཞེས་སྤྱན་རས་གཟིགས་སྤྲུལ་པས་ལུང་བསྟན་པར་མཛད་དོ། །ཡང་རྒྱ་གར་རྡོ་རྗེ་གདན་གྱི་སྒོའི་གོང་གི་ངོས་ལ་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏའི་མཚན་སཾ་སྐྲྀ་ཏའི་ཡི་གེ་རང་བྱུང་གི་ཚུལ་དུ་ཤར་པས་འཕགས་ཡུལ་ནའང་འཇམས་དབྱངས་ཞེས་པའི་གཏམ་དུ་གྲགས་སོ། །ཡང་ནུབ་གཅིག་རྡོའི་ཁྲི་ཆེན་པོ་ཞིག་གི་སྟེང་དུ་བཞུགས་ནས་ཚོགས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཞིག་ལ། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། ༈ །ཞེས་པ་ཚད་མ་རྣམ་འགྲེལ་གྱི་མཆོད་བརྗོད་སཾ་སྐྲྀ་ཏའི་སྐད་དུ་གསུངས་པའི་ཚེ། ཕྲག་གང་གཉིས་ནས་ཉི་ཟླ་གཉིས་དུས་གཅིག་ལ་ཤར་བའི་སྣང་བ་བྱུང་། ནང་པར་རྗེ་བཙུན་རིན་པོ་ཆེ་ལ་ཞུས་པས། དེ་འདྲ་ཐུབ་པར་དཀའ་གསུངས་ནས། ཚོགས་པ་ལྔ་སྟོང་ཙམ་ལ་མང་ཇ་བསྐོལ་ལོ་ཞེས་ཐོས་སོ། །ཡང་ཆོས་རྗེ་ས་སྐྱ་ན་ཆོས་གསུང་གིན་བཞུགས་པ་ན་སྐྱེ་བ་ཉི་ཤུ་རྩ་བདུན་དུ་ཚད་མ་རྣམ་འགྲེལ་ལ་མཁས་པའི་པཎྜི་ཏ་ཡིན་ནོ། །སྐྱེ་བ་དེ་དང་དེ་དག་ཏུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དགེ་བའི་བཤེས་གཉེན་དུ་གྱུར་པ་ཡིན་ནོ། །དེ་མ་ཡིན་པ་གཞན་གྱིས་ཁྱོད་འདུལ་བར་འོས་པ་མ་ཡིན་ནོ་ཞེས་ནམ་མཁའ་ལས་གྲགས་སོ་ཞེས་སོ། །ཡང་ཆོས་རྗེ་ས་པཎ་མཆོག་མང་ཡུལ་སྐྱིད་གྲོང་ལྷ་ལྔ་ཕུག་པར་བཞུགས་གནང་བའི་ཚེ་འཇམ་དབྱངས་ལྷ་ལྔས་ཞལ་གཟིགས་པར་མཛད་དོ། །ཡང་ཆོས་རྗེ་ས་པཎ་ནས་ཁ་ཆེ་པཎ་ཆེན་གྱི་མདུན་དུ་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བའི་སྐབས་ཞྭ་ལུ་རྒྱན་གོང་ན་ཡོད་པའི་རྡོ་གཞོང་དུ་དབུ་སྐྲ་བསིལ་མཛད་པ་ན་རྡོ་གཞོང་དེ་ལས་བདེ་གཤེགས་ལྷ་སོ་ལྔས་དངོས་སུ་ཞལ་གཟིགས་པར་མཛད། ཡང་འཇམ་མགོན་ས་སྐྱ་པཎྜི་ཏ་ལྷོ་ཁ་སོལ་ནག་ཐང་པོ་ཆེར་ཕེབས་གནང་བ་ན་དེར་ཡོད་པའི་རྡོ་སྐུ་ཞིག་མཇལ་བའི་ཚེ་རྡོ་སྐུའི་ཞལ་ནས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་དངོས་སུ་གླུར་བླངས་པར་མཛད་དོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་ས་སྐྱར་ཆོས་གསུངས་པའི་སྐབས་ཤིག་ལ་ས་སྐྱའི་གནས་བདག་ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་སྦྲུལ་ཆེན་པོ་ཞིག་ཏུ་སྤྲུལ་ནས་ཆོས་ཉན་པའི་རྣམ་པས་ཆོས་རྗེ་ལ་ཕྱག་འཚལ་བར་བྱེད་དོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་མདུན་དུ་སྡོམ་གསུམ་རབ་དབྱེ་དང་། རྩ་རྒྱུད་བརྟག་གཉིས་རྒྱུགས་འབུལ་རྒྱས་པར་ཞུས་གནང་བའི་བྱ་ནེ་ཙོ་ཞིག་ཀྱང་ཡོད་ལ། བྱ་ནེ་ཙོ་དེ་ཉིད་ཆོས་རྗེ་དགོངས་པ་རྫོགས་ཟིན་རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་བདག་པོར་མཛད་ཅིང་རྗེས་སུ་བྱ་ཤི་བའི་ཕུང་པོ་ས་སྐྱར་བསྣམས་མཛད་པས་ཕྱིས་རིན་ཆེན་སྒང་བླ་བྲང་གི་མགོན་ཁང་དུ་ཕུང་པོ་དེ་ཉིད་མཇལ་རྒྱུ་ཡོད་དོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་དབུས་སུ་ཆོས་འཁོར་ཞིག་ལ་གདན་དྲངས་པ་ན། དེར་ཐག་ཉེ་བ་ཞིག་ན་དགེ་བཤེས་གཡག་སྡེ་བསོད་ནམས་བཟང་པོས་སྒྲུབ་པ་མཛད་ཀྱིན་བཞུགས་ཡོད་པས། སྲོད་ཀྱི་ཆ་ལ་རང་གིས་ཡི་དམ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཐོང་བའི་རྗེས་སུ་ཅི་ཡིན་མ་ཤེས་ནས། ཐོ་རངས་སྔ་མོར་ལངས་ནས་ཆོས་རྗེ་འཇམ་མགོན་བླ་མར་ཞུ་རུ་ཡོང་བ་དང་། སྲོད་ལ་ཆོས་རྗེས་གཏོར་མ་མཛད་པའི་དྲུང་དུ་སླེབས་ནས་ཕྱག་འཚལ་བའི་རྗེས་ཐོགས་སུ་ཆོས་རྗེའི་ཞལ་སྔ་ནས་དགེ་བཤེས་ཡོང་ངམ་ཞེས་གསུངས་པས། མཆིས་ལགས་ཞུས། ཅི་ལ་ཡོང་ངམ་གསུངས་པས། ཞུ་རྒྱུ་ཞིག་ཡོད་ཞུས་པས། ཆོས་རྗེས་མདང་གི་དེ་མ་ཡིན་ནམ། དེ་ནི་རྒྱལ་པོ་པེ་དཀར་ཁོ་ཆོ་འཕྲུལ་ཅིག་སྟོན་གྱིན་འདུག་པ་ཡིན་ལ།  ད་ང་དང་འཕྲད་པས་མི་སྐྱོན། འོན་ཀྱང་ཁྱོད་ལ་ན་ཚ་དྲག་པོ་ཞིག་ཡོང་དོགས་ཡོད་ཅེས་གསུངས་པས་ལོ་དེར་གཡག་སྡེ་བསྙུང་གཞི་དྲག་པོས་འགྲོངས་ལ་ཁད་དུ་གྱུར་ནས་མཐར་བསྙུང་གཞིས་ལས་ཐར་རོ། །དེ་ནས་བཟུང་གཡག་སྡེ་པས་ཆོས་རྗེ་ལ་སངས་རྒྱས་དངོས་ཡིན་སྙམ་པའི་མི་ཕྱེད་པའི་དད་པ་ཐོབ་པ་ཡིན་ནོ། །


ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་སྒོ་རུམ་བླ་མ་ལྷ་ཁང་གི་མདའི་ཆོས་ཁྲི་སྟེང་དུ་བསྟན་བཅོས་ཆེན་པོ་སྡོམ་གསུམ་རབ་དབྱེ་རྩོམ་པར་མཛད་པའི་ཚེ་མཁས་པ་གཙང་ནགས་ཕུག་པ་འཇམ་དབྱངས་ཤེས་རབ་འོད་ཟེར་གཙོས་པའི་བོད་ཀྱི་མཁས་པ་མང་པོས་བསྟན་བཅོས་ཟེ་མ་ར་མགོ་ཟེར་བཞིན་སྨོད་པར་མཛད་པ་ན་ཆོས་རྗེ་པས་གཏམ་དེ་ལྟར་གསན་པ་དང་། སྐུ་མཆེད་ཟངས་ཚ་བསོད་ནམས་རྒྱལ་མཚན་གྱིས་ཀྱང་མི་རྩོམ་པར་ཞུས་པས། ས་སྐྱ་པཎྜི་ཏ་ནས་བསྟན་བཅོས་རྩོམ་པའི་འཕྲོ་བཞག་སྟེ་མི་རྩོམ་པར་ཞལ་གྱིས་བཞེས་གནང་བར་མཛད་པ་ན། དེའི་ནུབ་མོར་མནལ་ལམ་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་འདྲ་འཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ་ཡིད་དུ་འོང་བ་ངོ་མཚར་བ་གཅིག་མི་གཙང་བ་འདམ་གྱི་ཁྲོད་དུ་ལྷུངས་པར་འདུག་པ་ན་ཆོས་རྗེ་རང་ཉིད་ཀྱིས་སྐུ་ལ་བྱི་དོར་བྱས་པས་མི་མང་པོ་ཞིག་ནས་མི་དགའ་བའི་རྣམ་འགྱུར་བསྟན་པས་བཞག་པ་དང་། སླར་ཡང་མི་མང་པོ་ཞིག་ནས་སྐུ་ལ་མི་གཙང་བ་བསྐུ་བ་དང་། འཕགས་པ་འཇམ་དཔལ་གྱིས་ཐུགས་མི་དགྱེས་པའི་ཚུལ་དུ་སྐུ་རྒྱབ་བསྟན་གནང་པ་དང་། འཕགས་མཆོག་ཀླུ་སྒྲུབ་ཤིང་སྡོང་སྐམ་པོར་སྐུ་རྒྱབ་རྟེན་ནས་བསྙུང་བའི་ཚུལ་མཛད་དེ་ཞལ་ངོ་ནག་ལྷང་ངེར་བཞུགས་གནང་བ་དང་། གཞན་ཡང་ཉི་ཟླ་གཟའ་ཡིས་བཟུང་བ་སོགས་རྨིས་པས། མནལ་སད་པ་ན་ཆོས་རྗེས་ཟངས་ཚ་ལ་རྨི་ལམ་བྱུང་ཚུལ་སོགས་གསུངས་ཏེ་བསྟན་བཅོས་འདི་བརྩམས་ན་མི་རྣམས་མི་དགའ། མ་བརྩམས་ན་ལྷ་རྣམས་མི་དགའ་འདུག་པས་བརྩམ་དགོས་སོ་ཞེས་གསུངས་ཤིང་། སྔར་མི་རྩོམ་པར་ཞལ་གྱིས་བཞེས་པའི་ཉེས་པ་རྣམས་དཀོན་མཆོག་ལ་བཟོད་གསོལ་མཛད་དེ་རྒྱལ་བའི་གསུང་རབ་ཀྱི་བཀའ་བསྡུ་བཞི་པར་གྲགས་པའི་བསྟན་བཅོས་ཆེན་པོ་འདི་ཡོངས་སུ་རྫོགས་པར་བརྩམས་པ་ཡིན་ནོ། །དེའི་སྐབས་སུ་འཇམ་དབྱངས་ཤེས་རབ་འོད་ཟེར་རམ་མཁས་པ་གཙང་ནགས་པའི་ཞལ་སྔ་ནས། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ན། །བལ་གྱི་མཐོ་ཐོང་ཀུན་གྱིས་བསྐོར་བའི་དབུས། །ཀུན་དགའ་རྒྱལ་མཚན་བག་མའི་ཚུལ་དུ་བཞུགས། །མཁས་པ་འདི་ན་ཡོད་དོ་གཙང་ནག་པ། །ཞེས་སོགས་ཀྱི་ཚིག་རིགས་འདྲ་མིན་སྣ་ཚོགས་པས་སྐུ་ཞུས་མཛད་པས་རྒྱུན་པར་གཙང་ནགས་པ་རང་ཉིད་ལ་ཐོ་རངས་ཀྱི་དུས་སུ་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་གཟིགས་གང་འདོད་རེ་ཡོད་ནའང་འཇམ་མགོན་ས་པཎ་ལ་སྐུ་ཞུས་བྱས་པ་ནས་བཟུང་སྟེ་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་གཟིགས་མེད་པར་གྱུར་ཏོ། །གཙང་ནགས་པས་སླར་ཡང་སྡུག་ཡུས་དང་བཅས་པའི་སྒོ་ནས་རྗེ་བཙུན་འཇམ་དབྱངས་ལ་གསོལ་བ་དྲག་ཏུ་བཏབ་པས། ཐོ་རངས་ཤིག་ལ་རྗེ་བཙུན་འཇམ་དབྱངས་ཀྱིས་སྐུ་རྒྱབ་བསྟན་པ་ཞིག་མཇལ་བས། གཙང་ནགས་པ་ན་རེ་སྔོན་ཆད་ཁྱེད་ཀྱི་ཞལ་མཇལ་བ་དང་གསུང་ཐོས་པ་ཡོད། ཡུན་རིང་པོ་ཞིག་ནས་ཞལ་མཇལ་བ་དང་གསུང་ཐོས་པ་སོགས་མེད་པར་གྱུར་པ་དང་། ད་ལན་མཇལ་ན་ཡང་སྐུ་རྒྱབ་བསྟན་གནང་བ་འདི་གང་གིས་ལན་ཞུས་པས། འཇམ་དབྱངས་ཀྱི་ཞལ་ནས། འོ་ན་ཁྱོད་ཀྱི་ང་ཡི་བསྟན་བཅོས་ལ། །རྩོད་པའི་ཡིག་ཆ་རྩོམ་ཞིང་ང་ལ་ཡང་། །དུས་གནས་ཀུན་ཏུ་གཤེ་སྐུར་འདེབས་པ་ལ། །གཟུགས་མཐོང་ངག་ཉན་དག་གི་དགོས་པ་ཅི། །ཞེས་གསུངས་པས། གཙང་ནགས་པ་ན་རེ་ས་པཎ་ལ་སྐུ་ཞུས་ཕྲན་བུ་རེ་ཤོར་བ་ལས་ཁྱེད་ལ་བཤེ་སྐུར་ཅུང་ཟད་ཙམ་ཡང་བྱས་པ་མེད་ཅེས་ཞུས་པས། དེའི་ལན་དུ་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་ནས། ང་དང་ཁོང་གཉིས་སྐྱེ་བ་ཉེར་ལྔའི་བར། །དབྱེར་མེད་ཡིན་པ་ཁྱོད་ཀྱིས་མ་ཤེས་སམ། །ཐ་སྙད་ཚིག་ལ་སྦྱངས་པ་ཆེ་ན་ཡང་། །ནང་གི་དོན་ལ་མ་སྦྱང་འདི་འདྲ་ཡོང་། །ལྷ་དང་བླ་མ་སོ་སོར་བྱེད་པ་འཁྲུལ། །ཞེས་སོགས་ལུང་བསྟན་དུ་མ་གནང་བས། གཙང་ནགས་པའི་ལུས་ཀྱི་བ་སྤུ་ལྡང་ཞིང་མིག་ནས་མཆི་མ་འཁྲུག་པ་དང་། ངག་ནས་བདག་གིས་ལས་ངན་བསགས་པ་འདི་འདག་པའི་ཐབས་ཤིག་ཐུགས་རྗེས་བཟུང་དུ་གསོལ། ཞེས་ཞུས་པས། ངའི་སྐུ་འདྲ་ཞིག་བཞེངས་ཤིག་ཅེས་ལུང་བསྟན་པར་མཛད་ཅིང་། དེས་ན་གཙང་ནགས་པས་འཇམ་མགོན་ས་པཎ་ལ་འགྱོད་བཤགས་ཀྱིས་ཚུལ་དུ་འཇམ་དབྱངས་ཀྱི་སྐུ་ཞིག་བཞེངས་མཛད་པའི་ཚེ་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་སྨད་ཙམ་བཞེངས་གྲུབ་པ་ན། སླར་ཡང་འཇམ་དབྱངས་ཀྱིས་ཞལ་གཟིགས་མཛད་དེ། སྐུ་འདི་ལངས་སྐུ་མ་ཡིན་སྤྲུལ་སྐུའམ་མདོར་ན་འཇམ་མགོན་ས་པཎ་ཁོ་རང་གི་སྐུའི་ཆ་བྱད་ཇི་བཞིན་དུ་བཞེངས་ཤིག་ཅེས་ལུང་བསྟན་པར་མཛད་པས། སྐུ་སྨད་བཞེངས་གྲུབ་པ་ན་སྐུའི་སྟོད་སྤྲུལ་སྐུའམ་འཇམ་མགོན་ས་པཎ་གྱི་ཆ་བྱད་ཇི་བཞིན་དུ་བཞེངས་མཛད་པ་ཡིན་ནོ། །དེས་ན་སྐུ་འདིའི་སྐུ་སྨད་ལོངས་སྐུའི་ཆ་བྱད་དང་སྐུ་སྟོད་སྤྲུལ་སྐུའི་ཆ་བྱད་ཅན་ཞིག་ཏུ་བཞེངས་ཡོད་པའང་དེ་ལྟར་ཡིན་ནོ། །སྐུ་འདི་ཉིད་ལེགས་པར་གྲུབ་ཟིན་པའི་འོག་ཏུ་སྐུའི་རབ་གནས་ལ་ཆོས་རྗེ་ས་སྐྱ་པཎྜི་ཏ་གདན་ཞུས་མཛད་པ་ན། ཆོས་རྗེས་རབ་གནས་བྱེད་པར་ཁོ་བོ་སྐུ་མདུན་དུ་ཡོང་མི་དགོས། ཁྱེད་གཙང་ནགས་ཕུག་པར་བྱོན་ཏེ་མཆོད་བཤོམ་སོགས་གང་འབྱོར་གྱིས་དང་ཁོ་བོས་སྨལ་པོ་ཟླ་བའི་ཡར་ཚེས་བཅུའི་ཉིན་མོར་ཉི་མ་རི་རྩེར་ཕོག་པ་ཙམ་ལ་འདི་ནས་རབ་གནས་བྱའོ་ཞེས་གསུངས་ཤིང་། དེའི་ཉིན་མོར་ཉི་མ་རི་རྩེར་ཕོག་པ་ཙམ་དུ་རབ་གནས་མཛད་པས།   ནས་ཁལ་བཅུ་ཙམ་སྐུ་འདྲའི་མཆོད་ལྕོགས་ཀྱི་ཐོག་ཏུ་བབས་པ་ཀུན་གྱིས་མངོན་སུམ་དུ་མཐོང་སྟེ་ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར་ཏོ། །སྐུ་དེ་ཉིད་ཕྱིས་དཔོན་ཆེན་ཤཱཀྱ་བཟང་པོས་གཙང་ནགས་བྲག་ཕུག་ནས་ས་སྐྱར་སྤྱན་དྲངས་ཏེ་ཆོས་རྗེ་ས་པཎ་གྱི་གཟིམས་ཁང་ཀ་བཞི་མའམ་ས་སྐྱའི་སྒོམ་རུམ་བླ་མ་ལྷ་ཁང་དུ་གདན་ཞུས་མཛད་ཅིང་། སྐུ་འདི་ལ་འཇིམ་སྐུ་མི་ཚད་ཕྱག་ནས་མ་ཞེས་གྲགས་སོ། །


ཡང་རྒྱ་ཆོས་བོད་དུ་བསྒྱུར་བ་མང་ན་ཡང་། །བོད་ཆོས་རྒྱ་རུ་བསྒྱུར་བ་ས་སྐྱ་པ། །ཞེས་གསུངས་པ་ལྟར་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་བསྟན་བཅོས་ཆེན་པོ་ཚད་མ་རིགས་པའི་གཏེར་རྩོམ་མཛད་ཅིང་དེ་ཉིད་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སློབ་མ་མཆོག་རྣམས་ཀྱིས་རྒྱ་གར་གྱི་སྐད་དུ་ཡི་གེར་བསྒྱུར་ཏེ་འཕགས་ཡུལ་དུ་ལེགས་སྐྱེས་སུ་ཕུལ་མཛད་པ་ན། དེའི་ཚེ་ཚད་མ་རིགས་གཏེར་གྱི་མཆོད་བརྗོད་ཤེས་བྱ་མ་འཕགས་ཡུལ་རྡོ་རྗེ་གདན་གྱི་གཙུག་ལག་ཁང་གི་སྒོ་ངོས་སུ་སྦྱར་བར་མཛད་ཅིང་རྒྱ་གར་ཤར་ནུབ་ཀུན་ལ་ཡང་ཆོས་རྗེ་མཁས་པ་ཆེན་པོ་ཡིན་པར་གྲགས། འཕགས་ཡུལ་དུ་བཞུགས་པའི་མཁས་པ་རྣམས་ཀྱང་བོད་ཡུལ་དུ་མངོན་པར་ཕྱོགས་ཏེ་ཆོས་རྗེ་ལ་མགོ་བོས་རབ་ཏུ་བཏུད་དེ་གུས་པས་ཕྱག་འཚལ་བར་མཛད་དོ། །དེའི་ཚེ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་དུམ་བུ་ནས་མུ་སྟེགས་པའི་སྟོན་པ་འཕྲོག་བྱེད་དགའ་བོས་གཏམ་དེ་ལྟར་ཐོས་པས་ཕྲག་དོག་གིས་མ་བཟོད་པར་རྩོད་ཀྱིས་ཡོང་བར་འདོད་ནས་མུ་སྟེགས་ཀྱི་སྟོན་པ་དག་གིས། ཁ་བ་ཅན་གྱི་ས་སྐྱ་པའི་ཆོས་སྨྲ་བ་དག་དང་རྩོད་པའི་དུས་བཏབ་པའམ། ཡང་རྣམ་ཐར་ཁ་ཅིག་ལས་པཎ་ཆེན་ཤཱཀྱ་ཤྲཱིས་རྩོད་པའི་དུས་ཚེས་བསྒྲིགས་ཞེས་གསུངས་པ་ནང་བཞིན་དུ་རྒྱ་གར་རྡོ་རྗེ་གདན་ནས་དཔག་ཚད་དྲུག་ཅུ་ཙམ་ཡོད་པའི་གནས་མང་ཡུལ་སྐྱིད་གྲོང་ཝ་ཏིའི་གཙུག་ལག་ཁང་དང་འདབས་འབྱོར་བའི་ཚོང་འདུས་གྲོང་དུ་ཆོས་རྗེ་ས་སྐྱ་པཎྜི་ཏ་ལ་རྩོད་ཀྱི་ཡོང་བའི་སྐབས་དེར་ཆོས་རྗེ་ས་པཎ་ནས་ཀྱང་དགུང་ལོ་དྲུག་ལ་ཕེབས་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་། འུག་ཡུག་པ་དང་། བཟང་རིངས་པ་སོགས་ཕྱག་ཕྱིར་ཁྲིད་ནས་མང་ཡུལ་སྐྱིད་གྲོང་དུ་བཞུགས་ཡོད་པ་ན། མུག་སྟེགས་པ་སྟོན་པ་དྲུག་པོ་ཡང་དེར་ཡོང་ནས་བསྟན་པ་དཔང་དུ་བཙུགས་ཏེ་སཾ་སྐྲྀ་ཏའི་སྐད་དུ་ཉིན་བཅུ་གསུམ་གྱི་བར་དུ་རྩོད་པ་མཛད་ཅིང་། སྔོན་ཆད་གཞན་གྱིས་ཐོས་པར་དཀའ་བའི་དགག་སྒྲུབ་བྱེད་པའི་ཚེ་འུག་ཡུག་པ་དང་བཟང་རིངས་པ་ལ་སོགས་བྲོས། སེམས་མེད་ཀྱི་རི་བོ་རྣམས་ཀྱང་འགུལ་བར་བྱས་པས་དེར་ཡོད་པའི་སྐྱེ་བོ་ཐམས་ཅད་ཡ་མཚན་པའི་གནས་སུ་གྱུར་ཏོ། །དེ་ནས་འཇམ་མགོན་ས་སྐྱ་པཎྜི་ཏ་ནས་མུ་སྟེགས་འཕྲོག་བྱེད་དགའ་བོ་སྟོན་པ་འཁོར་བཅས་རྩོད་པའི་སྒོ་ནས་ཕམ་པར་བྱས་པས། སླར་ཡང་འཕྲོག་བྱེད་དགའ་བོས་འཇམ་མགོན་ས་པཎ་ལ་རྫུལ་འཕྲུལ་འགྲན་ཟེར་ནས་རང་ཉིད་ཀྱིས་བར་སྣང་སྟོང་པར་རྡུལ་ཚོན་གྱིས་དཀྱིལ་འཁོར་བྲིས་པ་ན། འཇམ་མགོན་བླ་མས་ཟད་པར་རླུང་གི་ཏིང་ངེ་འཛིན་བསྒོམས་ནས་ཐལ་མོ་ཞིག་བརྡབས་པས་རྡུལ་ཚོན་གྱི་དཀྱིལ་འཁོར་དེ་ཁྲ་ཐར་གྱིས་འཐོར་བས་དེར་ཡོད་པའི་སྐྱེ་བོ་རྣམས་ཀྱང་ངོ་མཚར་ཞིང་དད་པའི་གནས་སུ་གྱུར་ཏོ། །དེ་ནས་མུ་སྟེགས་འཕྲོག་བྱེད་དགའ་བོ་སོགས་ཚར་བཅད་དེ་བདེ་བར་གཤེགས་པའི་བསྟན་པ་སྟོན་པ་དང་བཅས་པ་ལེགས་པར་བསྔགས་པའི་འགྱིང་དབྱངས་དང་བཅས་པས་རལ་པ་ཅན་འཁོར་དང་བཅས་པ་མུ་སྟེགས་པ་ཁ་ཅིག་བློ་གྲོས་ཀྱི་ལུས་འདར། ཁ་ཅིག་རྒོལ་འདོད་ཀྱི་སྐྲ་གྲོལ། ཁ་ཅིག་སྤོབས་པ་ཞུམ་པའི་མིག་ནས་འཆི་མ་འཛག ཁ་ཅིག་སྨྲ་འདོད་ཀྱི་ཁ་ནས་ཁྲག་སྐྱུགས་པར་བྱས་ཏེ་དེ་དག་གི་རལ་པའི་ཁུར་བྲེགས་ནས་དཔལ་ས་སྐྱའི་གཙུག་ལག་ཁང་གི་ཀ་རྒྱན་དུ་བྱས་ཡོད། སྐབས་དེར་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་མུ་སྟེགས་སྟོན་པ་འཁོར་བཅས་རྣམས་རྩོད་པ་དང་རྫུལ་འཕྲུལ་གཉིས་ཀའི་སྒོ་ནས་མི་སྨྲ་བའི་བརྟུལ་ཞུགས་སུ་བཀོད།    ཁེངས་པ་དྲུང་ནས་ཕྱུང་སྟེ་ལྟ་བ་ངན་པའི་སེམས་ཀྱི་དྲི་མ་བསལ། ཉིད་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ་བདེ་བར་གཤེགས་པའི་བསྟན་པ་དྲི་མ་མེད་པ་ལ་འཇུག་པར་མཛད། འཕྲོག་བྱེད་དགའ་བོ་རང་ཉིད་བོད་དུ་ཤི་བར་གྲགས་ཤིང་། ཁོ་ངན་འགྲོར་ལྷུངས་ལ་ཉེ་བ་ན་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཐུགས་རྗེའི་སྤྱན་གྱིས་གཟིགས་ཏེ། དག་པ་མཁའ་སྤྱོད་ཀྱི་གནས་སུ་ཁྲིད་པར་མཛད།   འཕྲོག་བྱེད་དགའ་བོའི་རྗེས་འབྲངས་རྣམས་སླར་ཡང་རྒྱ་གར་དུ་ལོག་པས་རྒྱ་གར་ཤར་ནུབ་ཀུན་ཏུ་ཆོས་ཀྱི་རྗེ་ལ་སྨྲ་བའི་ཁྱུ་མཆོག་ཏུ་གྱུར་པ་གྲགས་སོ། །དེས་ན་བོད་ཀྱི་པཎྜི་ཏ་ཞིག་ནས་མུ་སྟེགས་བྱེད་ཀྱི་སྟོན་པ་འཁོར་བཅས་རྩོད་པའི་སྒོ་ནས་ཚར་བཅད་ཅིང་ཕམ་པར་བྱེད་པ་ནི། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་འདི་ཁོ་ནར་ཟད་དོ། །གཞན་ཡང་བསྟན་བཅོས་ཆེན་པོ་ཚད་མ་རིགས་གཏེར་གྱི་ནང་དུ་ཕྱྭ་པ་རྗེས་འབྲང་དང་བཅས་པའི་ཚད་མའི་གྲུབ་མཐའ་ཤིན་ཏུ་བཀག་པ་ལ་བརྟེན་ནས་གསང་ཕུའི་གདན་ས་འཛིན་པ་གཉལ་ཞིག་འཇམ་པའི་རྡོ་རྗེའི་ཐུགས་ལ་མ་འཐད་ནས་ཁོ་རང་གི་ཐུགས་སྲས་རྒྱ་མཚོའི་ཡང་སྙིང་གཉལ་ཞིག་བུ་དགུའི་ནང་ནས་རིགས་པ་བཟང་ཤོས་འུ་ཡུག་པ་རིགས་པའི་སེང་གེ་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱར་ཆོས་རྗེ་ས་པཎ་ལ་རྩོད་དུ་བཏང་། ཆོས་གྲྭ་དེར་རྒྱུན་རིང་ཙམ་བསྡད་ནས་འགལ་འདུ་བསྒུགས་པས་སྐྱོན་ཅི་ཡང་མ་རྙེད་ཅིང་རྩོད་དུ་མ་ནུས་པར་ཆོས་རྗེ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ་ཞབས་པད་ཡུན་རིང་དུ་བསྟེན་ཏེ་ཆོས་རྗེའི་བུ་ཆེན་དུ་གྱུར་ཏོ། །འཇམ་མགོན་ཨ་མྱེས་ཀྱིས་དུས་མཆོད་བླ་བྲང་དུ་ཆོས་རྗེ་ས་སྐྱ་པཎྜི་ཏས་རིགས་གཏེར་རྩ་འགྲེལ་བརྩམས་པའི་བཞུགས་ཁྲི་བྱིན་ཅན་ཡོད་ཅེས་གསུངས་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་སྒོ་རུམ་གྱི་སྟེང་དུ་རྗེ་ས་པཎ་གྱིས་རིགས་གཏེར་བརྩམས་སའི་བཞུགས་ཁྲི་བྱིན་རླབས་ཅན་ཡོད་ཅེས་གསུངས་སོ། །


ཡང་ཆོས་རྗེ་ས་པཎྜི་ཏ་ནས་འཇམ་དབྱངས་གཟི་འོད་འབར་བའི་འདྲ་སྐུ་ཕྱག་བཟོ་མཛད་ཚུལ་ནི། འཇམ་དབྱངས་གཟི་འོད་འབར་བའི་འབུར་སྐུ་དེ་ཉིད་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་རྗེ་བཙུན་རིན་པོ་ཆེའི་ནང་རྟེན་གྱི་ཚུལ་དུ་བཞེངས་མཛད་པ་ཡིན་ལ། སྐུའི་དབུ་ཡི་གཙུག་ན་རིན་པོ་ཆེ་པདྨ་རཱ་གས་བརྒྱན་པ། སྙན་གཡས་གཡོན་སོགས་ལ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དུ་མས་ཕྲ་བཀོད་པ་དང་། སྐུའི་བཟོ་ཕུད་ལས་ཕྱག་བཟོ་བྱས་པའི་འཇམ་དབྱངས་གཟི་འོད་འབར་བའི་ཕྱག་མཚན་གྱི་རལ་གྲི་དེ་ཡང་འཇམ་མགོན་ས་པཎ་གྱིས་བརླ་གཡས་པའི་ཐོག་ཏུ་བརྡུངས་མཛད་ཅིང་། སྐུ་བརྙན་འདི་ཡོངས་སུ་ལེགས་གྲུབ་བྱུང་བ་ན་ཆོས་རྗེ་ཉིད་ཀྱིས་རབ་གནས་ཀྱི་ཆོ་ག་མཛད་པའི་ཚེ་ཕྱོགས་བཅུ་ནས་འཇའ་སྤྲིན་གྱི་དྲྭ་བ་འཕྲོས་པའི་སྟེང་དུ།ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་དཔག་ཏུ་མེད་པ་སྤྲིན་ཕུང་ལྟ་བུ་བཞུགས་མཛད་དེ་རྟེན་འདི་ལ་བྱིན་གྱིས་བརླབས་པ་སོགས་བྱུང་ཞིང་།གཞན་ཡང་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་དུ་མ་བྱུང་། ཆོས་རྗེ་རང་ཉིད་ཀྱིས་སྐུ་ལ་རབ་གནས་དངོས་སུ་མཛད་པའི་ཚེ་ཡེ་ཤེས་པ་དངོས་སུ་བཞུགས་པའི་རྟགས་སུ་ཕྱག་དཔུང་གཡས་པའི་སྟེང་གི་ཤེས་རབ་ཀྱི་རལ་གྲི་ལ་མེ་རླབས་དངོས་སུ་འཕྱུར་པས་འཇམ་དབྱངས་གཟི་འོད་འབར་བ་ཞེས་གྲགས་སོ། །དེས་ན་འཇམ་དབྱངས་རལ་གྲིར་མེ་དྲོད་མ་ཡལ་བར་མངའ་བ་དང་། དད་པ་དང་ལྡན་པ་མང་པོས་རལ་གྲི་ལས་མེ་དངོས་སུ་འབར་བ་མཐོང་བ་ཡང་ཡོད་དོ། །འཇམ་དབྱངས་གཟི་འོད་འབར་བའི་སྐུ་འདིའི་ཆ་ལུགས་ཀྱང་ཆོས་རྗེས་རྗེ་བཙུན་རིན་པོའི་སྐུ་མདུན་ནས་ལམ་ཟབ་བླ་མའི་བྱིན་བརླབས་ཞུས་པའི་ཚེ་རྗེ་བཙུན་རིན་པོ་ཆེ་འཕགས་པ་འཇམ་དབྱངས་སུ་གཟིགས་སྣང་བྱུང་བའི་རྣམ་པ་ཇི་བཞིན་དུ་ཕྱག་བཟོ་མཛད་ཡོད་ཅིང་། སྐུ་འདི་ལ་རྒྱ་དཀར་ནག་བོད་གསུམ་ཆར་གྱི་བཟོ་རྒྱུན་ཚང་བ་མ་ཟད་བཟོ་ཁྱད་ཆོས་བཞི་ལྡན་ཡང་ཡིན་ཏེ་ཡུལ་དབུས་ཀྱི་ལྷའི་སྐྱེ་མཆེད་དང་། ཁ་ཆེའི་རུས་ཚུགས། རྒྱ་ནག་གི་གོས་ཁྱུད། བལ་པོའི་རྒྱན་སྤྲོས་རྣམས་ཚང་བ་ཡིན་ནོ། །དུས་ཕྱིས་འཛམ་བུ་གླིང་གི་བཟོ་རིག་པ་ལ་མཁས་པ་རྣམས་བཀུག་ནས་བྱས་པའི་སྐུ་གཟུགས་དག་གིས་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །གཞན་ཡང་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོའི་རྫ་སྐུ་མཐོང་བ་དོན་ལྡན་དང་།འཇམ་དབྱངས་གཟི་འོད་འབར་བའི་བཟོ་ཕུད་ལས་བྱས་པའི་ཁ་ཆེ་པཎ་ཆེན་གྱི་འདྲ་སྐུ་རྣམས་ཀྱང་ཕྱག་བཟོ་མཛད་ཡོད་དོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཁུ་དབོན་རྣམས་སོག་ཡུལ་དུ་ཕེབས་སྐབས་མདོ་སྨད་ཁྲི་ཀའི་ཡུལ་ནས་མི་ཉག་མཆོད་སྡོང་ཆེན་མོ་ལ་རབ་གནས་མཛད་ཅིང་། སྐབས་དེར་ཧོར་གྱི་གོ་དན་རྒྱལ་པོས་མུ་ཏིག་དྲེལ་ཁལ་གང་ཙམ་ཕུལ་བ་དེ་ཉིད་རྒྱུར་བྱས་ནས་ཁྲི་ཀའི་ཇོ་བོ་རྟེན་དང་བརྟེན་པར་བཅས་པ་བཞེངས་ནས་རབ་གནས་མཛད་པར་གྲགས་ལ། དུས་དེར་ཇོ་བོ་ལ་སངས་རྒྱས་བྱང་སེམས་མང་པོ་ཐིམ་པའི་གཟིགས་སྣང་བྱུང་བར་གསུངས། ཇོ་བོའི་སྐུ་ཚད་ཀྱང་སྟོན་པ་དགུང་ལོ་བཅུ་གཉིས་ཅན་གྱི་ཆ་ཚད་ཙམ་དུ་བཞེངས་པར་གྲགས་སོ། །གཞན་ཡང་དཔལ་བསམ་ཡས་གཙུག་ཁང་གི་འཁོར་སའི་ངོས་སུ་འཕགས་པ་འཇམ་དཔལ་གྱི་ཕྱག་མཚན་སྡོམ་བརྩོན་དམ་པའི་རི་མོ་དང་ཚིགས་སུ་བཅད་པ་བྲིས་མཛད་ཅིང་། དེ་ཡང་ས་སྐྱ་པཎྜི་ཏའི་ཞལ་སྔ་ནས།  འདི་ནི་གཙུག་ཁང་འདི་ལ་ཕན་པའི་རྟེན་འབྲེལ་གཅིག་ཡོད་པས། དཔལ་ལྡན་ས་སྐྱ་པས་བྲིས་པ་ཡིན། ཅུང་ཟད་རི་མོ་མ་མཛེས་ཀྱང་མཚན་མོ་བྲིས་པ་དང་། པིར་ལ་སོགས་པ་མ་འཛོམས་པས་ལན་པ་ལགས། འོན་ཀྱང་བཀྲ་ཤིས་པའི་རྟེན་འབྲེལ་ཅིག་ཡོད་པས། སུས་ཀྱང་མི་བསུབ་པར་ཞུ་ཞེས་གསུངས་པ་དང་། གཞན་ཡང་དཔལ་ལྡན་ས་སྐྱའི་དབུ་རྩེ་རྙིང་མ་དང་ཤངས་སྲེག་ཤིང་གཉིས་ཀར་ཡང་འཇམ་དབྱངས་གར་གཟིགས་མའི་སྐུ་རེ་ཕྱག་བྲིས་མཛད་ཡོད། ཡང་ལྷ་ལྡན་གཙུག་ལག་ཁང་གི་ཐུགས་རྟེན་ལ་ཆོས་རྗེ་ས་པཎ་ནས་ཞལ་ལྷོ་ལ་ཕྱོགས་པའི་མཆོད་རྟེན་དཀར་པོ་ཞིག་བཞེངས་མཛད་ཅིང་མཚན་ལ་བརྟག་པ་མཆོད་རྟེན་ཟེར། འདིའི་གཟུངས་བཞུགས་སུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཕྱག་ཙྪ་བཞུགས་ཡོད་པར་གྲགས་སོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་དགུང་པོ་དྲུག་ཅུ་རེ་གཅིག་བཞེས་པ་ན། ཧོར་ཡུལ་དུ་ཕེབས་པའི་སྔོན་འགྲོར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་དབུ་རྩེ་རྙིང་མ་རུ་དབུས་གཙང་གི་ཆོས་སྨྲ་བའི་དགེ་བའི་བཤེས་གཉེན་གདུགས་འཛིན་པ་སྟོང་དུ་ཚང་བ་དང་། སྡེ་སྣོད་འཛིན་པ་ཡང་སྟོང་ཕྲག་དུ་མ་དང་། དགེ་འདུན་པ་ཁྲི་ཚོ་བཅོ་བརྒྱད་ཙམ་ལ་ཆོས་འཁོར་ཆེན་མོ་བསྐོར་བ་དང་།གཞན་ཡང་མཁས་པ་རྣམས་ནས་གཞུང་ལུགས་སོ་སོ་ལ་འཆད་པ་དང་།ཉན་པ་དང་། འབེལ་པའི་གཏམ་གྱིས་ཉིན་མཚན་འདའ་བར་བྱེད་ཅིང་ཐུབ་པའི་བསྟན་པ་གསལ་བར་བྱས་ལ། འདི་ཡང་སྔོན་ཆད་བོད་ཀྱི་མཁས་པ་གཞན་སུ་གང་གིས་ཀྱང་མ་ཐོན་པའི་ངོ་མཚར་བའི་རྣམ་ཐར་རྨད་དུ་བྱུང་བ་ཞིག་ཡིན་ནོ། །དེའི་སྐབས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་ལོ་བརྒྱད་ཡིན་ལ་ཁོང་གིས་ཀྱང་དགེ་འདུན་པ་རྣམ་པའི་དབུས་སུ་དཔལ་ཀྱེ་རྡོར་རྩ་རྒྱུད་བརྟག་པ་གཉིས་པ་ཐུགས་ཐོག་ནས་གསུངས་པ་དང་ཚོགས་ཀྱི་གཏམ་མཛད་པས་ཀུན་ངོ་མཚར་དུ་གྱུར་ཏོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་དགུང་ལོ་དྲུག་ཅུ་རེ་གསུམ་གྱི་ལོར་ཧོར་ཡུལ་དུ་འབྱོན་པ་ན། དཔལ་ས་སྐྱའི་སྒོ་རུམ་ལྷ་ཁང་ན་ཡོད་པའི་བསེ་འབག་ནག་པོ་འཕུར་ཤེས་སམ་དཔལ་མ་ཧཱ་ཀ་ལའི་འཕྱམ་སྐུའི་དྲུང་དུ། བསྟན་པ་དང་གཙུག་ལག་ཁང་འདི་སྲུངས་ཤིག་ཅེས་བཀའ་བསྒོ་བར་མཛད་ནས། ཆོས་རྗེ་ཉིད་བཞེངས་གནང་སྟེ་ཕེབས་པར་བརྩམ་པ་ན། ཆོས་སྐྱོང་གི་འཕྱམ་སྐུ་ཡང་བཞེངས་ཏེ། ཆོས་རྗེ་ས་པཎ་གྱིས་ཕྱག་ཕྱིར་བྱོན་པ་ན། ཆོས་རྗེས་རང་གི་ན་བཟའ་བླ་གོས་ཀྱི་གྲྭ་ཆོས་སྐྱོང་གི་དབུ་ལ་བསྣུན་པས། ཆོས་སྐྱོང་གིས་དབུ་སྒུར་ཙམ་གནང་བས་ཕྱིས་ཀྱང་དབུ་སྒུར་པོར་ཡོད་པ་གྲགས་སོ། །


ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ཁུ་དབོན་རྒྱ་ནག་ཏུ་ཧོར་གོ་དན་རྒྱལ་པོས་གདན་ཞུས་ལྟར་ཕེབས་པའི་ལམ་བར་དུ། འཛིན་པའི་དཔོན་སྡེ་བང་རྒོད་བུས་སྦྱིན་བདག་བྱས། ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་འཛིན་རྣམ་རྒྱལ་མགོན་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་ལེགས་པར་གྲུབ་པའི་སྐབས་ཀཿ་ཐོག་པ་དཔོན་སློབ་འཁོར་བཅས་ཀྱང་གནས་དེར་ཞབས་སོར་འཁོད། ཀཿ་ཐོག་པའི་ཞལ་ནས། རབ་གནས་ཀྱི་ཐོག་མའི་བགེགས་སྐྲོད་དེ་ངེད་རྙིང་མ་པས་བྱེད། ཡེ་ཤེས་པ་ཞུགས་པ་སོགས་རབ་གནས་ཀྱི་དངོས་གཞི་དེ་ཁྱེད་གསར་མ་པས་མཛད་པར་ཞུ་ཞེས་གསུངས་ཏེ། དེར་ཀཿ་ཐོག་པའི་བླ་སློབ་རྣམས་ཀྱིས་སྦྱངས་བ་བྱས་ཏེ་བཛྲ་ཀྲོ་དྷ་ཞེས་བགེགས་སྐྲད་པའི་དྲག་སྔགས་བརྗོད་པ་དང་དུས་གཅིག་གུ་གུལ་བདུག་ཅིང་ཡུང་དཀར་དང་ཁ་བཤའ་གཏོར་ནས་རྫུ་འཕྲུལ་གྱི་ལྷ་ཁང་ཕྱི་ནང་གསང་གསུམ་བརྟེན་དང་རྟེན་པར་བཅས་ཐམས་ཅད་གཞི་མེད་དུ་བཏང་བར་གྲགས་ལ། དེ་ལྟར་ཉིན་བདུན་གྱི་བར་ལུས་པ་དང་། དེ་ནས་ཉིན་བདུན་གྱི་ཕྱི་ཉིན་སྔ་མོ་ནས་ཆོས་རྗེ་ས་པཎ་ཁུ་དབོན་གྱི་བསྟན་བཞུགས་ཀྱི་ཆོ་ག་བྱས་ཏེ་ཛཿཧཱུཾ་བྃ་ཧོ་ཞེས་བསྟན་བཞུགས་ཀྱི་སྔགས་བརྗོད་པ་དང་དུས་གཅིག་ལྷ་ཁང་བརྟེན་དང་རྟེན་པར་བཅས་སྔ་མ་བཞིན་བཞུགས་སུ་གསོལ་བ་དང་རབ་གནས་ཀྱི་ཆོ་ག་མཛད་ནས་དམ་ཡེ་དབྱེར་མེད་ཀྱི་ཡེ་ཤེས་པ་འགུག་ཅིང་གཞུག་པར་བྱས་ཏེ་རྟེན་སྙིང་གི་སྔགས་བརྗོད་ནས་སུ་ཏྲ་ཏིཥྛའི་སྔགས་ཀྱིས་མེ་ཏོག་གཏོར་བས་ནམ་མཁའ་ནས་འཇའ་འོད་ཀྱིས་གུར་ཕུབས་པ་དང་། རོལ་མོའི་སྒྲ་གྲགས་ཏེ་མེ་ཏོག་འདབ་མ་བརྒྱད་དང་བཅུ་དྲུག་པ་སོགས་དངོས་སུ་འཐུ་རྒྱུ་ཡོད་པའི་ཆར་ཕབ་ཏེ་ངོ་མཚར་གྱི་བལྟས་རྨད་དུ་བྱུང་བའི་རྫུ་འཕྲུལ་སྣ་ཚོགས་སྟོན་པར་མཛད་དོ། །ཡང་ལོ་རྒྱུས་ཁ་ཤས་ལས། དེར་ཀཿ་ཐོག་པས་བགེགས་སྐྲོད་པའི་ཏིང་ངེ་འཛིན་ལ་ཞུགས་པས་ལྷ་ཁང་ཕྱི་ནང་བསྒྱུར་བར་མཛད། ས་སྐྱ་པས་དེ་མ་ཐག་ཡེ་ཤེས་པ་ཕབ་པས་སླར་ཡང་ལྷ་ཁང་ཕྱི་ནང་རྣལ་དུ་གནས་པར་མཛད་པའི་རྫུ་འཕྲུལ་བསྟན། དེའི་ཚེ་ནམ་མཁར་གློག་འོད་རབ་ཏུ་འཁྱུག་པའི་གསེབ་ནས་བསྟན་སྲུང་རྒྱ་མཚོའི་གཙོ་བོ་དཔལ་མ་ཧཱ་ཀཱ་ལཱ་གུར་མགོན་ལྕམ་དྲལ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པ་མངོན་སུམ་དུ་བྱོན་ནས་འདྲ་སྐུ་ལ་ཐིམ་པའི་རྟགས་དང་མཚན་མ་སྣ་ཚོགས་པ་སོགས་བྱུང་ངོ་། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ཧོར་ཡུལ་དུ་ཕེབས་སྐབས་སུ་རྒྱ་ནག་རི་བོ་རྩེ་ལྔར་གནས་གཟིགས་ལ་ཕེབས་གནང་བ་ན་རི་བོ་རྩེ་ལྔའི་ནམ་མཁར་འཇམ་དབྱངས་གཙོ་འཁོར་ལྔ་པོས་དངོས་སུ་འཇམ་མགོན་བླ་མར་ཞལ་གཟིགས་གནང་བ་མ་ཟད་ཁོང་གི་ཐུགས་རྗེའི་མཐུ་ལ་བརྟེན་ནས་དེར་ཡོད་པའི་མི་ཚོགས་ཀུན་གྱིས་ཀྱང་འཇམ་པའི་དབྱངས་ཞལ་གཟིགས་ཐུབ་པས་ཀུན་ཀྱང་དགའ་བ་དང་ཡ་མཚན་པའི་གནས་སུ་གྱུར་ཏོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ལིང་ཆུ་རྩེའི་ཁབ་ཏུ་ཆོས་གསུང་གིན་བཞུགས་པ་ན། མི་མང་པོ་ཞིག་རི་བོ་རྩེ་ལྔར་མཆོད་མཇལ་ཕྱིན་པས། དེའི་ནུབ་མོར་ཐམས་ཅད་ཀྱི་རྨི་ལམ་དུ། ད་ལྟ་རི་བོ་རྩེ་ལྔ་ལ་འཇམ་དབྱངས་མི་བཞུགས། ལིང་ཆུ་རྩེའི་ཁབ་ན་ཆོས་གསུང་གིན་ཡོད་ཟེར་བ་རྨིས་ཏེ། ཕྱི་ཉིན་གཉིད་སད་པ་ན་ཐམས་ཅད་ཕན་ཚུན་ལབ་གླེང་བྱས་ཏེ་ཐེ་ཚོམ་ཙམ་ཡང་མེད་པར་རྨི་ལམ་ལ་ཡིད་ཆེས་ནས་ལིང་ཆུ་རྩེར་འོངས་པས་འཇམ་མགོན་ས་སྐྱ་པཎྜི་ཏ་ནས་ཆོས་གསུང་གིན་བཞུགས་པ་དང་མཇལ་ལོ། །ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་དང་ཧོར་གོ་དན་རྒྱལ་པོ་རྣམ་གཉིས་འབེལ་པའི་བཀའ་མཆིད་མང་དུ་བྱུང་བའི་འཕྲོས་ཤིག་ལ་འཇམ་མགོན་ས་པཎ་གྱིས་མདོ་སྡེ་གསེར་འོད་དམ་པ་ལས། རུས་སྦལ་ལ་སྤུ་མེད་པའི་སྐོར་སོགས་གསུང་གླེང་མཛད་པས་རྒྱལ་པོས་དེ་སུན་དབྱུང་བར་བྱ་བའི་ཕྱིར་དུ། རང་ཉིད་ལ་རུས་སྦལ་གྱི་པགས་པ་སྤུ་ཡོད་སོང་བ་ཞིག་ཡོད་ཚུལ་དང་དེའི་ལོ་རྒྱུས་སོགས་ཞིབ་མོར་བརྗོད་དེ་རྒྱལ་པོས་བང་མཛོད་ནས་པགས་པ་བཏོན་ཏེ་ཆོས་རྗེ་ལ་ཕུལ་མཛད་པས།  ཆོས་རྗེ་བླ་མས་དེ་ཉིད་རུས་སྦལ་གྱི་པགས་པ་མིན་ཚུལ་དང་། ཆུ་ལ་གནས་པའི་སེམས་ཅན་རྣམས་ཀྱི་དོན་དུ་བྱང་ཆུབ་སེམས་དཔའ་རུས་སྦལ་དང་འདྲ་བའི་གཟུགས་སུ་འབྱོན་པར་ཡོད་པ་གསུང་རབ་ལས་གསུངས་ཡོད་པས་དེའི་པགས་པ་ཡིན་པ་དང་། དེ་ལ་བལྟ་ཤེས་པ་རྣམས་ཀྱིས་བལྟས། བསྟན་ཤེས་པ་རྣམས་ཀྱིས་བསྟན་ན་པགས་པའི་ངོས་ལ་སངས་རྒྱས་སྟོང་དང་། བྱང་སེམས་ཉེ་བའི་སྲས་བརྒྱད་ཀྱི་སྐུ་བརྙན་གསལ་བར་ཡོད་ཚུལ་སོགས་གསུངས་ཏེ། ཆོས་རྗེས་པགས་པ་དེའི་མགོ་བོ་ནས་གཟུང་སྟེ་རྒྱལ་པོ་ལ་ཞིབ་མོར་བསྟན་པས་ཆོས་རྗེ་བླ་མས་གསུངས་པ་ཇི་བཞིན་དུ་ཡོད་པ་དེར་ཡོད་པའི་སྐྱེ་བོ་རྣམས་ཀྱིས་མཐོང་བས་ཀུན་ངོ་མཚར་དུ་གྱུར་ཏོ། །


ཡང་ཧོར་གྱི་རྒྱལ་པོས་འཇམ་མགོན་ས་པཎ་སྐུ་འཁོར་རྣམས་ཕམ་པར་བྱ་བའི་ཕྱིར་དུ་སྒྱུ་མཁན་མང་པོ་བསྡུས་ཏེ་མཚོ་སྟེང་དུ་གཙུག་ལག་ཁང་དགོན་པའི་རྣམ་པ་ཅན་བཀོད་པ་ཕུན་སུམ་ཚོགས་པ་ཞིག་སྤྲུལ་དུ་བཅུག་ཅིང་ཆོས་རྗེ་བླ་མ་སྐུ་འཁོར་རྣམས་དེར་སྤྱན་དྲངས་ཏེ་རྒྱལ་པོ་འཁོར་བཅས་རྣམས་དང་ལྷན་ཅིག་ཏུ་ཕེབས་པར་མཛད། གཙུག་ལག་ཁང་དེ་ཉིད་ཆོས་རྗེ་བླ་མས་སྒྱུ་མའི་གཙུག་ལག་ཁང་ཡིན་པར་མཁྱེན་ཏེ་མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག་ཅེས་སོགས་ཀྱི་སྒོ་ནས་རབ་གནས་མཛད་དེ་གཙུག་ལག་ཁང་དེའི་སྒོ་སྲུང་ཁྲོ་བོ་རྣམས་ལ་འདི་བཤིག་བྱུང་ན་ང་དང་ཁྱོད་མི་འཆམ་མོ་ཞེས་གསུངས་ཤིང་། ཆོས་རྗེ་བླ་མ་སྟན་ལ་བཞུགས་པར་མཛད་པ་ན་སྒྱུ་མ་མཁན་གྱིས་བཤིགས་པར་བརྩམས་པས་བཤིག་མ་ནུས་ལ་དེར་ཡོད་པའི་རྒྱལ་པོ་སྐུ་འཁོར་རྣམས་ངོ་མཚར་བར་གྱུར་ཏོ། །དེ་ལྟ་བུའི་ལྷ་ཁང་དེའི་མིང་ལ་ཡང་བྱང་ཕྱོགས་སྤྲུལ་པའི་སྡེ་ཞེས་གྲགས་པ་ཡིན་ནོ། །ཡང་ཧོར་གྱི་རྒྱལ་པོས་འཇམ་མགོན་བླ་མར་མངོན་ཤེས་བརྟགས་པའི་ཆེད་དུ་འབུམ་དུམ་པ་བཅུ་གཉིས་ཀྱི་གླེགས་བམ་སྤྲུལ་པའི་ལྷ་ཁང་དེར་བཞུགས་ཁྲི་བྱས་ཏེ་ཆོས་རྗེ་བླ་མ་དེར་གདན་ཞུས་བྱས་པ་ན། ཆོས་རྗེས་དེ་ལྟར་མཁྱེན་ཏེ་སངས་རྒྱས་ཡུལ་དུ་གཤེགས་སུ་གསོལ་ཞེས་སོགས་གསུངས་ནས་ཁྲི་དེར་བཞུགས་པར་མཛད་ཅིང་། འཇམ་མགོན་བླ་མ་ཁྲི་ནས་ཕེབས་ཟིན་རྗེས་རྒྱལ་པོ་སྐུ་འཁོར་ནས་འབུམ་པོ་ཏི་བཅུ་གཉིས་པོ་ཁ་ཕྱེས་ཏེ་གཟིགས་པ་ན་ཤོག་བུའི་ངོས་སུ་ཡིག་འབྲུ་གཅིག་ཀྱང་མེད་པར་ཤོག་སྟོང་དུ་གྱུར་ཡོད་པས་རྒྱལ་པོ་སྐུ་འཁོར་རྣམས་ངོ་མཚར་དུ་གྱུར་ཏེ་སླར་ཡང་ཤོག་བུའི་ཐོག་ཏུ་ཡིག་འབྲུ་རྣམས་གདན་འདྲེན་པར་ཞུའོ་ཞེས་ཆོས་རྗེ་ལ་གསོལ་བ་བཏབ་པས། ཆོས་རྗེས་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་སོགས་གསུངས་པས་ཤོག་བུའི་ངོས་སུ་ཡིག་འབྲུ་རྣམས་སྔར་བཞིན་འཁོད་དོ། །དེ་ལྟ་བུའི་འབུམ་དུམ་པ་བཅུ་གཉིས་པོ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ས་སྐྱར་གདན་ཞུས་མཛད་པས་ས་སྐྱའི་སྒོ་རུམ་བླ་མ་ལྷ་བླ་ཁང་གི་མདར་ཆོས་རྗེ་འཇམ་མགོན་ས་པཎ་གྱི་གཟིམས་ཁང་སྡོམ་གསུམ་རབ་དབྱེ་རྩོམ་མཛད་སའི་གནས་ཁང་དེར་བཞག་ཡོད་དོ། །གཞན་ཡང་ཧོར་གོ་དན་རྒྱལ་པོ་ས་བདག་གི་ནད་ཀྱིས་ཐེབས་པས་ཆོས་རྗེ་ས་པཎ་གྱིས་འཕགས་པ་སེངྒེ་སྒྲའི་ཆོ་ག་མཛད་པས་རྒྱལ་པོ་ནད་ལས་ཐར་བར་མཛད་ཅིང་། རྒྱལ་པོ་ཆོས་རྗེ་ས་པཎ་ལ་ཤིན་ཏུ་དད་ནས་སེམས་བསྐྱེད་དང་། དཔལ་ཀྱེ་རྡོ་རྗེ་དབང་སྐུར་སོགས་ཟབ་ཆོས་མང་དུ་ཞུས་ཏེ་རྒྱལ་པོ་སྨིན་པར་མཛད། གཞན་ཡང་སྐད་རིགས་མི་གཅིག་པའི་གདུལ་བྱ་དཔག་ཏུ་མེད་པ་སྨིན་པར་མཛད་ཅིང་གྲོལ་བར་བྱས། སོག་ཡུལ་ན་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད། དེ་ཡན་ཆད་དུ་སོག་པོར་ཡི་གེ་མེད་པས། འཇམ་མགོན་ས་པཎ་གྱིས་ཡི་གེ་གསར་དུ་བཟོ་བར་བཞེད་པ་ན། བུད་མེད་ཅིག་གིས། པགས་མཉེད་ཀྱི་ཤིང་སོག་ལེའི་ཁ་ལྟ་བུ་ཞིག་ཐོགས་པ་གཟིགས་ནས། སོག་ཡིག་དེའི་དབྱིབས་ཅན་དུ་མཛད་པས་དེའི་མིང་ལའང་སོག་ཡིག་པགས་ཤད་མ་ཞེས་གྲགས། གཞན་ཡང་ནང་པ་སངས་རྒྱས་པའི་བཀའ་བསྟན་མང་པོ་ཞིག་ཀྱང་སོག་ཡིག་ཏུ་བསྒྱུར་ནས་དར་ཞིང་རྒྱས་པར་མཛད་དོ། །དེས་ནས་ཆོས་རྗེ་ས་སྐྱ་པཎྜི་ཏ་མཆོག་གདུལ་བྱའི་དོན་དུ་བསྙུང་པའི་ཚུལ་བསྟན་པ་ཡང་། འཇམ་དཔའི་དབྱངས་དང་།བྱམས་པ་མགོན་པོ་དང་། ཞི་བ་ལྷ་དང་། འཕགས་པ་ཀླུ་སྒྲུབ་ལ་སོགས་པས་དངོས་སུ་བསྙུང་གསོལ་མཛད་གནང་པ་དང་། ཡང་སྐུ་མྱ་ངན་ལས་འདས་ལ་ཉེ་བའི་ཐོ་རངས་ཀྱི་སྐབས་ཤིག་ལ་དབུས་སུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། གཡས་སུ་བླ་མ་བིར་ཝ་པ་དང་། གཡོན་དུ་སློབ་དཔོན་ནག་པོ་པ་རྣམས་དང་། གཞན་ཡང་ཀྱེ་ཡི་རྡོ་རྗེའི་དཀྱིལ་འཁོར་ལ་སོགས་པས་མངོན་སུམ་དུ་ཞལ་གཟིགས་པ་མ་ཟད་མ་འོངས་པར་སྐྱེ་བ་གསུམ་པ་ལ་དེ་བཞིན་གཤེགས་པ་སངས་རྒྱས་དྲི་མེད་ཅེས་བྱ་བར་འགྱུར་རོ་ཞེས་ལུང་པར་བསྟན་མཛད་དོ། །ཐེག་པ་ཆེན་པོའི་མདོ་དང་བསྟན་བཅོས་རྣམས་ལས། ས་བརྒྱད་པ་མ་ཐོབ་ཀྱི་བར་དུ། དངོས་སུ་སངས་རྒྱས་སུ་ལུང་སྟོན་པ་མི་འབྱུང་ཞེས་གསུངས་པས། འདི་ནི་ས་བརྒྱད་པ་ཡན་ཆད་ལ་གནས་པར་ཐེ་ཚོམ་མེད་དོ། །ཞེས་བསམ་ཡས་ལྷ་བཙུན་པ་བསོད་ནམས་དཔལ་ལྡན་གྱིས་གསུངས་སོ། །ཡང་སྤྱན་རས་གཟིགས་དང་། རྗེ་བཙུན་སྒྲོལ་མ་དང་། འཇམ་པའི་དབྱངས་ལ་སོགས་པས་ཀྱང་ཞལ་གཟིགས་སོགས་མཛད་གནང་བ་དང་། དངོས་སུ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པའི་ཚེ་སེམས་མེད་པའི་ས་རྣམ་པ་དྲུག་ཏུ་གཡོས་པ་དང་། ནམ་མཁའ་ལས་རོལ་མོའི་སྒྲ་སྣ་ཚོགས་པ་ཡང་ཡང་གྲགས་པ་དང་། འཇའ་འོད་རྣམ་པའི་གདུགས་དང་། བ་དན་ཕྱར་བ་ལ་སོགས་པའི་སྒོ་ནས་རབ་བྱུང་བཞི་པའི་ལྕགས་ཕག་སྨལ་པོ་ཟླ་བའི་ཚེས་བཞིའི་ཐོ་རངས་ཀྱི་དུས་ཕྱི་ལོ་-༡༢༥༡-ལོར་སྐུ་ཞི་བར་གཤེགས་སོ། །ས་སྐྱ་པཎྜི་ཏ་སྐུ་ཞི་བར་གཤེགས་ཟིན་པའི་གདུང་རུས་ལས་ཇི་ལྟར་འཁྲུངས་ཚུལ་ནི།  དེ་ཡང་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་ལས། དང་པོ་སྐུའི་རྟེན་ལ། དབུའི་གཙུག་ཏོར་གྱི་དབུས་སུ་ཀྱེ་ཡི་རྡོ་རྗེ་དང་། །འཇམ་པའི་དབྱངས་སྐུ་དྲི་མེད་གསལ་བར་བྱོན། །དཔྲལ་བའི་ཆ་ལ་འཁོར་ལོ་སྡོམ་པའི་སྐུ། །ལྟག་པའི་ཆ་ལ་སངས་རྒྱས་བཅོམ་ལྡན་འདས། །ཕྲག་པའི་གདུང་ལ་ཁ་སར་པཱ་ཎི་དང་། །རྐང་པའི་སྦུབས་ལ་སྤྱན་རས་གཟིགས་དབང་བྱོན། །སྒེལ་བུའི་ཆ་ལ་གསང་བའི་ཡུམ་བཞི་བྱོན། །སྒྲོལ་མ་མི་གཡོ་པུས་བཙུགས་རྣམ་པ་གཉིས། །ཕྱག་སོར་གཡས་པ་ཀླུ་ཤིང་ལྗོན་པའི་སྟེང་། །བྱམས་པ་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན། །སྤྲུལ་པ་རྣམ་བཅུ་སྐུ་ཡི་རྟེན་དུ་བྱོན། །ཞེས་གསུངས་པས་སྐུའི་རྟེན་ལ་སྤྲུལ་པ་རྣམ་བཅུ་བྱོན་པ་དང་།  གཉིས་པ་གསུང་རྟེན་ལ།   ཚངས་པའི་གསུང་དབྱངས་སྟོང་ཉིད་སེང་གེའི་སྒྲ། །སྐྱེ་མེད་དོན་མཚོན་ཨ་ཡིག་འབུར་དུ་དོད། །ཞེས་གསུངས་པས་གསུང་གི་རྟེན་དུ་གདུང་རུས་ལས་ཡི་གེ་ཨ་ཡིག་འབུར་དོད་ཅིག་བྱུང་བ་ཡིན་ནོ། །གསུམ་པ་ཐུགས་ཀྱི་རྟེན་ལ། སྙན་གོང་གཉིས་ལ་རྣམ་རྒྱལ་མཆོད་རྟེན་རེ། །ཐུགས་དགོངས་རྣམ་དག་རང་བྱུང་ཆོས་སྐུར་ཤར། །དམ་ཚིག་རྡོ་རྗེ་ལྟེ་བར་ཧཱུཾ་གིས་མཚན། །ཞེས་སོགས་གསུངས་པ་ལྟར་དུ་ཤེས་པར་བྱའོ། །དེས་ན་གདུང་རུས་ལས་ངོ་མཚར་བའི་སྐུ་གསུང་ཐུགས་རྟེན་དང་རིང་བསྲེལ་སོགས་མང་དུ་བྱོན་ན་ཡང་རེ་ཞིག་ལ་དེ་ཙམ་གྱིས་མཇུག་བསྡུ་བར་བྱའོ། །དེ་ཡང་ཆོས་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ངོ་མཚར་བའི་རྣམ་ཐར་འདི་དང་འདི་ལྟ་བུ་བརྗོད་ཀྱིས་མི་ལང་ཡང་ཁོང་གི་རྣམ་ཐར་གྱི་ཆ་ཤས་ཙམ་ཞིག་འབེལ་གཏམ་གྱིས་ཚུལ་དུ་བྲིས་པ་འདི་ཡང་སྔོན་བྱོན་གྱི་མཁས་པ་རྣམས་ཀྱིས་མཛད་པའི་རྣམ་ཐར་ཁག་ལས་ཇི་ལྟར་བྱུང་བ་རྣམས་རང་ཉིད་ཀྱིས་མི་བརྗེད་པར་བྱ་བའི་ཕྱིར་དང་། རང་དང་སྐལ་པ་མཉམ་པའི་དོན་གཉེར་ཅན་རྣམས་ལ་ཅུང་ཟད་རེ་གོ་བདེ་བ་ལ་ཕན་དུ་རེ་ནས་རྣམ་ཐར་རྣམས་ལས་ཇི་ལྟར་འཁོད་པ་ལྟར་ཟུར་དུ་ཕྱུང་སྟེ་སྒྲོ་སྐུར་མེད་པར་ཁོང་གི་དགོངས་རྫོགས་ཀྱི་དུས་ཁྱད་པར་ཅན་དང་བསྟུན་སྟེ་དཔལ་ལྡན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་རྣམ་ཐར་མཚོན་པ་ཙམ་ཞིག་རིག་པའི་རྡོ་རྗེ་ནས་སྤྱི་ལོ་-༢༠༢༥-ལོའི་བོད་ཟླ-༡༡-པའི་ཚེས་-༡༤-ཉིན་ཐོ་རངས་ཀྱི་དུས་སུ་མཇུག་ལེགས་པར་གྲུབ་པ་ལ་བརྟེན་ནས་ཡི་གེར་བཀོད་དེ་ལེགས་པར་སྤེལ་བ་ཡིན་ནོ། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章