[སྙན་ངག] རྟམ་ཆུང་གི་ཉེ་བྲིས་སྙན་ངག་བདམས་བཀོད།

教育   教育   2024-10-26 12:35   甘肃  






སྙན་ངག་བདམས་བཀོད།






01 རླུང་གཡུག་པའི་ས་སྲོད།‍‍


རླུང་གཡུག་པའི་ས་སྲོད་འདིར།

མེ་ཡི་ཟེགས་མ་མང་བོ།

འཕྲོ་རིམ་འཕྲོར།

བདག་གི་སྙིང་ཁར་ལྷུང་།

སྐྲ་དང་རྫི་མའི་ནགས་ཚལ་དུ་ལྷུང་།

བྱིས་པའི་འབྲི་ཤོག་དང་དཔེ་དེབ་ཀྱི་ངོས་སུ་ལྷུང་།


རླུང་གཡུག་པའི་ས་སྲོད་འདིར།

གློག་འཁྱུགས་པའི་རྗེས་སུ།

ཆུ་བོ་གློ་བུར་དུ་བྲུག་སྟེ།

མདོ་ཡི་ཞིང་ས་མནན།

དེ་རུ་བཏབ་པའི་བརྩེ་དུང་དང་རྨི་ལམ།

འོད་ཀྱི་ས་བོན་མཐའ་དག་ཀྱང་སྡེབ་གཅིག་ཏུ་ཁུར།


རླུང་གཡུག་པའི་ས་སྲོད་འདིར།

ཕ་ཡུལ་ཞེས་ཡང་ཡང་བོས་ཀྱང་།

ལག་པའི་སྲུབས་ཀ་ནས།

ཧ་ཅང་མཐོང་ན་འདོད་པའི།

ཞེ་ལ་ཐོགས་པའི།

མགོ་དཀྲིས་གློ་ཁ་ཅན་གྱི་བུ་མོ་དེ་ཡང་།

མཐའ་མར་ནག་ཐིག་ཅིག་དང་ངོ་བོ་དབྱེར་མེད་དུ་འདྲེས།


རླུང་གཡུག་པའི་ས་སྲོད་འདི།

སུས་ཀྱང་བརྗེད་མི་ཐུབ་པའི་མིག་ཆུ་ཞིག

ཡང་ན།

སྨྲ་བསམ་བརྗོད་འདས་ཀྱི།

མི་རྟག་པ་མཚོན་བྱེད་དམ།

བར་དོ་མཚོན་བྱེད་ཀྱི་གྲིབ་མ་ནག་པོ་གཏོས་ཆེ་བ་ཞིག་གོ།


02 ཕ་ཡུལ།


ང་ལ་ཁྱིམ་གཞིས་ཡ་མེད་ཅིག་ཡོད།

དེ་ནི་ལྷ་ཡུལ་ལྟ་བུའི།

མཐའ་ཡས་པའི་རྩྭ་ཐང་ངོ་།།


ནམ་མཁའ་སྔོ་ཞིང་བསངས།

ཆུ་མོ་དྭངས་ཤིང་གཙང་།


ངེད་ཚང་རྟ་ཕོ་བརྒྱ་སྟོང་ཁྲི་འབུམ་ཡོད།

གླིང་གི་རྟ་རྒྱུད་ཤ་སྟག་ཡིན།


རྟ་ཕོ་བཞོན་ནས་ལུག་ཁྱུ་འཚོ་དུས།

སེམས་པ་ལྷོད་དེ་ཀི་རིང་ཐུང་གཉིས་ཀ་བཏབ་ཆོག

ལུག་ཁྱུ་སྤྲིན་དཀར་དང་འདྲེས།

སྤྲིན་དཀར་ལུག་ཁྱུ་ལ་འཁྲུལ་སོང་།


03 ཐང་ལ་བརྡལ་བའི་སྐད་ཆ།


ཁྱེད་ཀྱི་ཆེད་དུ།

སེམས་ངོས་ཀྱི། མིག་ནང་གི།

མུན་པའི་དུ་དྲེག་མཐུག་པོ་དེ་བཀྲུས།

རྟག་ཆད་ཀྱི་མཐའ་ལ་ལྷུང་བའི་སེམས་པ་ཕྱིར་བསྡུས་ཏེ།

ནམ་མཁའ་སྟོང་བའི་འོག་ནས་དབྱངས་ཀྱི་ལྷན་པ་ཞིག་དྲས།


ཁྱེད་ཀྱི་ཆེད་དུ།

གཙང་བོ་ཞིག་ལ།

ལྕགས་ཀྱི་ཟམ་པ་བཙུགས།

གྲུ་གསུམ་ཞིང་ལ།

རྒྱུ་འབྲས་ཀྱི་ས་བོན་བཏབ།

ཟམ་པའི་ཚུར་ལོགས་སུ།

མདོ་ཡི་ཞིང་ཁ་ནས།

བྱིས་པས་ཨ་མར་སྒུག་པ་ནང་བཞིན།

ཨུ་ཚུགས་ཀྱིས།

ཁྱེད་ཀྱི་གོམ་སྒྲ་ཐོས་པར་ཡང་དང་བསྐྱར་དུ་ཨང་ཉན་བྱེད།


ཁྱེད་ཀྱི་ཆེད་དུ།

ཞག་མ་སུམ་བརྒྱ་དྲུག་བཅུར།

ཉིན་ཐོ་སུམ་བརྒྱ་དྲུག་བཅུ་བྲིས་ཤིང་།

དེ་དག་སྐུད་པ་དཀར་བོས་བཙེམས་ཏེ་གསེར་གྱི་སྒམ་ཆུང་དུ་ཉར།

ད་དུང་གབ་པ་མངོན་བྱུང་གི་འགྲེལ་བ་སྙིང་བསྡུས་ཤིག་ཀྱང་།

ཟླ་འོད་ཤིན་ཏུ་གསལ་བའི།

ཧ་ཅང་ལྷིང་འཇགས་ཀྱི་མཚན་མོ་ཞིག་ལ་བརྩམས་ཆོག་པར་ཞུ།


ཁྱེད་ཀྱི་ཆེད་དུ།

སྒོ་དང་སྒེའུ་ཁུང་ཕྱེས།

སྤྲིན་ནག་གི་ཡོལ་བ་གཤགས་ཏེ་ཉི་འོད་ཁྱིམ་དུ་བསུས།

‍‍‍‍‍‍‍

04 ཡིག་འབྲུ་འདི་དག‍‍‍


གཞུང་ལས་ཁང་གི།

གྱང་ངོས་སུ་བཀལ་བའི།

ཡིག་འབྲུ་འདི་དག

གློག་གིས་བརྒྱབ་པ་ལྟར།

རང་དབང་མེད་པར་འདར་སིག་སིག་སིག


ཚེག་ཁྱིམ་རེ་རེའི་ནང་དུ།

མུན་པའི་ཟེགས་མ་ལྷུང་།

ས་རྡུལ་གྱི་དྲེག་པ་ཆགས།


རྣམ་ཤེས་ལ་བཙའ་ཆགས་པའི།

གཤོག་པ་ཐ་གུས་བསྡམས་པའི།

བར་དོའི་འཇིགས་པ་མྱོང་བའི་ཡིག་འབྲུ་འདི་དག


ཕལ་ཆེར་ལོ་འགའི་སྔོན་ཞིག་ལ།

མ་ཉེས་ཁ་གཡོག་ཐེབས་སོང་བ་དང་འདྲ་བས།

ང་རང་དངོས་གནས།

ཉིན་དང་མཚན་མེད་པར་སེམས་སྐྱིད་པོ་ཞིག་མ་བྱུང་།

                                

05 ཕྱིར་དྲན།


སྐབས་རེར། ཐག་ཉེ་ཐག་ཉེ་ཞིག

ཁྱོད་ཀྱིས་སྐྱ་ཐིག་བྲིས།

ང་ཡིས་ཚོན་མདོག་བྱུགས།


མཚམས་རེར། ཐག་རིང་ཐག་རིང་ཞིག

ཁྱོད་ནི་ཤར་ན་ཡོད།

ང་རང་ནུབ་ཏུ་འགྲེང་།


ཡུན་རིང་མ་འགོར་བར།

མ་བསམས་ས་ནས།

ངེད་གཉིས།

དབྱིབས་དང་ཁ་དོག་མི་གཅིག་པའི།

ནམ་ཡང་གཅིག་ཏུ་ཆགས་ཐབས་བྲལ་བའི་ཕྱེད་ཀ་རུ་གྱུར།


དེའི་རྗེས་སུ།

ང་རང་གཅིག་པུ་ལམ་དུ་ཕྱིན།

དུས་ཚོད་ཀྱི་གཙང་འགྲམ་དུ།

འོད་ཉག་མ་ཙམ་ལས་མེད་ཀྱང་།

ཞི་འཇམ་བག་ལྷོད་ངང་འདུག་ཐུབ་པའི་རེ་བ་བཅངས།


06 ཞེད་སྣང་།


ནམ་ཐོན་ངེས་པ་མེད།

ཚོད་ནི་ཐིག་པ་དཀའ།


རལ་གྲི་དང་སྟ་རེ།

མེ་མདའ་སོགས།


ཁ་ཤས་རྒྱབ་ཏུ་ཁུར།

ལ་ལ་ཕུ་རུང་དུ་སྦས།


གོམ་འགྲོས།

གློག་ལྟར་འཁྱུགས།


མེ་ལྕེ་དང་འདྲ།

བསྲེས་ན་འཚིག་འགྲོ།


ནམ་མཁའ་ལྟ་བུ།

ཐོགས་རེག་བྲལ་བ་ཞིག


རླུང་ལྟ་བུ།

ཡང་ཞིང་གཡོ།


མཚམས་རེར།

སྦྲུལ་ལོ།


ལན་རེར།

སྤྱང་མར་འཁྲུལ།


07 འབྲུག་པ་ཀུན་ལེགས་གླེང་བའི་གཏམ་ཐོར་བུ།


མཐོ་ལ་ལེགས་སོའི་སྤྲེལ་ལད་མེད། །

ཉེས་ན་ཆུང་ཡང་འཇོམས་མཛད་པའི། །

ཀུན་ལེགས་གང་དུ་བཞུགས་ཙ་ན། །

དེ་རུ་འགྱིང་བ་རྣམས་ཀྱིས་དོགས། །


ལ་ལས་མཐོ་རྒྱག་དམའ་རྒྱག་ཟེར། །

ཁ་ཤས་ཀུན་ལེགས་སྨྱོན་པ་འབོད། །

གང་ལྟར་མངོན་ལྐོག་བྲལ་བ་འདི་། །

དམ་པ་ཁོང་གི་མཛད་པའི་མཆོག །


བརྗོད་བྱའི་གནད་དང་མི་འགལ་ཞིང་། །

རྗོད་བྱེད་ཚིག་གི་སྡེབ་འཁྱོངས་ན། །

ཕོ་མོའི་མཚན་ཡང་དཔེ་འཇོག་པས། །

ཆེ་རྒུ་དག་ཀྱང་གཏོལ་མེད་འཁུམས། །


ཕོ་ཆས་མོ་ཆས་ཁྱད་པར་མེད།།

རྣམ་རྟོག་ག་ལ་སྙོམས་པར་མཛད། །

ཕལ་བས་ཐོས་ན་ཤོང་དཀའ་མོད། །

བླ་མའི་དགོངས་པ་སུ་ཡིས་རྟོགས། །


ལོས་འགྲོ་བསམ་ན་ལྷོད་ལྷོད་པོ། །

མི་འགྲོ་སྙམ་ན་རྟབ་རྟབ་པོ། །

ནམ་ཡང་ཚོད་དཔག་མི་ཐུབ་པའི། །

འབྲུག་སྨྱོན་སུས་ཀྱང་འཛིན་པར་དཀའ། །


འཁོར་བ་ལས་ཐར་བྱ་བཏང་བ། །

སྐུ་ཚེ་གང་བོར་ཕལ་ཆེར་འཁྱམས། །

དྲན་ཚད་ཞལ་ནས་གསུང་ཕོད་པའི། །

དཔའ་བོའི་གདེང་ཅན་ཁོང་འདྲ་དཀོན། །


གཞན་གྱི་ཟེར་སྒྲོས་མི་འབྲང་ཞིང། །

རང་གིས་མི་ཐུབ་མི་མཛད་པ། །

རྣམ་དག་ཆོས་ལ་སེམས་བསྐྱེད་པའི། །

རྟོགས་ལྡན་འབྲུག་སྨྱོན་ངོ་མཚར་ཆེ། །


ལན་རེར་ཆོས་པའི་ཟོལ་ནི་བསྟན། །

མཚམས་རེར་ཆོས་ཀྱི་བླ་ཡང་བཙོང་། །

དེ་འདྲ་མ་ཡིན་ཟབ་པ་ཁོང་། །

ཡར་ལུང་ཁོག་གི་དར་བོ་ཆེ། །


དགེ་བ་ལྟ་ཅི་མི་དགེ་ཡང་། །

བྱང་ཆུབ་ལམ་དུ་འཁྱེར་བ་ཡི། །

སྤང་བླང་ཟུང་འཇུག་རྡོ་རྗེ་འཆང་། །

སྨྱོན་པར་འདོད་པ་མ་རིག་པ། །


ཉོན་མོངས་རྡུལ་གྱིས་སེམས་སྒྲིབ་པ། །

ལོག་མཐོང་ལྟ་བའི་གཡའ་ཆགས་པ། །

ཤེས་རབ་ཆར་གྱིས་ཁྲུས་མཛད་པའི་། །

འཕགས་པ་ཁོང་ལ་གུས་ཤིང་འདུད། །


08 དུས་ཚོད་དེ་ལ།


སྔོན་ཆད་ཅིག་ལ་ངེད་གཉིས་ཤིན་ཏུ་ཉེ། །

ཁོག་ཏུ་སྦས་བའི་གསང་བ་ཕལ་ཆེར་མེད། །

འཚོ་བ་དེ་ནི་སྔོ་ཞིང་བསངས་བ་ཞིག །

དུས་ཚོད་དེ་ལ་ངེད་གཉིས་སྐྱིད་ཀྱང་སྐྱིད། །


སྔོན་ཆད་ཅིག་ལ་ངེད་གཉིས་ཁ་ཁོག་མཐུན། །

ལྟ་བ་བརྩད་ནས་ཁ་ངོ་ངར་རབས་མེད། །

ཆགས་སྡང་ཡོད་ཀྱང་སེམས་ཉིད་འཚིག་པ་ཉུང་། །

དེ་དུས་འཇིག་རྟེན་ཁམས་འདི་མཛེས་ཨང་སྙམ། །


དགོང་ཁ་ཞིག་ལ་ངེད་གཉིས་རྫ་ཁར་བུད། །

དཔུང་བ་གཤིབ་སྟེ་ནམ་མཁའི་མཐའ་ལ་གཟིགས། །

མེ་ལྟར་དམར་བའི་མཚམས་སྤྲིན་མཛེས་པ་ལ། །

གཟིགས་མཁན་བྱིས་པ་ངེད་གཉིས་སྙིང་དུ་སྡུག།


གཟའ་མཇུག་ཅིག་ལ་ངེད་གཉིས་ནགས་ཚལ་བརྒྱུད། །

བྱ་བྱིའུ་སྐད་སྙན་སྒྲོག་ཚེ་ཁ་རོག་ཉན། །

ཆར་བ་ཤག་ཤག་འབབ་ཚེ་ལྷན་དུ་གཞའ། །

སྐབས་དེར་གནའ་གཏམ་ཞིག་ཀྱང་བཤད་པ་དྲན། །


ད་མཚམས་ཁྱེད་ནི་རྒྱུ་ཆེན་ཡིན་རབས་གོ། །

ང་ནི་སྔར་བཞིན་ཅང་མེད་དབུལ་ཞིང་ཕོངས། །

རྒྱུ་དང་འབྱོར་བའི་བར་ཐག་མེད་རྒྱུ་ན། །

ངེད་གཉིས་ད་རུང་འགྲོ་རོགས་ཡིན་ཤག་ཤག །


ད་སྐབས་ཁྱེད་ལ་དཔོན་ས་ཡོད་རབས་གླེང་། །

ང་ནི་ཕལ་བའི་ནང་གི་སྤྱིར་བཏང་ཞིག།

ཐོབ་དང་གོ་སའི་བར་ཐག་མེད་རྒྱུ་ན། །

ངེད་གཉིས་ད་རུང་དགོད་རོགས་ཡིན་ཤས་ཆེ།།


ད་མཚམས་ཁྱེད་ཀྱི་འགྱོ་རོགས་མི་ཆེན་དག།

ཆང་ནི་འདྲེན་མཁན་ལག་པས་སྐྱོར་མཁན་མང་། །

དེ་ནི་ཁྱེད་ཀྱི་འཇོན་ཐང་ལོས་ཡིན་ཏེ། །

ང་རང་མི་དགའ་སྨྲ་བ་ཕྲག་དོག་ཙམ། །


ད་མཚམས་ང་ནི་སྔར་བཞིན་གྲོང་གསེབ་ཏུ། །

མ་འོངས་ཕལ་ཆེར་དེ་ནས་འདུག་ཀྱང་སྲིད། །

མི་ཚོགས་འུར་ཟིང་མེད་པས་སྤྲོ་སིང་ངེ། །

ཡ་ཡ་ལགས་སོ་མི་དགོས་རང་དབང་ཆེ། །


ནམ་ཞིག་ཁྱེད་རང་ཁོམ་ན་ང་སར་ཤོག །

སྔོན་ཆད་ནང་བཞིན་ཁ་ཁོག་བསྲེས་ནས་འདུག །

དགོད་ནི་བྲོ་ཞིང་ཧ་ཅང་སྙིང་ཉེ་བའི། །

བྱིས་དུས་གླེང་ཞོར་འཇིག་རྟེན་འཁོར་བ་བཤད། །


གལ་ཏེ་ཁ་ཡག་དགོས་ཚེ་མ་ཡོང་ཀྱེ། །

སྨྲ་ལྕེ་མི་བདེ་མཚམས་རེར་ཚིག་ལོག་གིས། །

མ་བསམ་ས་ནས་ཕོག་ཐུག་གཏོང་ཡང་སྲིད། །

ང་ཡི་གཤིས་ཀ་ཆུང་ནས་ཅུང་ཙམ་གྱོང་། །

   

09 མཚན་ལ་དཀར་མེ་སྒྲོན་མཁན།


གཏམ་ངན་རླུང་བུ་སྒོ་དང་སྒེའུ་ཁུང་བརྒྱུད། །

རྐང་བའི་མཐིལ་དང་སྐྲ་རྩེར་ལྡང་བ་ན། །

རུས་པའི་གསེང་དང་སྙིང་ཁ་ལྷན་དུ་གཟེར། །

མདུན་དུ་ལྟ་བའི་མིག་ཀྱང་རབ་རིབ་ཆགས། །


ཚེར་མ་ལྟ་བུའི་ཚིག་གི་ཆར་རྡེའུ་དག །

ཐོས་འཛིན་ས་ནག་གཞུང་ལ་བབས་པ་ན། །

མ་བཟོད་ཉེ་བའི་མི་ལ་སྡང་མིག་གིས། །

ཡང་ཡང་བལྟ་དགོས་བྱུང་བའི་ལས་འདི་སྐྱོ། །


འདུས་བྱས་ཆོས་ནི་མི་རྟག་གསུངས་ཡོད་ཀྱང་། །

ཁྱེད་ཉིད་རྟག་ན་སྙམ་པའི་ཨུ་ཚུགས་དེ། །

ད་རུང་མ་ཞི་སོ་ན་གནས་པ་འདིར། །

སུ་ཡིས་འཕྱ་ཡང་དངོས་གནས་དེ་ལྟ་ལགས། །


ཁ་བ་མ་བབས་ལུས་པོ་འཁྱག་སིབ་སིབ། །

འཚུབ་མ་མ་གཡུག་ས་གཞི་སྐྱ་ཐག་གེར། །

ཅི་ལྟར་བྱ་དགོས་རྨོངས་པའི་བདག་གིས་ནི། །

ལན་རེར་བྱ་ཐབས་ཟད་དེ་མཚན་མོ་བསྐྱལ། །


ཁྱེད་ཀྱི་མིག་ཟུང་གངས་རིའི་ཕ་རོལ་བརྐྱངས་། །

ཁྱེད་ཀྱི་སེམས་ཉིད་ཡར་ལུང་གཙང་བོར་འདྲེས། །

ཁྱེད་ཀྱི་རྣམ་དཔྱོད་གློག་དམར་འཁྱུག་འཁྱུག་གིས། །

འཁྱག་པའི་ཐབ་ཀར་མེ་ཁ་གསོས་མྱོང་དྲན། །


ཁྱེད་ཉིད་ཉིན་དཀར་སོས་དལ་མེད་པ་ཞིག །

ཁྱེད་ཉིད་མཚན་ལ་དཀར་མེ་སྒྲོན་མཁན་ཞིག །

ཁྱེད་ཉིད་མཐོན་པོ་སྒང་གི་གཤོག་ཐོགས་ཏེ། །

ཁྱེད་ཉིད་དྲན་པའི་དུས་ཚོད་ནམ་ཞིག་རྫོགས། །


ལ་ལས་སྤམ་རྫུ་ཟེར་ནས་སྡིགས་ངེས་ཀྱང་། །

ཁ་ཤས་ཧམ་བཤད་ཟེར་ནས་བརྙས་ཀྱང་རུང་། །

ཁ་བ་ཅན་གྱི་རིན་ཆེན་ནོར་བུ་ཞིག །

ཁྱེད་ཡིན་སྨྲས་ན་ཉེས་པ་ཅི་ལ་ཡོད། །


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།




རྟམ་ཆུང་།


       དངོས་མིང་ལ་རྟ་མགྲིན་ཚེ་རིང་དང་། ཕ་ཡུལ་ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་ཆར་གཏོགས་ཨ་མཆོག་ཉི་མ་ལུང་ནས་སྐྱེས། ༢༠༠༦ལོར་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན་ལ། ད་ལྟའི་བར་བསང་ཆུ་རྫོང་ཙ་ཡུས་ཞང་ཞག་སྡོད་སློབ་ཆུང་དུ་གྲངས་རིག་དགེ་རྒན་གྱི་འགན་ཁུར་ནས་མི་ལོ་བཅོ་ལྔ་ལྷག་འདས།






གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章