[སྙན་ངག] གངས་མུ་ཏིག་གི་ཉེ་བྲིས་སྙན་ངག་བདམས་བཀོད།

教育   2024-11-16 10:51   甘肃  





སྙན་ངག་བདམས་བཀོད།





01 རྡོ་བའི་མིག་ཆུ།


རླུང་འཚུབ་ཀྱིས་སྟ་རེ་གཡུག་ཐེངས་གཅིག་གིས

ཉི་ཟླ་གཙུག་ཏུ་བཀུར་པའི

རྡོ་བ་ཉིད་སིལ་བུར་གཏོར་ཞིང

རྡོ་བའི་རྨི་ལམ་གྱི་འདབ་མ་དང་གཞུང་རྟ་མེས་འཚིག


རྐྱེན་དེའི་དབང་གིས

སེམས་ཁྲལ་རིགས་ཤིག    

ཚོད་ཚོད་དུ་འདུ་ཤེས་ཀྱི་ཟབ་སར

རྩྭ་ལྡུམ་བཞིན་འཛིངས་འོངས


རྡོ་བ  མཚན་མོའི་དོང་ཞབས་སུ

ཁེར་རྐྱང་གི་རྣམ་ཤེས་དཀྲོལ

ཁ་ཁུ་སིམ་མེར་མིག་ཆུ་ཤུམ་ཤུམ་འབྱིན

རྡོ་བའི་མིག་ཆུས་གཙང་པོ་ཞིག་གྲུབ་ཅིང

ཆུ་སྣ་ཡར་ཀླུང་གཙང་པོར་འདྲེས


རྡོ་བ་ཉིད་རྒུད་པའི་གཡང་དུ་ལྷུང་ཡང  

ཤེས་རབ་ཀྱི་བསུང་ངད་ཕྱོགས་བཞིར་ལྡང་ངེས


དུས་མཐའི་གཡོ་ཁྲམ་ཁྲོད་དུ

ཁོ་བོས་ཉིན་མཚན་གྱི་ཤོག་ལྷེ་མེ་རུ་བསྒྲོན་ནས

རྡོ་བའི་རབ་བྱེད་ཡང་ཡང་བཀླག་འདོད


2024ལོའི་ཟླ7པའི་ཚེས14ཉིན་ཤར་མར་སྦྱར།


02 སྟོན་ཟླ་བརྒྱད་པའི་སྙན་ངག


མཚན་ཞག་གཅིག་ལ་ཆགས་པའི་གུར་གྱི་གྲོང་ཁྱེར

དད་པའི་རྒྱུད་སྐུད་ཀྱིས་གཅིག་ཏུ་སྦྲེལ་བའི་རྣམ་ཤེས་ཁྲི་མ་འབུམ


གསུང་གི་འགྱུར་ཁུགས་རེ་རེས

མི་སེམས་ཀྱི་ལྗན་ལྗིན་དག་པར་བྱས

འདོད་ཧམ་གྱི་ལག་པ་ཇེ་ཐུང་དུ་བཏང

རལ་གྲི་ཉིད་འོ་མའི་གཟུགས་སུ་བསྒྱུར

སེམས་སུ་བརྩེ་བའི་རླབས་ཕྲེང་འཕྱུར


དུས་ཚོད་ཁེགས་སོང

མི་རྣམས་རྨི་ལམ་ལ་ཞུགས


གློ་བུར   བདག་གི་ང་རྒྱལ་གྱི་གངས་རི་ཇེ་མཐོར་སོང་ཞིང

འཇིག་རྟེན་ཇེ་ཡག་ཏུ་འགྲོ་བཞིན་པ་ཚོར 


2023ལོའི་ཟླ9བའི་ཚེས15ཉིན་སྦྱར།


03 རོགས་པ་དྲན་པ།


མཚན་མོའི་ནགས་ཚལ་གྱི་ཀློང་ནས

མིག་གིས་མཐའ་མེད་པའི་རྒྱང་རིང་ལ་ཅེར་ན

རྨི་ལམ་འཁུར་བའི་མོ་ཊའི་གཙང་པོ་རིང་མོ

ལམ་གྱི་ཕ་རོལ་སྙེག་ནས་འགྲོ་བ་མཐོང

རོགས་པ  ཏག་ཏག་སྐབས་འདིར

ངའི་རྣ་ལམ་དུ་ཁྱོད་ཀྱི་རྡོག་སྒྲ་གྲགས་ཤིང

མིག་ལམ་དུ་ཁྱོད་ཀྱི་འཛུམ་ཞལ་མངོན་ཡོང


ཁུ་སིམ་མེར་གྱི་ཁང་སྟོང་འདིར

ངས་ཐ་མག་མང་པོ་འཕྲོ་རིམ་འཕྲོར་རྔུབ་ཞོར

སྒྲ་སྒམ་ལསsee you againཞེས་པའི་གཞས་འདི་ཡང་ཡང་བཏང

འུ་གཉིས་བར་གྱི་བརྩེ་བ་དེ

གཏིང་ཟབ་ས་ཞིག་ཏུ་ཡོད་པ་ཚོར

ངས་ངལ་དུབ་དང་སུན་སྣང་ཡོད་ཚད་ཕྱོགས་གཅིག་ཏུ་བསྒྲུགས་ཏེ    

མེ་སྒོང་བརྒྱབ

སེམས་སུ་བདེ་སྐྱིད་དང་དྲོད་ཁོལ་གྱི་ཡོ་ལང་ཕྲན་ཙམ་རྒྱས


ཟླ་བ་དང་སྐར་ཚོགས་མེད་པའི་ནམ་མཁའི་འོག་ཏུ

སེམས་པ་རྨས་མ་ཞིག་གིས

ཁ་ཁུ་སིམ་མེར་ཁྱོད་ཉིད་ཀློག

བོར་ཟིན་པའི་དྲན་པ་སླར་ཡང་རྙེད

ཁེར་རྐྱང་གི་ངོས་གཞན་ཞིག

མཚན་མོ་འདིའི་འཇིངས་སུ་ལྷུང


སྐྱ་རེངས་ཤར་བྱུང

ད་གཟོད་ངས་ཁྱོད་རང་རྒྱང་དུ་གྱེས་པ་རྟོགས     

                                          

2024ལོའི་ཟླ7པའི་ཚེས13ཉིན་ཤར་མར་སྦྱར།


04 ཟླ་དྲུག་པའི་ཆར་བ།


ཤག་ཤག་ཏུ་འབབ་པའི་ཆར་བ་འདི

སུ་ཞིག་གི་ནང་སེམས་ཀྱི་ཁ་དོག་ཕྱི་ལ་འཕོ་ཚུལ་ཡིན

ཡང་ན   བསྐལ་བ་སྟོང་གི་སྐྱོ་གདུང་མ་ཐེག་པའི

ནམ་མཁའ་སྟོང་བ་འདིའི་སྤྱན་ཆབ་ཡིན


ཆར་བའི་ཤག་སྒྲ་འདི

མཉམ་སྒྲོག་རོལ་མོ་ཞིག་དང་འདྲ་བར

ངའི་ནང་སེམས་ཀྱི་རྒྱུད་སྐུད་ལ་གཡོ་འགུལ་བཟོས

ངས་སྒོ་དང་སྒེའུ་ཁུང་ཡོད་ཚད་ཕྱེ

ང་རང་གཅེར་རྗེན་ངང་ཆར་ནང་དུ་བརྒྱུགས་ཏེ

རྨི་ལམ་གྱི་ཆག་རོ་དག་ཕྱོགས་གཅིག་ཏུ་སྤུངས་ཤིང

བརྩེ་དུང་གི་དུར་ཁྲོད་ལ་གད་དར་བྱེད

ངས་དགའ་སྣང་དང་བཅས་འཆི་བདག་ལ་ཆང་ཕོར་གཏུག་ཅིང

འདས་གྲོངས་སུ་ཕྱིན་པའི་གྲོགས་དག་ལ་ལག་འཇུ་བྱེད

གློ་བུར   ང་ནི་བྱིས་པ་ཞིག་ཏུ་གྱུར

ང    ཕུགས་བསམ་དང་ཁ་ཐག་རིང

ང     བརྩེ་དུང་ལ་ཡང་ཁ་ཐག་རིང

དེ་མིན   ཨ་ཕྱི་ལགས་ཀྱང་སྐུ་གཤེགས་མི་འདུག

ཁོང་མོས་ང་ལ་བྱིས་སྒྲུང་འཆད


ཆར་འབབ་མཚམས་ཆད 

ང་རང་གཉིད་ལས་སད

                                                   

2024ལོའི་ཟླ7པའི་ཚེས12ཉིན་ལ་ཤར་མར་སྦྱར།


05 ཡི་གེའི་སྐྱེལ་མ།


འདས་མ་ཐག་པའི་དུར་སྲི་ལ།


དེ་རིང་གནམ་གཤིས་འཁྱག་པ་ལ

སེམས་པ་འདི་དེ་རིང་གི་གནམ་གཤིས་དང་འདྲ་དོན

ཁྱེད་རང་རྒྱང་དུ་ཆས་པས་ཡིན་ནམ


སྒྱུ་མ་མཁན་གྱི་འཁྲབ་སྟོན་ལྟ་བུའི

སྐྱེ་འཆིའི་ཟློས་གར་འདི་ལ་མནོ་བསམ་བཏང

ཁྱེད་ཀྱིས་ཐ་སྙད་ཀྱི་མེ་ཁ་གསོས་ཏེ

ཉིན་མཚན་གྱི་མུན་པའི་རབ་ཁ་བརྒལ་བའི

གཏམ་རྒྱུད་ལ་མནོ་བསམ་བཏང


ཁྱོད་ཀྱི་བརྩེ་དུང་དང་སྙན་ངག   རྨི་ལམ་སོགས

ཕོ་ལོ་སུམ་ཅུའི་ནམ་མཁའ་རུ་སྐར་ཚོགས་བཞིན་བཀྲམ་མྱོང་ཡང

དེར་དོ་སྣང་བྱེད་མཁན་མང་པོ་བྱུང་མ་སོང


མགྲིན་པར་ལུས་པའི་ཐ་སྙད་ཀྱི་ཚོགས

མཆི་མ་རྡོག་ཅིག་ཏུ་གྱུར་ཏེ་ས་རུ་འགྲིལ


ཁྱོད་ཀྱིས་དཀའ་སྤྱད་ཀྱིས་བཞེངས་པའི་ཡི་གེའི་མཁར་རྫོང་འདི

ཉམས་པ་མེད་པའི་རྒྱལ་རབས་ཤིག་དང་འདྲ་བར

བསྐལ་བ་ནས་བསྐལ་བར་གཏན་དུ་འཇིག་མི་སྲིད


2024ལོའི་ཟླ6པའི་ཚེས18ཉིན་ཨ་མཆོག་ནས་ཤར་མར་སྦྱར།


06 དུས་ཚོད་ཀྱི་སྔུན་དུ་ལྕེབས་པའི་སྙན་ངག་པ།


མི་རྣམས་འཚོ་བ་ཞེས་པའི་རོ་སྒམ་དུ།

གན་རྐྱལ་དུ་ཉལ་ཏེ་འཆི་བར་སྒུག

ཁྱོད་ཀྱིས་བློ་རྣལ་དུ་ཕབ་ནས།

རང་སེམས་ཀྱི་རས་ཡོལ་ངོས་སུ།

འབྱམས་ཀླས་པའི་ནམ་མཁའ་ཞིག་བྲིས།

ནམ་མཁའི་ལྷིང་འཇགས་དང་དྭངས་གཙང་བྲིས།

ནམ་མཁའ་ངོས་སུ་རང་དབང་གིས་གར་དུ་རྩེན་པའི་རྒོད་པོ་ཞིག་བྲིས།

རྒོད་པོའི་རྨི་ལམ་དང་ཁེར་ཧྲེང་བྲིས།

དུས་ཡུན་གང་འཚམས་ཤིག་འགོར་རྗེས།

རང་ཉིད་ཀྱང་རྒོད་པོའི་ཆ་ཤས་ཤིག་ཏུ་སྒོམ།


སྐྱེ་བ་འདིར  ཁྱོད་ཀྱིས་བྱ་བ་སྣ་གཅིག་ཁོ་ན་བསྒྲུབས།

དེ་ནི་ཏན་ཏིག་གིས་ཐ་སྙད་ཀྱི་རོལ་རྩེད་ལ་འཐམས་པའོ།


ཁྱོད་རང་སྨྱོ་ཧམ་ཚ་བོས་དུས་ཚོད་ཀྱི་སྔུན་དུ་ལྕེབས་ཏེ།

རང་དང་སྙིང་ཉེ་བ་དག་ཁུ་སིམ་མེར་བསྐྱུར།

ལང་ཚོའི་ངར་ཞགས་ལ་བརྒྱུས་པའི།

དྲག་ཏུ་ལྡིང་བའི་ཡིག་འབྲུ་ཁོ་ནས།

ཁྱོད་དང་བར་ཐག་གིས་བསྟུངས་པར་འབད།


བསམ་ཞིང་བསམས་ན།

འཆི་བ་ནི་རྟ་ཁ་བསྒགས་ནས་ངལ་གསོ་སྟངས་ཤིག

ཡང་ན་དུས་ཚིགས་བརྗེ་ཚུལ་ཙམ།

ཁྱོད་ཀྱིས་ཤུལ་དུ་བསྐྱུར་བའི་པི་ཙེའི་ནམ་མཁའ་རུ།

མི་རབས་ཤིག་གི་སྐྱོ་ངལ་དང་ཁེར་རྐྱང་ཤོང་།


2021ལོའི་ཟླ8པའི་ཚེས21ཉིན་ལ་ཕ་ཡུལ་ནས་བྲིས།


07 མཚོན་བྱེད།


ཤི་གསོན་གྱི་གདགས་སྲིབ་མཚམས་ནས

མི་ཚོས་ཡིན་མདོག་ཁ་བོས

བདེ་སྐྱིད་ཀྱི་མཚོན་བྱེད་དུ་ལྷ་ཡུལ་འཇོག

སྡུག་བསྔལ་གྱི་མཚོན་བྱེད་དུ་དམྱལ་ཁམས་འཇོག

འབྱོར་ཕྱུག་གི་མཚོན་བྱེད་དུ་ཀླུ་ཡུལ་འཇོག

མི་ཚེ་ཡི་མཚོན་བྱེད་དུ་ཟློས་གར་འཇོག

ཤེས་རབ་ཀྱི་མཚོན་བྱེད་དུ་རལ་གྲི་འཇོག

ཞི་བདེ་ཡི་མཚོན་བྱེད་དུ་ཕུག་རོན་འཇོག

མཛེས་སྡུག་གི་མཚོན་བྱེད་དུ་འཇའ་ཚོན་འཇོག

དྭངས་གཙང་གི་མཚོན་བྱེད་དུ་ཁ་བ་འཇོག

སྟོང་བ་ཡི་མཚོན་བྱེད་དུ་ནམ་མཁའ་འཇོག

དྲན་གདུང་གི་མཚོན་བྱེད་དུ་ཟླ་བ་འཇོག

སྐྱོ་སྣང་གི་མཚོན་བྱེད་དུ་ས་སྲོད་འཇོག

ཞེ་སྡང་གི་མཚོན་བྱེད་དུ་དུག་སྦྲུལ་འཇོག

བརྩེ་དུང་གི་མཚོན་བྱེད་དུ་རྒྱལ་སྲས་མེ་ཏོག་འཇོག

རེ་ཆད་ཀྱི་མཚོན་བྱེད་དུ་མྱ་ངམ་ཐང་འཇོག

མི་སེམས་ཀྱི་མཚོན་བྱེད་དུ་ཤེལ་ཕོར་འཇོག

འདི་ལྟར་འཇིག་རྟེན་གྱི་ཆོས་མ་ལུས

སོ་སོར་མཚོན་བྱེད་ཀྱི་ཐ་སྙད་རེ་ཡོད་སྲིད

འོན་ཏེ   བདག་གི་འདས་གྲོངས་སུ་ཕྱིན་པའི

གྲོགས་པོ་དེ་དག་གི་མཚོན་བྱེད་དུ་ཅི་ཞིག་འཇོག

བདག་གིས་ཏན་ཏན་རྙེད་མ་སོང

མིང་གདགས་ཐབས་བྲལ་བའི་མཚོན་བྱེད་ཀྱི་ཐ་སྙད་དེ

རྒོད་པོ་ཞིག་དང་འདྲ་བར

རྟག་པར་བདག་གི་ཀུན་བཞིའི་མཁའ་འཐའ་རུ་ལྡིང་སྐོར་རྒྱག


                           2023ལོའི་ཟླ8པའི་ཚེས14ཉིན།


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།




གངས་མུ་ཏིག

     མིང་དངོས་ལ་ཀླུ་ཐར་བཀྲ་ཤིས་ཟེར་ཞིང་། པིར་མིང་ལ་གངས་མུ་ཏིག་ཏུ་འབོད་པ་ཁོ་ནི་དགུ་བཅུའི་རྗེས་སུ་བསང་ཆུའི་ལྷོ་རྒྱུད་ཀྱི་འབོ་ར་ནས་སྐྱེས།སློབ་གྲྭ་ཆེ་འབྲིང་ཆུང་གསུམ་འགྲིམས། སྔ་རྗེས་སུ«སྦྲང་ཆར»དང«གངས་རྒྱན་མེ་ཏོག» «བོད་ཀྱི་རྩོམ་རིག་སྒྱུ་རྩལ» «ལྷོ་ཁའི་རྩོམ་རིག་སྒྱུ་རྩལ» «ཟླ་ཟེར» «གངས་དཀར་རི་བོ» «ཁམས་པའི་རྩོམ་རིག་སྒྱུ་རྩལ» «སྤང་ལྗོངས» «ཤྭ་སྐྱ» «རི་བོ་ཉི་ཟླ» «མཚོ་སྔོན་བོད་ཡིག་གསར་འགྱུར» «ཀན་ལྷོ་གསར་འགྱུར» «གཞིས་རྩེ་ཚགས་པར» «རྔ་བའི་ཚགས་པར» «ཁམས་པའི་ཚགས་པར»སོགས་ཞིང་ཆེན་ཕྱི་ནང་གི་ཚགས་དེབ་ཁག་ཏུ་སྙན་ངག་དང་ལྷུག་རྩོམ། བརྩམས་སྒྲུང་སོགས་རྩོམ་ལུས་མི་འདྲ་བ་ཉིས་བརྒྱ་ལ་ཉེ་བ་བཀོད།






གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章