[སྙན་ངག] ཁ་སྒང་སྟག་འབུམ་རྒྱལ་གྱི་ཚིགས་བཅད་སྙན་ངག་བདམས་བཀོད།

教育   2024-11-09 11:37   甘肃  




སྙན་ངག་བདམས་བཀོད།





01 སློབ་རའི་བཤེས་གཉེན་དེ་ལ་བསྟོད་ཕྱག་ཕུལ།‍‍


རྒན་བདེ་མཆོག་ལགས་ལ།


ཟིང་བྲལ་བདེ་བ་འཕེལ་བའི་གྲུ་གཅིག་ཏུ། །

རིག་པའི་རོ་མཆོག་རྒྱུད་ཀྱིས་རབ་མྱོང་བའི། །

འཇམ་པོའི་གསུང་གླེང་ཞལ་འཛུམ་དྲོན་མོ་ཅན། །

མཐོང་ཐོས་སྐྱེ་འགྲོ་ཀུན་ལ་དགའ་བ་འཇོ། །


འོལ་ཚོད་ངག་ཀྱལ་སྤུངས་པའི་འཆད་པ་མེད། །

ཐན་འཁྱེར་ཕན་སེམས་བོར་བའི་རྩོད་པ་མེད། །

མ་སྦྱངས་པོ་ཏི་བརྩིགས་པའི་རྩོམ་པ་མེད། །

སློབ་རའི་བཤེས་གཉེན་དེ་ལ་བདག་ཕྱག་འཚལ། །


ཞག་གསུམ་དཔེ་གཟིགས་གྲུབ་པའི་མཁས་པ་མིན། །

འདུལ་ཁྲིམས་བག་མེད་སྤྱོད་པའི་བཙུན་པ་མིན། །

སྒོ་གསུམ་རང་དོན་རྐྱང་བའི་བཟང་པོ་མིན། །

སློབ་རའི་བཤེས་གཉེན་དེ་ལ་བདག་ཕྱག་འཚལ། །


ལས་ཐོབ་གང་ཆེ་གང་མཐོའི་གྲལ་ཆེན་མིན། །

ཕྱག་རྩོམ་གླང་རྒྱབ་ལོངས་པའི་མཁས་ཆེན་མིན། །

སྙན་པ་ལ་ལུང་འཚོལ་བའི་གྲགས་ཆེན་མིན། །

སློབ་རའི་བཤེས་གཉེན་དེ་ལ་བདག་ཕྱག་འཚལ། །


རང་ཉིད་རབ་མཐོར་སྒྲོག་པའི་ཨག་གླུ་མེད། །

གཞན་དག་དམའ་སར་སྨད་པའི་ངར་སྐད་མེད། །

ཆགས་སྡང་སྒྲོ་སྐུར་གཏམ་གྱི་ཉེས་བཤད་མེད། །

སློབ་རའི་བཤེས་གཉེན་དེ་ལ་བདག་ཕྱག་འཚལ། །


མཐུན་སྣང་དང་བ་འགོག་པའི་སྐུ་ཡོན་མེད། །

ཡིད་ཆེས་བློ་འཁེལ་སྤོང་བའི་གསུང་ཡོན་མེད། །

མངོན་འདོད་དད་པ་འཇོམས་པའི་ཐུགས་ཡོན་མེད། །

སློབ་རའི་བཤེས་གཉེན་དེ་ལ་བདག་ཕྱག་འཚལ། །


གོང་ཆེན་རིན་ཆེན་གོས་ཀྱི་རྫིག་ཉམས་མེད། །

ངས་ཤེས་ངས་ནུས་སྨྲ་མཁས་སྤོབས་པ་མེད། །

ང་བའོ་ང་ཆེ་སེམས་ཀྱི་ཁེངས་རློམ་མེད། །

སློབ་རའི་བཤེས་གཉེན་དེ་ལ་བདག་ཕྱག་འཚལ། །


ཐིག་ཅན་སྦྲང་མར་སྟག་གི་ངོ་སྲུང་མིན། །

རྭ་ཅན་འབུ་ལ་འབྲོང་གི་འུད་བསྟོད་མིན། །

དམ་པའི་ངང་ཚུལ་ཇི་ལྟར་མཐོང་བའི་ཚུལ། །

དྲང་པོའི་ངག་འདི་བརྗོད་འདོད་ཡི་གེར་སྤེལ། །


སྣ་ཚོགས་འདྲ་འདྲ་མང་བའི་ཁོར་ཡུག་ནས། །

བཟང་ངན་གཡོ་སྒྱུས་ལེགས་འབྱེད་དཀའ་ན་ཡང་། །

ཇི་སྲིད་ཐོད་མིག་འདི་གཉིས་མ་བསྒྲིབས་པར། །

བཤེས་གཉེན་ཁྱེད་འདྲར་དད་གུས་མེ་ཏོག་མཆོད། །


མཁས་ཁྱོད་མི་རྟག་བགྲེས་ཚུལ་བསྟན་ན་ཡང་། །

བློ་གྲོས་འདབ་བཟང་ལང་ཚོ་རྙིད་མེད་པས། །

སྣོད་དག་སྐལ་བཟང་མཇལ་བ་དོན་ལྡན་ཞེས། །

ཡུན་བཞུགས་ཤིས་སྨོན་རྟག་ཏུ་བརྗོད་ཀྱིས་བྲེལ། །


02 ང་ལ་ལུང་ཉུལ་གྱིན་འདི་ལྟར་བྲིས།


༼ཁག་དང་པོ ༽


འཇམ་དབྱངས་ལྷ་ཡི་ཤེས་རབ་དངོས་གྲུབ་དེ། །

ལག་སོར་སྐྱོད་པའི་སྨྱུག་གུའི་རྩེ་མོ་རེར། །

བདུད་རྩིའི་རྒྱུན་གྱིས་འཕེལ་བ་མི་ཟད་པར། །

གཡོ་མེད་སྙིང་རྗེས་རྟག་ཏུ་བདག་ལ་དགོངས། །


རབ་འབྱམས་འཇིག་རྟེན་ཕྲ་རྡུལ་གོ་ལའི་གཟུགས། །

ཡོངས་བསྐོར་རེ་འདོད་སྲིད་མཐའི་དཔེར་ཟད་ཀྱང་། །

ཡངས་པའི་རྒྱལ་ཁམས་ནུབ་མཐོའི་གངས་རིའི་ལྗོངས། །

སྙན་ཚིག་བསྟོད་པའི་འདུན་པ་འགོག་མེད་འཕྱུར། །


ཁ་ཅིག་ཡུལ་ཁམས་དཔྱད་པས་ཐོ་རུ་འགོད། །

འགའ་ཞིག་ལ་ལུང་ཕྱག་འཚལ་གོམ་པས་འཇལ། །

ང་འདྲ་འཁོར་བརྟེན་ཚེགས་མེད་གང་ཐོན་སར། །

ཡུལ་གྱི་དཔལ་ལ་མཐོང་ཐོས་འདི་ཙམ་སྐྱེས། །


མ་མཇལ་རྒྱང་ཐོས་སྙན་པའི་མཚན་ཙམ་ཡང་། །

དད་འདུན་དམ་ཐག་གཅིག་ཏུ་བསྒྲིལ་བྱེད་པ། །

ཆོས་ལྡན་ཆོས་ཀྱི་དགའ་བ་འཕེལ་བྱེད་གྲོང་། །

དབུས་འགྱུར་ལྷ་ས་སྙན་ཚིག་མཆོད་པས་བསྟོད། །


ཐོན་མིའི་དབྱངས་གསལ་ཉི་ཟླ་མཁའ་ནས་རྒྱུ། །

བཻ་རོའི་སྒྲ་བསྒྱུར་ནམ་མཁའི་མཐའ་ཚད་འཇལ། །

སྤོས་ཀྱི་ངད་ལྡང་ཇོ་མོ་གངས་དཀར་བརླིང་། །

གཙང་ཡུལ་སྙེ་མོ་སྙན་ཚིག་མཆོད་པས་བསྟོད། །


ཤར་ཚང་ཐུགས་བསྐྱེད་མུ་ཏིག་འཐོར་བའི་ཤུལ། །

སྒྲུབ་གནས་བཅོ་བརྒྱད་ཚོམ་བུར་བཞད་པའི་ཕང་། །

ཆོས་རྒྱུད་ཞི་མཐུན་མཁས་གྲུབ་གདན་ཐོབ་མང་། །

མདོ་སྨད་རེབ་གོང་སྙན་ཚིག་མཆོད་པས་བསྟོད། །


མང་ཐོས་རྩོད་མཁས་དཔའ་རིས་རབ་གསལ་མཚན། །

ཕྱི་ནང་སྤྱན་ཡངས་དོར་ཞི་གདོང་དྲུག་ཞབས། །

ནོར་དཀར་ནང་བཅུད་ཀ་དྲོད་སྤྲིན་ཐོད་ཅན། །

མདོ་སྨད་དཔའ་རིས་སྙན་ཚིག་མཆོད་པས་བསྟོད། །


གཉའ་ཁྲི་བཙན་པོ་གང་ནས་ཕེབས་པའི་ལྗོངས། །

ཕྱོགས་བཞིར་གངས་རིའི་ཐོར་ལྕོག་ལྡེམ་པའི་གནས། །

ནགས་ཚལ་ཆུ་ཀླུང་ཁྱད་མཚར་བཀོད་པ་རྫོགས། །

ཁམས་ཡུལ་སྤོ་མེས་སྙན་ཚིག་མཆོད་པས་བསྟོད། །


རྔུལ་ཆུའི་གཟར་ལམ་དཀྱོག་མངས་སྙིང་རྩ་འདར། །

རི་རྣམས་དབུ་རྩེ་སྨུག་སྤྲིན་མཐོངས་སུ་ཡིབས། །

དཔའ་བོའི་ཞབས་ཟིལ་རྣམ་པར་ལྷུར་ལེན་སྡེ། །

ཁམས་ཡུལ་དཔའ་ཤོད་སྙན་ཚིག་མཆོད་པས་བསྟོད། །


མཐའ་བྲལ་རྩྭ་ཐང་རྒོད་པོའི་ཉིན་ལམ་ཡངས། །

རྟ་ནོར་ལུག་ཟོག་ཕུན་ཚོགས་ཀླུ་འབྱོར་རྒྱས། །

མི་ཕྱུགས་འཆམ་མཐུན་སྙིང་ལ་བག་ཕེབས་པ། །

མདོ་སྨད་མཛོད་དགེ་སྙན་ཚིག་མཆོད་པས་བསྟོད། །


རྒྱལ་གཅེས་དཔའ་སྙིང་ལོ་རྒྱུས་རྡོ་རིང་མཐོ། །

འགྲོ་བའི་ཚོགས་ཆེན་དཔལ་འཁོར་མཆོད་རྟེན་མཛེས། །

འབྲུ་ཞིང་རྒྱ་མཚོར་སྙེ་མའི་རླབས་ཕྲེང་གཡོ། །

གཙང་ཡུལ་རྒྱལ་རྩེ་སྙན་ཚིག་མཆོད་པས་བསྟོད། །


ཐང་ཆེན་དམིགས་མེད་ཚང་ཚིང་ནགས་ཀླུང་སྟུག །

ལ་ལུང་མདུན་རྒྱབ་ཆོས་གྲྭའི་ནོར་བུ་བརྡལ། །

སྟོད་མའི་འབྲོག་འཕེལ་སྨད་རོང་འབྲུ་ཞིང་དུད། །

མདོ་སྨད་རྔ་ཡུལ་སྙན་ཚིག་མཆོད་པས་བསྟོད། །


མཐོན་པོ་བཅུ་གསུམ་དགྲ་ལྷའི་དཔང་བསྟོད་ཆེ། །

རྫོང་རུའི་གནའ་ཤུལ་རིག་པའི་འབབ་རྒྱུན་རིང་། །

རྒན་རྣམས་དཔེ་ཡག་གཞོན་དག་བསྐྱེད་ཆེ་བ། །

མདོ་སྨད་འབའ་རྫོང་སྙན་ཚིག་མཆོད་པས་བསྟོད། །


རྨ་རྒྱལ་དགྱེས་པའི་ཚེམས་དཀར་ཤར་དུ་འཛུམ། །

ཁྱུང་མགོན་ཁྱུང་རིའི་གཤོག་འགྱུར་ལྷོ་རུ་བསྒྱུར། །

ཨ་རིག་དགེ་བཤེས་ཐུགས་སྨོན་བདུད་རྩིར་བབས། །

མདོ་སྨད་རྨ་ཆེན་སྙན་ཚིག་མཆོད་པས་བསྟོད། །


གམ་པ་ལ་རིང་ཀྱོག་ལམ་རིམ་བརྒལ་རྩེར། །

ཡར་འབྲོག་གཡུ་མཚོ་དྭངས་གསལ་སྔོ་མེར་ལྡེམ། །

འབྲོག་སྡེ་ཕྲ་ཚོམ་རི་ལུང་ཁུག་པ་བརྒྱན། །

སྣ་དཀར་རྩེ་རྫོང་སྙན་ཚིག་མཆོད་པས་བསྟོད། །


ཡར་ལྷ་ཤམ་པོ་ཤེལ་དཀར་ཁང་བཟང་རྒྱལ། །

གནམ་མཚོ་ཕྱུག་མོ་གཡུ་སྔོན་མེ་ལོང་གསལ། །

ཕྱོགས་ཀྱི་ཕེབས་མགྲོན་དགའ་སྤྲོའི་འདུ་ལོང་རྒྱས། །

དབུས་ཡུལ་འདམ་གཞུང་སྙན་ཚིག་མཆོད་པས་བསྟོད། །


རྒྱབ་རི་ལྗོན་ཤིང་མེ་ཏོག་འདབ་སྟོང་འཁྲིགས། །

མདུན་གཞུང་གཙང་པོ་ལྷུང་ལྷུང་དལ་གྱིས་འཇོ། །

བྱ་སྤྲེལ་རི་དྭགས་ཉམས་དགའི་གླུ་གར་འོང་། །

དབུས་ཡུལ་ཀོང་པོ་སྙན་ཚིག་མཆོད་པས་བསྟོད། །


ཁྲི་གཤོག་མཚོ་མོ་འཇིག་རྟེན་མཆོད་དགའི་དཔྱིད། །

བློན་པོ་གསེར་ཆེན་དཀར་ཕྱོགས་སྐྱོང་རྣམས་མགོན། །

དགེ་འོས་སློབ་གྲྭ་སློབ་འབངས་བྱེ་བའི་ཡུམ། །

མདོ་སྨད་གསེར་ཆེན་སྙན་ཚིག་མཆོད་པས་བསྟོད། །


ཟླ་ཆུ་ངོམ་ཆུ་རྔུལ་ཆུའི་ཀླུང་གསུམ་འདྲེས། །

ཁ་རུབ་གནའ་ཤུལ་དཔྱད་གསུམ་མཁས་པའི་མགུ། །

ཚོང་ལ་གཡང་ཆགས་མི་སྙིང་དཔའ་བརྟན་པ། །

ཁམས་ཡུལ་ཆབ་མདོ་སྙན་ཚིག་མཆོད་པས་བསྟོད། །


ཁྱུང་ཆེན་འདབ་གཤོག་གཅལ་དུ་སྲིང་བའི་སྟེང་། །

སྤུ་རྒྱལ་གངས་དཀར་སྤུ་ཐོག་མཚོ་ཟུང་འཁྱིལ། །

རྩེ་དྲུག་བོན་དགོན་ཟོམ་མཐོའི་བྲག་ལ་བཏབ། །

ཁམས་ཡུལ་སྟེང་ཆེན་སྙན་ཚིག་མཆོད་པས་བསྟོད། །


བྱང་འཁོད་རྭ་སྒྲེང་རྒྱལ་ཀུན་འབྱུང་བའི་གནས། །

ཤ་ར་བ་སོགས་སྒྲུབ་ཆེན་གོང་མའི་གཞིས། །

བཀའ་གདམས་དགེ་བཤེས་རྣམ་ཐར་གཙང་མ་ཆེ། །

དབུས་ཡུལ་ལྷུན་གྲུབ་སྙན་ཚིག་མཆོད་པས་བསྟོད། །


ས་སྐྱའི་ཡུལ་ནས་ཆོས་བརྒྱུད་གྲུབ་མཐའ་བཙུགས། །

རིག་བཅུའི་བསྟན་བཅོས་སྔར་མེད་གསར་དུ་བཟོས། །

སྟོབས་ཀྱི་ཕྱག་མཛུབ་ཁམས་གསུམ་མཁའ་ལ་ཀེར། །

གཙང་ཡུལ་ས་སྐྱ་སྙན་ཚིག་མཆོད་པས་བསྟོད། །


གཞུང་སྒང་མི་སྙོམས་རི་རྣམས་སྤྲིན་རུམ་བརྟོལ། །

གསའ་ཕུའི་བརྗིད་ཆེ་ཕྱོགས་མགྲོན་ངོ་མཚར་འབྱིན། །

ཕུགས་ཀྱི་ནོར་བརྟན་འབྲུ་མོའི་ཚོ་མིང་ཆགས། །

བོད་བྱང་འབྲི་རུ་སྙན་ཚིག་མཆོད་པས་བསྟོད། །


ཞང་ཞུང་སྒོ་པའི་སུམ་པ་གླང་གི་ཕྱོགས། །

ཁྲི་འདུས་སྟོང་ཤོང་སྦྲ་གུར་ཐང་དུ་དབུབ། །

རྩེ་དགོན་ལ་སོགས་བོན་བསྟན་མི་ཉམས་སྐྱོང་། །

བོད་བྱང་སྦྲ་ཆེན་སྙན་ཚིག་མཆོད་པས་བསྟོད། །


སྡེ་བཞི་དགེ་བཅུ་རབ་མཐོའི་ལུང་གིས་བསྔགས། །

བན་བོན་དགོན་མཐུན་བཀའ་ཆོས་དཔར་དུ་བཞེངས། །

འབྲི་རྫའི་བཞུར་རྒྱུད་ཟལ་མོ་སྒང་བའི་ལྗོངས། །

ཁམས་ཡུལ་སྡེ་དགེ་སྙན་ཚིག་མཆོད་པས་བསྟོད། །


འབྲི་ཆུའི་འབབ་ཁུངས་འདམ་སྟོང་གངས་ལ་ཐུག །

དགོན་སར་དགོན་སོགས་ཆོས་དད་ནར་མར་འཁོར། །

ཁྲི་སྡེའི་སྦྲ་ཁྱིམ་དཀར་དམར་རྒྱ་མཚོས་ཚིམས། །

ཁམས་ཡུལ་འབྲི་སྟོད་སྙན་ཚིག་མཆོད་པས་བསྟོད། །


ངུར་སྨྲིག་བསླབ་ཁྲིམས་བཀྲ་ཤིས་གཡས་སུ་འཁྱིལ། །

འཚོང་དང་ཚོང་དཔོན་ས་སྟེང་ཐང་མར་ཁྱབ། །

འབོ་ར་ཨ་མཆོག་མེས་པོའི་ངག་བརྒྱུད་ཅན། །

མདོ་སྨད་བསང་ཆུ་སྙན་ངག་མཆོད་པས་བསྟོད། །


གྲགས་པ་བཤད་སྒྲུབ་མཚན་གྱི་འབྲུག་བརྒྱ་ཡིས། །

སྣོད་ཀྱི་བསོད་ནམས་མཐོང་མེད་རྗེས་དཔག་པ། །

རྟ་མགྲིན་རབ་ཁྲོས་ཁྲོས་མིག་བགྲད་པའི་ཟིལ། །

མདོ་སྨད་ཅོ་ནེ་སྙན་ཚིག་མཆོད་པས་བསྟོད། །


ཨ་རོལ་མཛད་འཕྲིན་གང་ལ་ཡོངས་ཕོགས་པའི། །

རྫོང་ཆེན་སྦྲེལ་རྫོང་བྱང་སེམས་མཁའ་འགྲོའི་ཞིང་། །

གཡང་ཕྱུགས་འཕེལ་ཁ་འབྱོར་བས་རྟག་ཏུ་འཚོ། །

མདོ་སྨད་བྲག་དཀར་སྙན་ཚིག་མཆོད་པས་བསྟོད། །


པཎ་ཆེན་སྣང་མཐའ་ཆོས་སྲིད་བ་དན་བསྒྲེངས། །

རྗེ་བཙུན་ཤེར་རྒྱམ་རིག་པའི་དཔའ་སྤོབས་འཕྱོ། །

དར་རྒྱལ་ཕྲེང་དངར་ལྷ་མཚོའི་གཟི་བྱིན་ལྷམ། །

མདོ་སྨད་ཡ་རྫི་སྙན་ཚིག་མཆོད་པས་བསྟོད། །


དགའ་ལྡན་ཁྲི་ཆེན་དཔུང་གི་གཟི་ཤུགས་འཁྱིལ། །

སྲིད་བསྐོས་དཔོན་མང་དམངས་ལ་གློ་བ་དཀར། །

དན་ཏིག་ཡང་ཏིག་ཙོང་ལའི་སྐྱེས་རི་འཁྲུངས། །

མདོ་སྨད་དཔའ་ལུང་སྙན་ཚིག་མཆོད་པས་བསྟོད། །


༼ཚིགས་བཅད་རྩོམ་ཡིག་འདིའི་སྔ་ཕྱིའི་གོ་རིམ་ལ་ངེས་པ་མེད། ཚན་པ་དང་པོ་འདིར་མེད་པ་རྣམས་གཉིས་པ་དང་གསུམ་པའི་ནང་མུ་འགོད་ལགས༽


03 ཞིབ་ཏུ་དཔྱད་ཚེ་ག་ཚོད་མཆིས།


ཁ་མཁས་པ་སྙན་མོ་སྟོང་ལབ་མཁན། །

རི་ལ་ལུང་བརྒལ་ན་མང་མོད་ཀྱང་། །

དངོས་ཕྱག་ལེན་དོན་གྱི་ལྕི་ཚད་ཅན། །

རྩིས་མཛུབ་མོ་བཀུག་ཚེ་ག་ཚོད་མཆིས། །


མིང་སྔུན་མཐར་པ་པོ་མང་པོའི་རྫིག །

ཞེ་འཚོལ་སྙེག་ཅན་པོར་དབང་ན་ཡང་། །

ཐུགས་ཡོན་ཏན་བང་རིམ་བརྗིད་པོ་ཅན། །

དྲང་གཟུ་བོས་དཔྱད་ཚེ་ག་ཚོད་མཆིས། །


ཆོས་ཟང་ཟིང་རིན་ཐང་ལྟ་བར་འཛིན། །

སྙིང་ཁང་བུར་སྒོམ་མཁན་མང་ན་ཡང་། །

ནང་བག་ཡོད་དགེ་བའི་གཤིན་པ་ཅན། །

ནོར་རྩེ་མོར་སྲུང་མཁན་ག་ཚོད་མཆིས། །


ཚིག་འབྲུ་གཅིག་སྨྲས་ཀྱང་རང་དོན་གཙོ། །

ལུས་གོམ་གང་འདོར་ཡང་རང་དོན་འཚོལ། །

རང་ཁོ་ནར་མཐོང་བའི་གྲུ་གཅིག་ཏུ། །

སྤྱི་བསམ་པའི་བདག་པོ་ག་ཚོད་མཆིས། །

‍‍‍‍‍‍‍

04 ང་འདྲའི་ཧྥིན་སི་ངོ་མཚར་ཆེ།‍‍‍


མནའ་ཐོག་མནས་མནན་སྨྲ་ལྕེ་ཟླ་མེད་པས། །

ལྷ་འདྲེ་ཐམས་ཅད་རང་སྡེར་ནང་བསྐོར་བ། །

དྲ་དཔོན་འགའ་ཞིག་བདག་འདྲའི་ཧྥིན་སི་ཡི། །

ཕྱག་བྱའི་ལྷ་སྐུར་བཞེངས་ལ་ངོ་མཚར་ཆེ། །


མགྲིན་པ་ཡན་ཆོད་མཚོ་བྱུང་བཞད་སྒྲ་ཡིས། །

ངག་ནས་ཨག་དང་མིག་ཆུའི་རྒྱུན་སློང་བ། །

གཞས་མཁན་འགའ་ཞིག་བདག་འདྲའི་ཧྤིན་སི་ཡི། །

དལ་འབྱོར་སྤྱན་དཔེར་འཁྲུངས་ལ་ངོ་མཚར་ཆེ། །


མིང་བཏགས་ཆས་ཀྱིས་ལྟ་བྱེད་མིག་བཀབ་པས། །

འཁོར་མང་འཁོར་ལོ་རང་དོན་ལམ་བསྒྱུར་པ། །

བླ་ཐོབ་འགའ་ཞིག་བདག་འདྲའི་ཧྥིན་སི་ཡི། །

དུས་གསུམ་སྐྱབས་འགྲོར་བྱོན་ལ་ངོ་མཚར་ཆེ། །


05 མཐའ་གཉིས་གཏམ་གྱི་རི་མོ།


གཅིག་ཀྱང་མི་དགོས་ཟེར་བའི་ཆོག་ཤེས་གཅིག །

ཐམས་ཅད་ང་དགོས་ཟེར་བའི་འདོད་ཆེན་གཉིས། །

དགོས་མིན་འདམ་ག་གང་ཡིན་བསམ་པའི་མཐའ། །

མཐའ་གཉིས་དོང་ལྷུང་མེད་པའི་བསམ་སྤྱོད་ཡག །


བཟང་པོ་ཏིལ་མཐོང་མེད་པའི་སྨོད་པ་གཅིག །

ངན་པ་བརྒྱ་ཚོར་མེད་པའི་བསྟོད་གླུ་གཉིས། །

བཟང་ངན་འདུ་ཤེས་གང་ཡིན་རྣམ་རྟོག་མཐའ། །

མཐའ་གཉིས་གཡང་རྒྱུག་མེད་པའི་བསམ་སྤྱོད་ཡག །


རང་ཕྱོགས་ཧྲིལ་གྱིས་འགེབས་པའི་ཆགས་བློ་གཅིག །

གཞན་སྡེ་སིལ་མར་བརླག་པའི་སྡང་སེམས་གཉིས། །

ཆགས་སྡང་སེམས་བྱུང་གང་ཡིན་འཁྲུལ་སྣང་མཐའ། །

མཐའ་གཉིས་འདམ་ཟུག་མེད་པའི་བསམ་སྤྱོད་ཡག །


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།




ཁ་སྒང་སྟག་འབུམ་རྒྱལ།

     མཚོ་ལྷོའི་འབའ་རྫོང་ཁ་སྒང་དཔོན་སྐོར་དུ་སྐྱེས། སྔ་ཕྱིར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཁོང་གཏོགས་བོད་དབྱིན་འཛིན་གྲྭ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམས་ནས་གྲ་སྒྲིག་དང་དངོས་གཞི། ཞིབ་འཇུག འབུམ་རམས་བཅས་རིམ་པར་བཏོན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་བྱ་བ་གཉེར་གྱིན་མཆིས། བརྩམས་ཆོས་ལ«ཕྱི་ནང་གྲུབ་མཐའི་ཟིན་བྲིས»དང«ཕྲ་རྡུལ་ལས་མཐོང་བའི་འཇིག་རྟེན»«མཁས་པའི་ཞལ་གདམས་ཐོར་བཏུས»སོགས་མཆིས། 






གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章