ལྷུག་རྩོམ་པདྨའི་ཟེའུ་འབྲུ།
གླེང་གཞི།
ད་ལྟའི་དུས་ཚོད་འདིར་ང་ལ་སེམས་ཁུར་ལྷག་མ་ཞིག་ཡོད་པ་ནི་རང་གི་སྐད་ཡིག་དང་རིག་གནས་ཀྱི་འོད་ཉམས་བཞིན་པ་དེ་ཡིན། སེམས་ཁུར་འདི་ནི་ང་གཅིག་པུ་མ་ཡིན་པར་སྐད་ཡིག་དང་རིག་གནས་འདི་ལ་ཤ་ཞེན་ཆེ་མཁན་ཚང་མ་ཡིན་སྲིད། འོན་ཏེ། དམངས་བྱིངས་ནས་ད་དུང་ཡང་སྐད་ཡིག་དང་རིག་གནས་འཇིག་པའི་ཉེན་ཁ་འདི་ཅི་མི་སྙམ་པར་བཞག་ནས་སྒོར་མོ་ཁོ་ན་བཙལ་ཞིང་སྒོར་མོ་ཁོ་ན་སྐྱབས་སུ་འཛིན་པ་ནི་དེ་ལས་ཀྱང་སེམས་སྡུག་ཅིང་སྐྱོ་བའི་གནས་ཤིག་རེད། ད་དུང་། མུ་གེའི་སྟེང་ལ་ཟླ་ལྷག་ཅེས་པ་ལྟར་སྐད་ཡིག་དང་རིག་གནས་ཀྱི་གནས་ཚུལ་སེམས་སྡུག་པ་དེའི་སྟེང་ལ་བོད་ཀྱི་དྲྭ་ལམ་ཐད་གཏོང་གི་གནས་བབ་འདིས་ཀྱང་ཡ་ང་ཡིད་སྐྱོ། རྩ་གཏོར་ཤུལ་མེད་ཀྱི་ལས་མང་པོ་བསྒྲུབས་དང་སྒྲུབ་བཞིན་འདུག་པས། ཤེས་པ་ཁ་ནས་མ་ལབ་ན། བློ་གྲོས་ཁོག་པའི་ནང་དུ་རྒས་ཞེས་པ་ལྟར་དྲྭ་སྒང་གི་རྙོག་དྲྭ་འདིའི་རིགས་བློ་དཀར་བ་དག་ལ་གྲོས་འདེབས་ཙམ་གྱི་དོན་དུ་ཚིག་གི་ཁ་ཕྲུ་རེ་གཏོར་ན་འདོད་སོང་།
གཅིག བྱམས་དང་སྙིང་རྗེ་འཁྲབ་གྱིན་པའི་བོད་ཀྱི་དྲྭ་ལམ་ཐད་གཏོང་།
བྱམས་དང་སྙིང་རྗེ་ནི་བོད་ཀྱི་རིག་གནས་ཀྱི་གཟུངས་ཐག་ཅིག་ཡིན་པ་མ་ཟད། ལོ་ངོ་སྟོང་ཕྲག་མང་པོའི་རིང་ལ་མཐོ་བ་དཔོན་པོ་ནས་འབངས་བྱིངས་ཀྱི་བར་དུ་མཚམས་མ་ཆད་པར་བསྐྱངས་པའི་རིག་གནས་དེ་ཡང་ཡིན། དེ་བས། བྱམས་དང་སྙིང་རྗེ་ཡིས་བསྐྱངས་པའི་མི་རིགས་དེའི་སེམས་རྒྱུད་མ་གཞི་ནས་གཞན་ལ་གནོད་པ་མི་བྱེད་པ་དང་ཡང་ན་རང་ཉིད་ཀྱི་བདེ་བ་དེ་གཞན་གྱི་སྡུག་བསྔལ་དུ་འགྱུར་བའི་ལས་བསྒྲུབ་པར་ཤིན་ཏུ་འཛེམ་པ་ཡིན། འོན་ཏེ། ད་ལྟའི་དུས་ཚོད་འདི་ལ་ཐོན་དུས་བོད་མི་མང་པོ་ཞིག་གིས་རང་གི་ཁ་གསོ་ཐབས་ཙམ་གྱི་དོན་དུ་མི་རིགས་ཀྱི་རིག་གནས་སྟེང་ལ་ལག་བསྲིངས་ཤིང་དེ་སྤྱད་ནས་རང་དོན་སྒྲུབ་ཐབས་བྱེད་བཞིན་ཡོད། སྤྱིར་ན་ད་ལྟའི་ཆར་བོད་ཀྱི་རིག་གནས་བཀོལ་སྤྱོད་ཀྱིས་ཁ་གསོ་ཐུབ་ན་ཨ་མའི་བུ་ཡིན་མོད་འོན་ཏེ། བོད་ཀྱི་དྲྭ་དཔོན་དུ་འབོད་པ་སྟེ་སྒོར་མོ་ཁོ་ན་སྐྱབས་སུ་འཛིན་ཞིང་སྒོར་མོ་ཁོ་ནའི་ཆེད་དུ་ཡོད་ཚད་ཕུལ་ཟིན་པའི“བོད་མི་གསར་བ”དེ་དག་གིས་ཁྲེལ་དང་ངོ་ཚ་མེད་པའི་བྱ་བ་མང་དུ་བསྒྲུབས་མྱོང་ལ། བོད་ཀྱི་རིག་གནས་དེ་ལྟ་བུའི་མི་ཞིག་གི་ལག་ཏུ་ཤོར་ན་འབྲས་བུ་ངན་པ་ཅི་ཞིག་འབྱུང་སྲིད།
བོད་དུ་ཐད་གཏོང་ཟེར་བའི་དྲྭ་བའི་མ་ལག་ཅིག་དར་བ་ནས་ད་ལྟའི་བར་དུ་མི་ལོ་མང་པོ་འགོར་མྱོང་མེད་མོད། འདིའི་རིང་ལ་བོད་མི་བྱིངས་རྒྱ་རུ་ཚུད་པའི་ཉ་མོ་བཞིན་གཅིག་ཀྱང་མ་ལུས་ནང་དུ་དྲུད་སོང་། ལྷག་པར་དྲྭ་ཚོང་ཞེས་པ་ཞིག་དར་བ་ནས་བཟུང་བོད་མི་ཚང་མ་སྨྱོ་བའི་འགོ་ཡང་བརྩམས་པ་རེད། སྤྱིར་ཚོང་ཞིག་རྒྱག་ན་ཉོ་མཁན་དགོས་པ་ཆོས་ཉིད་ཡིན་པས་དྲྭ་ཚོང་ལ་ཡང་ཆེས་གལ་ཆེ་བ་ནི་མི་གྲངས་ཡིན། འོན་ཏེ། བོད་མི་དྲྭ་ཚོང་བ་ཚོས་མི་གྲངས་བསྡུ་བའི་ཆེད་དུ་ངོ་ཚ་དང་ཁྲེལ་གཞུང་མཐའ་དག་བོར་ཞིང་ལ་ལས་མི་གྲངས་མང་པོ་བཙལ་བའི་ཆེད་དུ་གཅེར་བུར་འབུད་པ་དང་། ཡང་ལ་ལས་རང་གི་རྐང་པ་བཀྲུས་པའི་ཆུ་འཐུང་བ། ད་དུང་བོད་མི་ཕོ་མོ་རེ་འགས་ལུས་འབྲེལ་དང་འབྲེལ་ཏེ་ཆགས་སྲེད་ཀྱི་སྐད་ཆ་བཤད་པ་དང་། ཆགས་སྲེད་ཀྱི་སྨན་བཙོང་བ། ཐ་ན། ལ་ལས་རང་ཉིད་ཤི་སོང་ཟེར་ནས་བརྙན་དང་པར་སོགས་བསྐུར་ནས་མི་གྲངས་མང་པོ་བསྡུ་ཐབས་བྱེད་མཁན་དེ་དག་ལ་བོད་མི་ཚོས་བོད་ཀྱི་དྲྭ་དཔོན་ཆེན་མོ་ཞེས་པའི་མིང་ཞིག་ཀྱང་བཏགས་འདུག
བོད་ཀྱི་དྲྭ་དཔོན་ཚོ་དེ་ལྟར་ཧ་ཅང་ཡིད་སྐྱོ་ཞིང་ཉམ་ཐག་པའི་ལས་སྣ་ཚོགས་ཤིག་བསྒྲུབས་པའི་མཐར་སྒོར་མོ་མང་པོ་ཞིག་རེག་པ་དང་དེ་དང་བསྟུན་ནས་འབད་པ་བྱེད་པར་མི་མོས་ལ། སྒོར་མོ་ཡང་མང་པོ་རེག་པར་འདོད་པའི་བོད་མི་རེ་འགས་ཀྱང་ཁོ་ཚོ་ལྷ་བཞིན་དུ་བཀུར་ཏེ་སྐྱབས་སུ་བཟུང་བ་རེད། ད་ལྟའི་ང་ཚོའི་བོད་མི་ཕལ་མོ་ཆེར་རེ་བ་གཉིས་ལས་མི་འདུག་ལ། རེ་བ་དེ་གཉིས་མ་འགྲུབ་ཚེ་མི་གྲལ་ནས་ཕུད་པ་དེ་རེད། དེ་ནི་སློབ་མ་ཞིག་ཡིན་ཕྱིན་རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་བྱེད་དགོས་ལ། དམངས་ཕལ་བ་ཞིག་ཡིན་ན་དྲྭ་དཔོན་ཞིག་བྱེད་དགོས་པ་དེ་རེད། གལ་ཏེ། དེ་གཉིས་གཅིག་ཀྱང་མ་ནུས་ཚེ་ཁྱོད་རང་སྐད་ཡིག་དང་རིག་གནས། དཔེ་ཀློག་ལ་ཇི་ལྟར་དགའ་ཡང་བོད་ཀྱི་སྤྱི་ཚོགས་ཁྲོད་ཁྱོད་ལ་གོ་གནས་ཅི་ཡང་མེད་ལ། ཐ་ན། འཕྱ་བའི་གནས་སུ་འགྱུར་ངེས་ཡིན།
ན་ནིང་དོ་ཚིགས་འདི་ལ་དྲྭ་དཔོན་དུ་འབོད་པ་དེ་དག་གིས་བྱམས་དང་སྙིང་རྗེ་སྤྱད་ནས་འཁྲབ་སྟོན་མང་པོ་ཞིག་བྱེད་ཀྱིན་འདུག དཔེར་ན། དྲྭ་དཔོན་ག་གེ་མོས་སྒོར་ཁྲི་བཅུས་ནད་པ་ཞིག་ལ་རོགས་སྐྱོར་བྱས་སོང་དང་། ཡང་དྲྭ་དཔོན་ཅིག་གིས་སྒོར་ཁྲི་བཞི་ཡིས་ལོང་བ་ཞིག་ལ་རོགས་སྐྱོར་བྱས་སོང་ཞེས་ག་ས་གང་དུ་ཁྱབ་པ་དང་བསྟུན་ནས་སྒོར་མོ་ཁོ་ན་སྐྱབས་སུ་འཛིན་པའི་བོད་མི་མང་པོ་ཞིག་དྲྭ་དཔོན་དེ་དག་ལ་སྨོན་པར་གྱུར།(ཁོ་ཚོ་སྨོན་དོན་དྲྭ་དཔོན་དེའི་སྒོར་མོ་ལས་གཞན་མིན)དེ་དང་འབྲེལ་ནས་དྲྭ་དཔོན་དེ་ལ་བྱམས་དང་སྙིང་རྗེ་ལྡན་ཞེས་འུད་ཆེད་པོས་སྒྲོག་བཞིན་ཡོད། ཞིབ་ཏུ་བསམ་ན་དེ་ནི་ཟོལ་ཟོག་གི་སྙིང་རྗེ་འཁྲབ་པ་ལས་ཅི་ཡང་མིན་ཏེ། དཔེར་ན། ང་དྲྭ་དཔོན་ཞིག་ཡིན་པར་ཆག་བཞག་ན། ངས་དང་ཐོག་མི་གྲངས་བསྡུ་བའི་དོན་དུ་ངོ་ཚ་དོར་ནས་གཅེར་བུར་བུད་པ་དང་། ཆགས་སྲེད་བཤད་པ་སོགས་བོད་ཀྱི་ངོ་ཚའི་རིག་གནས་དོར་ཏེ་མི་གྲངས་མང་པོ་བསྡུས་ཤིང་ཚོང་རྫས་རྫུན་མའམ་ཡང་ན་མ་རྩ་སྒོར་ཉི་ཤུ་ཅན་དེ་སྒོར་ཉིས་བརྒྱ་བྱས་ནས་བཙོང་སྟེ་ཕྱུག་བདག་ཏུ་གྱུར། དེ་ནས། ཡང་བསྐྱར་མིང་གྲགས་ཙམ་དང་ཡང་ན་སྔོན་གྱི་བྱས་ཉེས་དག་མེད་པར་བཟོ་ཆེད་བྱམས་དང་སྙིང་རྗེ་འཁྲབ་ནས་ནད་པ་འགའ་དང་དབུལ་བོ་འགའ་ལ་རོགས་སྐྱོར་བྱས་ན་དེ་ནི་ལུགས་གཉིས་དང་མཐུན་པའི་བྱམས་དང་སྙིང་རྗེ་བསྒྲུབ་ཚུལ་ཞིག་རེད་དམ། ད་ལྟའི་དྲྭ་དཔོན་དག་གི་ལས་སྟངས་འདི་དང་གཅིག་མཚུངས་རེད། ཡིན་ཡང་། བོད་མི་མང་པོ་ཞིག་གིས་འདི་དག་གིས་བྱམས་དང་སྙིང་རྗེ་འཁྲབ་གྱིན་པ་ལ་ཡིད་རྟེན་བྱེད་པ་ནི་དགོད་བྲོ་བ་དང་ཡིད་སྐྱོ་བའི་གནས་ཤིག་རེད།
གཉིས། རིག་གནས་ནི་ཚོང་ཟོག་ཏུ་གྱུར་བའི་བོད་ཀྱི་དྲྭ་ལམ་ཐད་གཏོང་།
ད་དུང་དྲྭ་ལམ་ཐད་གཏོང་ནང་གི་དྲྭ་དཔོན་དུ་འབོད་པ་རེ་འགས་རིག་གནས་དང་ཚོང་ཟོག་བརྗེ་བཞིན་འདུག འདི་གཙོ་བོ་བོད་ཀྱི་དྲྭ་ལམ་རྡུང་ལེན་འགྲན་བསྡུར་གཙོས་འགྲན་བསྡུར་སྣ་ཚོགས་ལས་མཐོང་ཐུབ། སྤྱིར་ན་འགྲན་བསྡུར་སྤེལ་ན་བཟང་ཞིང་། རིག་གནས་འཕེལ་རྒྱས་དང་རྒྱུད་འཛིན་ཐད་ལ་ཡང་ནུས་པ་གལ་ཆེན་ཐོན་སྲིད་པ་ཁོ་ཐག་ཡིན། རྡུང་ལེན་འགྲན་བསྡུར་ལྟ་བུ་ལ་མཚོན་ན་ཡང་ཨ་མདོ་བརྙན་འཕྲིན་ཁང་གིས་ལོ་མང་པོའི་བར་དུ་འགྲན་བསྡུར་སྤེལ་བ་དེས་མི་ཆོག་པ་ཞིག་མེད་མོད། སྤྱིར་ན་སྒོར་མོའི་མདུན་དུ་མི་ཚང་མ་ཆུ་དང་རླུང་དུ་གྱུར་འགྲོ་བ་ཆོས་ཉིད་ཡིན་པ་ལྟར། བོད་ཀྱི་རྡུང་ལེན་པ་རྒན་དར་གཞོན་གསུམ་དག་ཀྱང་དེ་ལས་མ་འདས་སོ།།
དྲྭ་ལམ་རྡུང་ལེན་འགྲན་བསྡུར་ནི་གསལ་བོར་བཤད་ན་བོད་ཀྱི་དྲྭ་དཔོན་དུ་འབོད་པ་དེ་དག་གིས་རིག་གནས་བེད་སྤྱད་ནས་སྒོར་མོ་བཙལ་བའི་ལས་ཀ་ཁོ་ན་ལས་དམིགས་ཡུལ་གཞན་གང་ཡང་མེད། དེའི་རྒྱུ་མཚན་དྲྭ་དཔོན་དེ་དག་གི་འདས་སོང་ལ་ཕྱིར་མིག་ཅིག་བལྟས་ན་ཡི་གེ་མགོ་སྔ་ཤེས་པ་ཙམ་དང་བོད་ཡིག་ཀློག་ཤེས་པ་ཙམ་ལས་བརྒལ་མེད་ལ། ལྷག་པར་ཁོ་ཚོ་མིང་གྲགས་རྒྱས་པའི་ཆེད་དུ་ཁྲེལ་དང་ངོ་ཚ་དོར་བའི་བྱ་བ་མང་དུ་བསྒྲུབས་མྱོང་བ་རྫུན་དུ་མི་འགྱུར་བས་དེ་དག་གི་རྒྱབ་ལྗོངས་མི་གཙང་བ་དང་གཅིག ད་དུང་དྲྭ་དཔོན་དེ་དག་གིས་བོད་ཀྱི་མངའ་རིས་སྒྲ་སྙན་ཕར་ཟད་ཐ་ན་ཨ་མདོའི་ཡུལ་ན་དར་ཆེ་བའི“མན་ཐོ་ལེན”ཡང་རྡུང་ཤེས་མི་ཤེས་ཙམ་དུ་ཟད་པས་དེ་འདྲ་ཞིག་གིས་བོད་ཀྱི་རྡུང་ལེན་རིག་གནས་ཇི་ལྟར་སྤེལ། ཇི་ལྟར་སྐྱོང་། ཇི་ལྟར་འཛིན་དགོས།
ད་དུང་། དྲྭ་ལམ་རྡུང་ལེན་འགྲན་བསྡུར་ཕུད་ཤོམ་འགྲམ། གཏམ་དཔེ་འགྲན་བསྡུར། གྱེར་འདོན་འགྲན་བསྡུར་སོགས་མང་པོ་ཞིག་སྤེལ་མྱོང་། ཐ་ན། དྲྭ་དཔོན་ག་གེ་མོས་བྱིས་པའི་འགྲན་བསྡུར་ཞིག་ཀྱང་སྤེལ་མྱོང་། བྱིས་པ་ནི་རང་ཅག་གི་མ་འོངས་པའི་གཞི་རྩ་ལྟ་བུ་ཡིན་པས། བྱིས་པ་དག་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་པ་དང་ཁོ་ཚོར་དཔེ་ཀློག་གི་གོམས་གཤིས་ཡག་པོ་ཞིག་ཆགས་སུ་འཇུག་རྒྱུ་གལ་ཆེ་བ་ལས། བདེ་ཐང་མིན་ལ་རྙོག་དྲྭ་དང་སྐྱག་དྲི་འཐུལ་བའི་བོད་ཀྱི་དྲྭ་ལམ་ཐད་གཏོང་ནང་དུ་གསར་སྐྱེས་ཀྱི་མེ་ཏོག་དེ་དག་འཁྲིད་ཡོང་བའི་བསམ་བློ་དེ་གང་ནས་འཁྲུངས། མདོར་ན། བྱིས་པ་དེ་དག་གི་ཁྱིམ་བདག་གཙོས་དྲྭ་དཔོན་དེ་དག་ཚང་མས་མི་གྲངས་ཙམ་དང་ཡང་ན་སྒོར་མོ་ཙམ་གྱི་ཆེད་དུ་རེད། དེ་ལྟར་དྲྭ་ལམ་རྡུང་ལེན་འགྲན་བསྡུར་སོགས་ཀྱིས་མཚོན་པའི་བོད་ཀྱི་དྲྭ་སྒང་གི་འགྲན་བསྡུར་ཆེ་ཆུང་གང་ཡིན་རུང་ཚོང་དང་མ་འབྲེལ་བ་ཞིག་མེད་ལ། ཁོ་ཚོས་འགྲན་ཞུགས་པ་དག་བེད་སྤྱད་ནས་མི་གྲངས་མང་པོ་བསྡུ་རབས་བྱས་རྗེས་ཚོང་བརྒྱབ་ནས་སྒོར་མོ་བཙལ་བ་རེད།
ད་དུང་། བོད་ཀྱི་དྲྭ་དཔོན་དུ་འབོད་པ་དེ་དག་གིས་བོད་ཀྱི་མནའ་ཡི་རིག་གནས་རྩ་གཏོར་བྱས་འདུག དང་ཐོག་ཁོ་ཚོས་ཚོང་རྒྱག་དུས་མནའ་བསྐྱལ་བ་རེད། དཔེར་ན། དཀོན་མཆོག་གསུམ། ལྷ་སའི་ཇོ་བོ་ལྟ་བུ། བོད་ཀྱི་མནའ་ཡི་རིག་གནས་ནི་བཙན་པོའི་སྐབས་ནས་ད་ལྟ་ལ་ཐུག་གི་བར་དུ་རྒྱུན་བསྲིངས་པའི་རིག་གནས་གལ་ཆེན་ཞིག་ཡིན་ལ། མནའ་བ་ནི་དམ་བཅའ་ཡིན་པས། ཡིད་ཆེས་བྱས་ཆོག འོན་ཏེ། ཁ་སང་དེ་རིང་བོད་ཀྱི་རིག་གནས་ཀྱི་བསྟན་པ་རྒུད་ནས་རྒུད་དུ་འགྲོ་བའི་སྐབས་འདིར་དྲྭ་དཔོན་དུ་འབོད་པ་དེ་དག་གིས་ཀྱང་དང་ཐོག་མནའ་བསྐྱལ་ནས་ཚོང་རྫས་རྫུན་མ་བཙོང་བ་དང་བྱ་ངན་མང་དུ་བསྒྲུབས་པས་ད་ནི་བོད་མི་མང་པོས་མནའ་ལ་ཡིད་རྟོན་བྱེད་ཀྱིན་མེད། དེ་ལྟར་མི་རིང་བར་བོད་ཀྱི་མནའ་ཡི་རིག་གནས་ལ་ཡང་ཉམས་ཆག་འབྱུང་བར་གདོན་མི་ཟ་ལ། སྔོན་ཆད“བོད་ཚིག་ཐོག”ཅེས་བཤད་མོད། ཕྱིས་སུ“བོད་སྒོར་ཐོག”ཅེས་སྒོར་མོ་ཁོ་ན་ལས་ཅི་ཡང་མི་སེམས་པའི་སྐབས་ཤིག་ཀྱང་འབྱུང་ཉེན་ཆེ། དེ་བས། ད་ལྟ་ང་ཚོའི་རིག་གནས་འདི་བོད་ཀྱི་དྲྭ་དཔོན་དུ་འབོད་པ་དེ་དག་གི་ཚོང་རྒྱག་སྤྱད་ཅིག་དང་ཡང་ན་དེ་དག་གི་རྩེད་ཆས་ཙམ་དུ་གྱུར་འདུག་པ་དེའོ།།
གསུམ། མི་ནི་རྩེད་ཆས་སུ་གྱུར་བའི་བོད་ཀྱི་དྲྭ་ལམ་ཐད་གཏོང་།
བོད་ཀྱི་དྲྭ་དཔོན་དག་ལ་མཚོན་ན་མི་ནི་རྩེད་ཆས་ཙམ་རེད། ཁོ་ཚོས་མི་ནི་རྩེད་ཆས་སུ་བལྟས་ནས་སྒོར་མོ་བཙལ་བཞིན་ཡོད། དཔེར་ན། བོད་ཀྱི་དྲྭ་དཔོན་ལ་ལས་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་འཁོས་ཞན་པའི་མི་རེ་འགའ་བསྡུ་རབ་བྱས་ཏེ་ཕྱི་ཚུལ་ནས་ཁོ་ཚོ་ལ་གཅེས་ཁུལ་བྱེད་པ་དང་དོན་དངོས་སུ་ཁོ་ཚོ་ནི་མི་གྲངས་སྡུད་བྱེད་ཀྱི་ཡོ་བྱད་ཙམ་རེད། ངས་ཀྱང་གནད་དོན་འདི་ལ་བསམ་གཞིག་མང་པོ་བཏང་མྱོང་། ད་དུང་དངོས་སུ་དེ་དག་གི་ཐད་གཏོང་ནང་ནས་ཁོ་ཚོའི་བྱ་བ་སྤྱོད་པ་ཆ་ཚང་ལ་བལྟས་རྗེས་ང་རང་དྲྭ་དཔོན་དེ་དག་གི་ཟོལ་ཟོག་གི་སྙིང་རྗེ་ལ་སེམས་ན་ཞིང་རྩེད་ཆས་སུ་གྱུར་བའི་མི་དེ་དག་ལ་སྙིང་རྗེ་ཚད་མེད་ཤོར། ངས་ཁྱོད་ཚོར་དཔེ་སྟབས་བདེ་ཞིག་བཤད་ན། དྲྭ་དཔོན་དེ་དག་ལ་དངོས་གནས་དེ་ལྟ་བུའི་སྙིང་རྗེ་ཞིག་ལྡན་ན་འཁོས་ཞན་པའི་མི་དེ་དག་ལག་རྩལ་སློབ་སའི་སློབ་གྲྭ་ཞིག་ཏུ་མངགས་ནས་ཡོན་ཏན་ཞིག་སྦྱང་དུ་བཅུག་ན་དེའི་མི་ཆོག་པ་ཞིག་གང་ན་ཡོད། འོན་ཏེ། དྲྭ་དཔོན་དེ་དག་གིས་མི་དེ་དག་ལ་སྒོར་མོ་འགའ་བྱིན་ཏེ་རང་གི་གམ་དུ་བླངས་ནས“བུ་སྐལ”ཡིན་ཟེར་ནས་ཐད་གཏོང་ནང་དུ་ཁྱབ་སྒྲོག་བྱེད་པ་དང་། དེ་ནས“བུ་སྐལ”དེ་དག་ལ་ཐད་གཏོང་ནང་དུ་འཁྲབ་སྟོན་བྱེད་དུ་བཅུག་སྟེ་མི་གྲངས་མང་པོ་བསྡུས་ནས་ཚོང་རྒྱག་པ་རེད། ཁྱོད་ཚོས་ཀྱང་སྣང་ཚུལ་འདི་ལ་ཞིབ་ཏུ་ལྟོས་ལ་ཞིབ་ཏུ་སོམས་དང་ཧ་གོ་ཡོང་ངེས་ཡིན།
བཞི། ངོ་ཚའི་རིག་གནས་བརླག་པའི་བོད་ཀྱི་དྲྭ་ལམ་ཐད་གཏོང་།
དེང་སང་གི་བོད་ཀྱི་དྲྭ་ལམ་དུ་ངོ་ཚ་ཇི་ལྟར་དོར་ན་དེ་ལྟར་མིང་གྲགས་རྒྱས་པ་ཞིག་རེད། དཔེར་ན། གླུ་བ་ཞིག་ལ་མཚོན་ན་གར་སྟེགས་སྟེང་ནས་སྨྱོ་རྟགས་ཇི་ལྟར་སྟོན་ཐུབ་ན་དེ་ལྟར་མིང་གྲགས་རྒྱས་པ་རེད། སྐབས་འདིའི་མིང་གྲགས་ནི་དོན་ལྡན་གྱི་མིང་གྲགས་དེ་མ་ཡིན་པར་ལྟར་སྣང་ཙམ་ཡིན། ཡིན་ཡང་། བོད་པའི་དྲྭ་དཔོན་ཚོས་སྒོར་མོ་ཡོད་ན་ཁྲེལ་དང་ངོ་ཚས་ཅི་བྱ་ཟེར་ནས་བོད་ཀྱི་ངོ་ཚའི་རིག་གནས་ལ་གཏོར་བརླག་ཚབས་ཆེན་བཟོས། དཔེར་ན། དྲྭ་དཔོན་རེ་འགས་ཕན་ཚུན་ལ་འགྲན་བསྡུར་བྱས་ནས་སུ་ཞིག་ཕམ་ཚེ་དེ་ལ་ཕོ་མོའི་ལུས་འབྲེལ་གྱིས་མཚོན་པའི་དྲི་བ་མང་པོ་ཞིག་དྲིས་ཏེ་མི་གྲངས་བསྡུ་ཐབས་བྱེད། ལྷག་པར་དུ་བོད་པའི་སྐྱེས་མ་རེ་འགས་དེ་ལྟ་བུའི་སྐད་ཆ་བཤད་པ་ནི་དངོས་གནས་ཡིད་སྐྱོ་བའི་གནས་ཤིག་ཅི་ལ་མིན། འོན་ཏེ། དྲྭ་དཔོན་དེ་དག་གིས་ལུས་འབྲེལ་ནི་ཚང་མས་སྒྲུབ་བཞིན་ཡོད་པས་དེ་བཤད་ན་ཅི་སྐྱོན། རང་གིས་ལས་པ་དེ་བཤད་མི་ཕོད་པ་ནི་བོད་པའི་སྐྱོན་རེད་ཅེས་བཤད་ཀྱིན་འདུག་མོད། ཁྱིམ་ཚང་ཞིག་ལ་མཚོན་ན་རང་གི་ཕ་མ་སོགས་ཚང་མ་ཡོད་དུས་ལ་གཞས་ལེན་པ། ཕོ་མོའི་ལུས་འབྲེལ་སོགས་བཤད་ཆོག་གམ། དེ་ནི་བཀག་རྒྱ་ཞིག་མ་ཡིན་པར་རིག་གནས་ཤིག་རེད། དེ་དོར་བ་ནི་དོན་གྱིས་རིག་གནས་ཤིག་དོར་བ་རེད། ད་དུང་། འཛམ་གླིང་གི་གནས་གང་དུ་ཡང་མི་མང་ཚོགས་ས་ནས་ཕོ་མོའི་ལུས་འབྲེལ་སོགས་ཀྱིས་མཚོན་པའི་ཆགས་སྲེད་ཀྱི་རིགས་བྱེད་མི་ཆོག་པ་ནི་མིའི་རིགས་ཀྱི་དཔལ་ཡོན་མཐོ་རུ་སླེབས་པའི་རྟགས་ཡིན་ལ། དེ་ལས་ལྡོག་ན་མི་རུ་གྱུར་མེད་པའི་དུས་སྐབས་ཀྱི་རི་དྭགས་སུ་གྱུར་བ་མ་ཡིན་ནམ། ང་ཚོའི་བོད་ཀྱི་དྲྭ་དཔོན་རེ་འགས་མི་གྲངས་སྟོང་ཕྲག་མང་པོའི་ནང་དུ་དེ་ལྟར་བཤད་པ་དང་འཁྲབ་པ་ནི་སླར་ཡང་རི་དྭགས་སུ་གྱུར་བའི་རྟགས་ཡིན་ལ། མཛོ་སྦྲེལ་གཡང་ལྷུང་ལྟར་བོད་ཀྱི་ངོ་ཚའི་རིག་གནས་ཀྱང་ཉམས་པར་བྱས་པ་རེད།
ལྔ། བླུན་པོ་མཁས་པར་གྱུར་པའི་བོད་ཀྱི་དྲྭ་ལམ་ཐད་གཏོང་།
དེ་མིན། ལོ་འགའི་སྔོན་ནས་བཟུང་བོད་ཀྱི་དྲྭ་ལམ་ཐད་གཏོང་གི་ནང་དུ“མཁས་པ”མང་པོ་ཞིག་བྱུང་བ་རེད། “མཁས་པ”དེ་དག་ནི་ཟོག་རྫི་ལུག་རྫི་ནས་ཀ་ངོ་ཡིག་ངོ་ཙམ་ཆོད་པའི་རིགས་དང་གཅིག ཀ་ངོ་ཡིག་ངོ་ཙམ་ཆོད་པ་ནས་ཤེས་བྱའི་ཆུ་ཚད་ཅུང་བཟང་བའི་ཁ་བདེ་ལྕེ་བདེའི་རིགས་དང་གཉིས། བསླབ་གནས་མཐོན་པོ་ཡིན་ཟེར་བའི་རིགས་སྟེ་གསུམ་ཡོད།
རིགས་དང་པོ་སྟེ་ལུག་རྫི་ཟོག་རྫི་དང་ཞིང་བ་མང་ཚོགས་དག་ནི་རིགས་གཉིས་པ་དང་གསུམ་པའི་རྗེས་འབྲངས་པ་སྟེ། གསལ་བོར་བཤད་ན་རིགས་འདི་གཉིས་མཐོ་རུ་བསྟོད་མཁན་ཡིན། དཔེར་ན། རིགས་གཉིས་པ་དང་གསུམ་པས་བླ་ཆེན་གང་རུང་དང་། བོད་ཀྱི་རིག་གནས་ཀྱི་སྲོག་ཤིང་ནང་བསྟན་ལྟ་བ་ལ་དགག་པ་རྒྱག་ཁུལ་བྱས་ཏེ་ཁ་ལྕེ་བདེ་མོས་གནས་ལུགས་ལྟར་སྣང་མང་དུ་བཤད་ན་རིགས་དང་པོས་རིགས་དེ་གཉིས་ཀྱི་བསམ་བློའི་ཕུ་མ་རྟོགས་པས་བདེན་པ་དང་ཚད་མ་ཁོ་ནར་བཟུང་ནས་རྒྱུགས་པ་དང་། དེ་དང་འབྲེལ་ནས་དགོན་སྡེ་དང་ས་ཁུལ། བླ་ཆེན་སྐྱེས་ཆེན་ཐམས་ཅད་ཀྱང་དྲྭ་ལམ་ཐད་གཏོང་དུ་དྲུད་ཡོང་ལ། རིགས་དང་པོའི་ལས་འགན་ནི་རིགས་གཉིས་པ་དང་གསུམ་པ་གཉིས་ལས་སུ་ཞིག་ལ་བདེན་པ་ཡོད་མེད་རྩོད་རྒྱུ་དེ་རེད། དེ་ལྟར་བརྩད་བརྩད་མཐར་ཆགས་སྡང་མང་དུ་འཕེལ་ནས་དེ་དང་འབྲེལ་བ་མེད་པའི་མི་དང་བྱ་བ་མང་པོ་ཞིག་ཀྱང་དྲྭ་ལམ་ཐད་གཏོང་དུ་གླེང་བ་དེ་རེད། ཡིན་ན་ཡང་། རིགས་གསུམ་པོ་འདི་ནི“རང་ཕན་རིང་ལུགས(利己主义)”ཁོ་ནས་ལས་མ་འདས་པས། ཁོ་ཚོ་ཐུན་མོང་གི་རེ་བ་ནི་མི་གྲངས་མང་དུ་བཙལ་ཞིང་ཚོང་བརྒྱབ་ནས་སྒོར་མོ་བཙལ་བ་དང་ཡང་ན་ནང་དཀྲུག་གི་ལས་ལ་ཞུགས་ཏེ་གཞན་གྱི་ལག་ནས་དེ་ལས་ལྷག་པའི་ཁེ་བཟང་ཐོབ་པ་དེ་རེད། སྣང་ཚུལ་འདི་ནི་ཆེས་འཇིགས་སུ་རུང་བ་དེ་ཡང་རེད། སྐུ་ཞབས་ལུའུ་ཞུན་གྱིས་རིགས་འདི་ལ་སྐད་ཆ་གནད་འགག་ཅན་ཞིག་གསུངས་ཡོད་པ་འདི་ལྟར་ཡིན། མི་རིགས་ཤིག་རྩ་མེད་གཏོང་བར་མི་རིགས་དེའི་ནང་ཁུལ་ནས་རང་ཕན་རིང་ལུགས་པ་སྐོར་ཞིག་སྐྱེད་སྲིང་བྱས་པས་ཆོག་ལ། རང་ཕན་རིང་ལུགས་པ་དེ་དག་ལ་མི་རིགས་དེའི་ཀུན་སྤྱོད་ལ་གཏོར་བརླག་བཟོ་རུ་འཇུག་པ་དང་། མི་རིགས་དེའི་མི་ཚང་མས་རང་དོན་ཁོ་ན་ལས་མ་བསམ་ཚེ་མི་རིགས་དེ་ལ་རྒོལ་མི་དགོས་པར་འཇིག་འགྲོ་བའོ།། “要想毁掉一个民族,只需要在这个民族内部培养出一批精致的利己主义者。但让这批利己主义者去祸乱这个民族的道德,一个人人利己的民族将会不攻自破”ཞེས་པ་ལྟར་ཡིན་ལ། འདིའི་མ་ཡིག་ཀྱང་ཇི་བཞིན་བཀོད་ན་དགོས་པ་ཆེ་བར་སྣང་བས་དེ་ལྟར་བཀོད་པ་ཡིན།
དྲུག སྒོར་མོས་བདེན་པའི་ཚབ་བྱེད་པའི་བོད་ཀྱི་དྲྭ་ལམ་ཐད་གཏོང་།
སྒོར་མོ་ནི་བརྗེ་རེས་བྱེད་པའི་ལེགས་སྐྱེས་ཙམ་རེད། ཕར་སྤྲད་ན་ཚུར་ཡང་ཐོབ་བྱ་ཞིག་ཡོད་པ་རེད། འོན་ཏེ། ད་ལྟའི་བོད་པའི་སྤྱི་ཚོགས་ཁྲོད་སྒོར་མོའི་གོ་གནས་གློ་བུར་དུ་འཕར་ཞིང་བོད་མི་རེ་འགའི“སྐྱབས་མགོན”ཡང་སྒོར་མོ་ཁོ་ནར་གྱུར། དེ་བས། སྒོར་མོ་དང་གནས་ལུགས་ལས་སྔ་མ་ཤེད་ཆེ་ལ། སྒོར་མོ་དང་མི་གཤིས་ལས་སྔ་མ་ལ་དབང་མཐོ། སྒོར་མོ་དང་སྐད་ཡིག་ལས་སྔ་མ་གལ་ཆེ་ལ། སྒོར་མོ་དང་ངོ་ཚ་ལས་སྔ་མ་འདེམས་མཁན་མང་། ད་དུང་སྒོར་མོ་དང་ཤེས་ཡོན་ལས་སྔ་མའི་རིན་མཐོ་བ་རེད།
ལོ་འདི་འགའི་ནང་དུ་བོད་ཀྱི་སྤྱི་ཚོགས་བྱིངས་ལ་དེ་ལྟ་བུའི་མཁའ་དབུགས་ཤིག་ཆགས་པ་ནི་གཙོ་བོ་བོད་ཀྱི་དྲྭ་དཔོན་དུ་འབོད་པ་དེ་དག་གིས་བསྐྲུན་པ་ཡིན་ཏེ། དྲྭ་དཔོན་རེ་འགས་སྒོར་མོས་ཅི་ཡང་བྱས་ཆོག་ཟེར་བཞིན་གཞན་བསླུས་པའི་སྒོར་མོས་རླངས་འཁོར་གོང་མཐོན་པོ་ཅན་ཉོས་པ་སོགས་བདེ་སྐྱིད་ཉི་ཚེ་བ་ལ་རོལ་བ་དེ་སྒོར་མོ་ལ་དགའ་བའི་བོད་མི་རེ་འགའི་སེམས་ནང་དུ་སྒོར་མོ་ཡོད་ན་ཡོད་ཚད་བསྒྲུབ་ཆོག་ལ། ཐམས་ཅད་ཉོས་ཆོག་པའི་བསམ་བློ་ཞིག་སྐྱེས་སུ་བཅུག གནད་དོན་འདི་མུ་མཐུད་དུ་ཁྱབ་ཆེ་རུ་གྱུར་ན་བོད་མི་རེ་འགས་རང་གི་ཁེ་ཕན་གྱི་དོན་དུ་རང་གི་ཕ་མ་གསོད་ལ། དེ་བསད་པར་བུ་སྐྱེས་པའི་དཔའ་དར་འཐེན་བཞིན་དྲྭ་ལམ་ཐད་གཏོང་ནང་ནས་བསྒྲགས་ཤིང་མི་གྲངས་མང་པོ་བསྡུས་ཏེ་ཚོང་བརྒྱབ་ནས་སྒོར་མོ་མི་འཚོལ་བའི་ངེས་པ་ཡང་མེད་དེ། རྒྱུ་ནོར་ལ་ཞེན་ཆགས་ཇི་ལྟར་ཆེ་ན་དེའི་ཆེད་དུ་ཡོད་ཚད་བློས་གཏོང་ཐུབ་པ་ཆོས་ཉིད་ཡིན་པས་རེད། ད་དུང་། མི་འགྱངས་པར་ཨ་མའི་བུ་ལ་ཡོན་ཏན་ཡོད་ན།། དགའ་ལྡན་ཁྲི་ལ་བདག་པོ་མེད།། ཟེར་བའི་གཏམ་དེ་བཅོས་ནས་ཨ་མའི་བུ་ལ་སྒོར་མོ་ཡོད་ན།། དགའ་ལྡན་ཁྲི་ལ་བདག་པོ་མེད།། ཟེར་བའི་སྐབས་ཀྱང་བོད་པའི་སྤྱི་ཚོགས་ནང་འབྱུང་ཉེན་ཆེ་བར་འདུག
ད་ནི་མཇུག་བསྡུ་བའི་གཏམ་ཞིག་འབྲི་དགོས་མོད། ཞིབ་ཏུ་འདང་བརྒྱབ་ན་དེ་ཡང་དགོས་དོན་མི་འདུག་སྟེ་བོད་ཀྱི་དྲྭ་ལམ་ཐད་གཏོང་གི་གནས་བབ་འདི་མདོར་ན“རྒྱུ་འབྲས་རྩིས་མེད་ཀྱི་ཚོང་གཉེར་དང་དེ་ལས་ཐོབ་པའི་བདེ་བ”ཉི་ཚེ་བའི་བྱ་བ་འབའ་ཞིག་ལས་གང་ཡང་མིན་པའོ།།
ཞེས་ཕྱི་ལོ༢༠༢༤ལོའི་ཟླ་བཅུ་བའི་ནང་ལ་དབུས་ལྷ་ལྡན་གྲོང་དུ་བྲིས་པའོ།།
@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།
ཕྱིར་མིག
ལྷུག་རྩོམ།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།