[སྙན་ངག] ཚྭ་རྡེའུ་ཡི་ཉེ་བྲིས་ཀ་རྩོམ་བདམས་བཀོད།

教育   2024-11-15 09:54   甘肃  





སྙན་ངག་བདམས་བཀོད།








01 མྱི་རྒོད་པོ་སྣང་བའི་སྐྲ་ལོ་ཅན།


ཀ་བ་གདུང་མའི་སྟེང་ལ་རི་མོའང་བཏོད་མཁས།།

ཁང་བའི་ཕྱི་ནང་ཀུན་ལ་རྒྱན་སྤྲས་ཀྱང་བྱེད་ཤེས།།

ག་ཞ་རྒྱག་ཞོར་གཏམ་དཔེ་སྐད་འགྲག་གིས་བཤད་པའི།། 

ང་ཡི་ལས་གྲོགས་མགར་རྩེའི་རྟ་མགྲིན་ལ་འདུད་དོ།།


ཅ་ནེའི་ཆེད་དུ་རང་ཚུགས་མི་འཆོར་ཞེས་མནའ་བསྐྱལ།།

ཆ་མེད་ཡིན་ན་ནང་ཁོག་མི་སྟེར་ཞེས་དམ་བྱེད།།

ཇ་ཆང་འཐུང་དུས་ལ་གཞས་གཏོང་དགོས་ཞེས་བཀའ་བགོ།

ཉ་སྟོང་སྨྱུང་གནས་རེ་རེར་སྒོར་མོ་ཡིས་འབྲེལ་འཇོག།


ཏ་ལེན་རས་གདན་ཉལ་ཐུལ་མཛོང་ཁུག་ཀྱང་བཟོ་ཤེས།།

ཐ་མག་མིག་ཤེལ་པར་ཆས་གནམ་གྲུ་སོགས་ཅིས་མང་།།

ད་ལོ་ནས་བཟུང་སངས་ལོའི་འཆར་གཞི་ཡི་མགོ་འཛིན།།

ན་མཉམ་ཡིན་རུང་མཁའ་མཉམ་འཕགས་པ་ཡི་ཚུལ་སྟོན།།


པཎ་གྲུབ་མཁས་པའི་གསུང་རབ་མཐོང་ཚད་པོ་ཉོས་འཇོག།

ཕ་རྒྱུད་དེད་ནས་གཉན་པོ་མགར་རྒྱུད་ལ་གཏུགས་འཇོག།

བ་ཕྱུགས་འཚོ་བའི་རོང་བར་འཆམ་པོ་རང་མེད་པའི།།

༼མ་གཞི་མ་གཞི༽ཟེར་སའི་རེབ་གོང་གི་མག་པ།།


ཙ་རི་ནས་བཟུང་ཨ་མདོའི་མུ་རི་ལ་བརྫངས་ཀྱང་།།

ཚ་ལམ་རྒྱངས་པ་གཅིག་ཡུན་སྐད་ཅིག་ཏུ་ཐོན་ཏེ།།

ཛམ་གླིང་གསར་འགྱུར་སྣ་ཚོགས་ཤར་ཤར་དུ་བཤད་དེ།།

ཝ་དུག་འཕེན་རྒྱུའི་ཕོའུ་ཅིན་ཁྱི་སྐྱག་ཅེས་སོ་འཆའ།།


ཞ་སྨྱུག་སྣུམ་སྨྱུག་ལྕགས་སྨྱུག་འཐེན་སྒམ་གང་བསོགས་ཡོད།།

ཟ་འགྲམ་ཁེབས་པའི་སྐྲ་ལོ་སོག་འདབས་དབར་བཞག་ཡོད།།

འ་ཆད་འུ་ཐུག་གཏན་མེད་གདེང་ཚོད་ཀྱིས་ཁེངས་མཁན།།

ཡ་རེ་ལོ་ཞེས་གླུ་གཅིག་བསྐལ་བའི་བར་ལེན་མཁན། 


ར་བ་བཞི་ལྡན་འཇིག་རྟེན་འཁོར་བའང་འཛིན་སྔ།།

ལ་ཐག་རིང་བའི་མི་ཚེའི་སྐྱིད་སྡུག་ཀྱང་མཁྱེན་སྔ།།

ཤ་བའི་རྭ་ཁྲག་སོགས་ཀྱིས་ནུས་མཐུའང་མྱོང་སྔ།།

ས་ཕྱོགས་གཅིག་གི་རེད་ཅེས་རུས་དུངས་ཀྱང་སྐྱེས་སླ།།


༼ཧ་ལོ་ཧ་ལོ༽ཟེར་བའི་དྲ་ཇག་ཚོར་སྡང་ཡང་།།

ཨ་བོ་ལོ་ལོ་ཟེར་བའི་སྤྲང་བོ་ཚོར་བྱམས་མཁན།།

ཧ་ལམ་ང་ཚོའི་གྲས་ན་མང་པོ་ཞིག་མེད་འདྲ།།

ཨ་ཙི་གྲོགས་པོ་བརྩིས་ན་གཅིག་གཉིས་ཤིག་ཡོད་འདྲ།།


མཆན། 

མ་གཞི། རེབ་གོང་གི་ཁ་ཚིག་ཅིག

ཧ་ལོ། དྲ་སྒང་གི་ཁ་ཚིག་ཅིག



02 མྱི་སྨུག་པོ་དུང་གི་སོ་སྒོ་ཅན།


ཀ་རྩོམ་བྲི་རྒྱུ་སྐྲག་སྤྱད་དཀའ་མོ་ཅང་མིན་ཞེས།།

ཁ་ཕོ་གཏམ་ཞོར་ལངས་ནས་རྐྱོང་ཤད་ཅིག་བྱས་ཏེ།།

ག་ལོག་དང་བཅས་ལས་གྲོགས་སྙིང་དཀར་གྱི་སྐོར་ལ།།

ང་ཚོས་མཉམ་དུ་ཚིག་རྩེད་ཐུང་ཐུང་ཞིག་ཞུས་ན།།


ཅ་རིལ་ཞིག་གི་ཚོད་ཀྱི་གཟུགས་ལོག་བོ་འདི་ཡིས།།

ཆ་བེ་ཆོབ་བེ་མི་ལས་ལས་ཀ་ལ་འཇོན་ཞིང་།། 

ཇ་ཁ་ཆང་ཁ་མི་ཉུལ་རང་དོན་ཡང་ཆེ་བས།། 

ཉ་འདྲའི་ཕོ་གཞོན་ཟེར་ན་ཁོ་འདྲ་ཞིག་མིན་འགྲོ།། 


ཏ་སྟེའུ་གཙོ་བྱས་བྲིས་ནི་དགོད་སྤྱད་ཅིག་ཡིན་ཡང་།།

ཐ་སྙད་མང་ཙམ་ཡོད་པས་རྩོམ་ཡིག་ཀྱང་ཡོང་འདྲ།། 

ད་ཅི་ཏག་ཏག་འདི་ལ་ལྷུག་རྩོམ་ཞིག་བསྐུར་བྱུང་།།

ན་ནིང་བྲིས་ཚད་དག་ལྟར་བཤད་རྒྱུ་ཞིག་མི་འདུག། 


“པ་པ་ལཱ”ཡི་མག་པར་བཞེངས་འདུག་པའི་མྱི་འདི།། 

ཕ་མ་གཉིས་ཀའི་ནོར་བུ་བརྒྱ་ཆའི་བརྒྱ་ཡིན་ངེས།། 

བ་རྒྱ་འཐེན་འདྲའི་ལས་ཀ་རྫོགས་མེད་ཀྱིས་མནན་ཡང་།།

མ་མི་མིན་མེད་མི་གསུངས་སྡུག་ཐེག་ཅིག་ཡིན་ཐལ།།


ཙ་གེ་ཙིག་གེའི་བར་ནས་གྲིམ་པོའང་མི་བྱེད།།

“ཚད་གེར”ཁོང་ཁྲོ་བསླངས་ན་ངོ་མདོག་ཀྱང་མི་འགྱུར།། 

ཛ་དྲག་ཆེ་དུས་ཡིན་རུང་རྩ་བ་ནས་མི་འཚབ།།

ཝ་ལེར་བསམས་ན་ཞི་ལི་ངར་བ་ཞིག་རེད་ཨང་།། 


ཞྭ་གོས་ལྷམ་གྱི་ཕྱོགས་ལ་དང་དོད་རྦད་མེད་མོད།།

ཟ་འཐུང་གཉིས་ཀྱི་སྐོར་ལ་འཆམ་པོ་རང་ཡོད་དོ།།

འ་འུར་རྫོགས་མེད་འཇིག་རྟེན་རྩེད་ར་ཡི་ནང་ན།།

ཡ་རབས་འདི་འདྲ་དེང་སང་མང་པོ་ཞིག་ཨེ་འདུག། 


ར་བ་གངས་ཀྱིས་བསྐོར་བའི་བོད་ཡུལ་གྱི་ཕྱོགས་ནས།། 

ལ་ལུང་མང་པོར་འགྲིམས་པས་མིག་རྒྱང་ཡང་ཆེ་ཐལ།།

ཤ་ནོགས་ཤེད་ཡོད་འབྲོག་ཕྲུག་སྨུག་རིལ་བོ་འདི་ལ།།

“ས་ཁུ་ས་ཁུ་”ཟེར་ཞོར་ཁ་སྟབས་ཀྱང་ཡོད་ཡ།། 


ཧ་ལམ་ལོ་ངོ་བདུན་ལ་མཉམ་མཉམ་དུ་ཡོང་མོད།། 

ཨ་ཀྱོག་པ་ཀྱོག་ཉུང་བས་འགྲོགས་འདྲིས་ཀྱང་ཟབ་ན།།

ཧ་ཧ་ཧོ་ཧོ་ཟེར་ཞོར་ད་རུང་ཡང་གཤིབ་དགོས།།

ཨ་མའི་བུ་ཞེས་ངར་ན་ངར་གིའང་ཟེར་དགོས།།


མཆན།

པ་པ་ལཱ། མི་ནག་བུད་མེད་ཅིག་གི་མིང་།

ཚད་གེ། ཡུལ་སྐད་ཅིག ༼བསམ་གཟས་ནས༽ ཞེས་པ་དང་དོན་འདྲ།

ས་ཁུ་ས་ཁུ། འབའ་རྫོང་ཕྱོགས་ཀྱི་ཁ་ལྟ་ཞིག ༼ཨ་རོག ཨ་རོག༽ལྟ་བུའི་དོན་མིན་འགྲོ།



03 མྱི་སྐྱིད་པོ་སྤོ་ལོའི་ཕྱག་མཚན་ཅན།


ཨ་ཁུ་པད་མ་ཇེ་ཆུང་ཇེ་ཆུང་རེད།།

ཧ་ལམ་སུམ་ཅུའི་ཚོད་ཀྱི་ཕོ་གཞོན་རེད།།

ཨ་རིའི་ལྒང་རྒྱག་ངོ་ཤེས་ཇེ་མང་རེད།།

ཧ་ཅང་དཀའ་བའི་གྲུག་རྩལ་ཇེ་འཛོམས་རེད།།


ས་ཆ་ཡར་མར་འགྲིམས་པའི་ཉམས་མྱོང་གིས།།

ཤ་ཆང་འདོད་ཡོན་འཛོམས་ཏེ་ཚེ་སྟོད་བསྐྱལ།།

ལྭ་བ་ཚད་ཚད་གོན་མཁས་ཕོ་ཉམས་གྱིས།།

ར་ལུག་ཅི་ཡང་མ་འཚོས་ཚེ་སྨད་བསྐྱལ།།


ཡ་ཆུང་སྐྱིད་ཀྱིས་ཁེངས་དྲགས་སྣ་གླུ་གཏོང་།།

འ་ཅག་ཚང་མས་འབད་ཅེས་སློབ་གསོ་བྱེད།།

ཟ་ཚོད་ཤེས་ན་གཟུགས་གཞི་འདི་རེད་ཅེས།།

ཞག་འཕུད་གླུ་ལེན་གཏམ་བཤད་ཀིའང་འདེབས།།


ཝ་ཞྭ་གོན་པའི་སྤྱི་ཚོགས་རྙིང་བ་ནས།།

ཛ་ཛོར་མོད་པའི་དུས་རབས་ཉེར་གཅིག་བར།།

ཚ་གྲང་གཉིས་ཀ་མྱངས་ཏེ་ཡོང་ཚོད་རེད།།

ཙ་རྟགས་བཞིན་དུ་གཟེངས་ཏེ་ཡོང་ཚོད་རེད།།


མ་ལོ་ལག་མགོར་ཁྲིད་ནས་དགོན་གྲོང་བསྐོར།།

བ་རྫི་ཚུན་ཆད་བསྡུས་ནས་ཇ་མགྲོན་བྱེད།།

ཕ་ནོར་དཀོན་པའི་ཞིང་བའི་བུ་རྒྱུད་འདིས།།

༼པ་ཀ༽ཟེར་སའི་རྒྱལ་ཁབ་འགྲིམས་ནས་ཡོང་།།


ན་ནིང་གཞེས་ནིང་ཞིག་ནས་སྤོ་ལོར་གོམས།།

ད་ལོའི་བར་གླགས་ཤིག་ལ་ལྷག་པར་གོམས།།

ཐ་མལ་ང་འདྲ་ལོ་ཚོད་འདིར་སླེབས་དུས།།

ཏ་ཀུ་ཐོགས་ནས་འགྲོའང་དཀའ་ཚོད་རེད།།


ཉལ་ས་མང་པོ་རྗེ་ཞིང་རྗེ་ཞིང་འགྲོ།།

ཇ་རིགས་སྣ་ཚོགས་འཁྱེར་ཞིང་འཁྱེར་ཞིང་འགྲོ།།

ཆ་ཡོད་ཆ་མེད་ཅི་འདུག་ལོབས་ནས་འགྲོ།།

ཅ་ལག་སྣ་ཚོགས་ཕངས་མེད་ཉོས་ནས་འགྲོ།།


ང་ཁྱོད་མི་འདུག་སྒྱུ་མའི་རྒྱལ་ཁམས་ནས།།

ག་ཙམ་མཉམ་པོར་སྡོད་དགོས་མི་ཐིག་མོད།།

ཁ་ཁོག་འདྲེས་དྲགས་ཁ་རྩོད་ཚུན་ཆད་ཀྱིས།།

ཀ་དང་ཀ་རྡོ་གཉིས་ལྟར་འབྲེལ་ནས་ཡོང་།།



04 དྲ་ལམ་ཇག་ཁྱུར་གདམས་པའི་བསླབ་བྱ་
དམུ་གུབ་ནག་པོའི་ཚོགས་འཁོར།

ཀོ་བ་མཐུག་པོ་ངོ་ལ་ལྷན་པས་ཨེ་རེད།།

ཁོ་ཚོར་ཕ་མ་སྤུན་མཆེད་མེད་པ་ཨེ་རེད།།

གོ་ན་ངོ་ཤ་གཟེར་བའི་ཉ་ཉོག་བཤད་དེ།། 

ངོ་ཆེན་མི་ཆེན་བཅའ་མཁན་འདི་ཚོར་སུན་པ།།


ཅོ་ཏོ་ཟེལ་ལེ་ཟེལ་ལེར་འཁོན་ཁུལ་འདྲ་བྱེད།།

ཆོ་ངེ་འདོན་གྱིན་འདོན་གྱིན་ངུ་ཁུལ་འདྲ་བྱེད།།

ཇོ་བོ་རིན་པོ་ཟེར་བཞིན་བདའ་ཁུལ་འདྲ་བྱེད།། 

ཉོ་མཁན་བསམ་ནི་ཡིན་ཞེས་སྡིག་ཁུལ་འདྲ་བྱེད།། 


དོ་ཁུར་ཡོད་ན་མེད་ན་དོ་དགོང་ཡིན་ཟེར།། 

ཐོ་འགོད་བྱེད་ན་མིན་ན་ད་ཐེངས་ཤོག་ཟེར།། 

ཏོག་ལྟར་མཐོ་བའི་གོ་སྐབས་ད་ནས་མེད་ཟེར།། 

ནོམ་ཆེན་ཁུག་པའི་སྐལ་བ་དེང་ཕྱིན་དཀོན་ཟེར།། 


པོ་ཏི་རྩོམ་མཁན་དེ་ཚོས་ཅི་ཞིག་བྱེད་ཨང་།།

ཕོ་བ་རྒྱགས་ཐབས་ཙམ་ཡང་ཡོང་གི་མེད་ཟེར།། 

བོང་བུ་ཐལ་སྤུང་ནང་ནས་བསོར་བ་འདྲ་བའི།།

མོ་ཏྲ་གཡར་མས་ཕྱུག་པོར་བརྫི་མཁན་འདི་ཚོ།། 


ཙོ་ཚ་རྟགས་མའི་ཁ་པར་གཉིས་རེ་བཟུང་ཡང་།།

ཚོ་བ་སྡེ་བའི་རྒྱུས་ཙམ་མི་རྟོགས་ནི་ཚོས།། 

ཛོ་ཀི་དང་བཅས་འཆད་ལ་ཐོགས་རྡུག་མེད་ཚོར།།

ཝོ་བརྒྱལ་མྱངས་ཏེ་འགྲན་ན་ཡིའང་མུག་གོ།


ཞོ་འཐུང་བྱིས་པའི་ཚོད་ཀྱི་བསམ་བློ་གཅིག་བྱོས།།

ཟོ་བ་ཞབས་མེད་ལྟ་བུའི་ཧམ་པ་གཉིས་བྱོས།།

འོ་དོད་ཁོ་ནས་བཙལ་རྒྱུའི་རྒྱུ་ནོར་གསུམ་བྱོས།།

ཡོ་ཆས་རྫུན་མ་དབོར་བའི་ལག་རྗེས་བཞི་བྱོས།། 


རོ་ཉལ་རྐྱང་བས་རྫོགས་པའི་མི་ཚེ་ལྔ་བྱོས།།

ལོ་ཆུང་ལོག་པར་འཁྲིད་པའི་མིག་དཔེ་དྲུག་བྱོས།།

ཤོ་མིག་ཡང་ཡང་འཁེལ་བའི་རྒྱལ་ཁྲིམས་བདུན་བྱོས།།

སོ་སྨན་བཙིར་བཅིར་བྱེད་རྒྱུའི་བླ་འཁྱར་འདི་ཚོ།། 


ཧོ་ཧོ་ཧ་ཧ་ལབ་ནས་བསྐྱུར་ན་དགའ་མོད།།

ཨོ་ཨོ་ངར་གི་ཟེར་རྒྱུ་དཀའ་མོ་རེད་ཨང་།།

ཧོ་ལཱང་ཕྲག་ཁུར་ཚོང་བའི་ཡན་ཞིག་མིན་བཞིན།།

ཨོ་ཟོབ་ཏག་ཏག་བྱས་ན་དགུ་སུན་སྐྱེས་འོངས།།

    

མཆན།

མོ་ཏྲ། རླངས་འཁོར། 

ཙོ་ཚ། སིལ་ཏོག་ཀུ་ཤུའི་མིང་། 

ཛོ་ཀི། རྒྱ་གར་གྱི་གྲུབ་མཐའ་སྨྲ་བ་ཞིག 

ཧོ་ལཱང་། རི་ཡུལ་ཉུལ་བའི་རྒྱ货郎仔ཡི་མིང་། 

ཨོ་ཟོབ། མི་ཤེས་ཤེས་མདོག མི་འཇོན་འཇོན་མདོག


༢༠༢༤/༤/༡༩



ཚྭ་རྡེའུ།


   མིང་དངོས་ལ་ཚེ་དབང་རྒྱལ་ཞུ། 1993ལོར་མཚོ་ལྷོའི་མང་རྫོང་གི་ཆོས་ཚ་ཞེས་པའི་འབྲོག་སྡེ་ཆུང་ཆུང་ཞིག་ཏུ་སྐྱེས། 2017ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཅེས་པའི་ཆེད་ལས་སྟེང་སློབ་མཐར་ཕྱིན། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་དུ་གསར་འགོད་པའི་བྱ་བ་སྒྲུབ་བཞིན་ཡོད། སྔ་ཕྱིར«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ» «གངས་རྒྱན་མེ་ཏོག» «མཚོ་སྔོན་བོད་ཡིག་གསར་འགྱུར» «མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར»སོགས་སུ་རྩོམ་ལུས་ཅི་རིགས་ཀྱི་བརྩམས་ཆོས་སུམ་ཅུ་རྩ་གྲངས་ཤིག་འགོད་སྐལ་ལྡན་མྱོང་།






གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章