[འགྱུར་རྩོམ] ཁ་སྒང་སྟག་འབུམ་རྒྱལ་གྱི་འགྱུར་རྩོམ་ཞིག

教育   2024-10-21 12:02   甘肃  







འགྱུར་རྩོམ།






      

   སློབ་ཆེན་འགྲིམས་དུས་ངའི་དབྱིན་ཇི་སྡུག་ཤོས་ཡིན་པ་སློབ་གྲོགས་ཀུན་གྱིས་ཤེས། སྒོས་སུ་རྩོམ་འབྲིའི་ནུས་པ་ཧ་ཅང་དམན། དབྱིན་སྐད་ཀྱི་ཁོར་ཡུག་ལ་གོམས་འདྲིས་ནུས་པ་ཞན་པ་སྟེ། རྩོམ་ཡིག་གཅིག་བཀླག་དགོས་ཀྱང་དུས་ཚོད་ལྔ་དྲུག་ཙམ་གཏོང་དགོས་ཤིང་། དེའང་གནད་ཀྱི་དོན་མི་རྟོགས་པས་སེམས་ལ་གནོན་ཤུགས་ཧ་ཅང་ཆེ།

   སྟབས་ལེགས་པ་ཞིག་ལ་ལྗོམ་ཧོམ་ཕུ་ཁི་སིའི་སློབ་ཆེན་ནས་འབུམ་རམས་འདོན་སྐབས་ཀྱི་གོ་གཅིག་ལོའི་ཟླ་བཞི་པར་སློབ་གྲོགས་སམ་བློ་འབྱེད་དགེ་རྒན་ལྗོམ་ལྡེ་སི་ལྗི་ལི་སིར་ངོ་ཐུག་ཅིང་ངའི་དཀའ་སྡུག་རྣམས་ཞུས་འཕྲལ། ཉིན་རེར་དུས་ཚོད་སྐར་མ་ཞེ་ལྔའི་རིང་ཝ་ཧྲིན་ཏུང་བསྐུར་འཕྲིན་ཀློག ལོ་གཉིས་ཀྱི་རྗེས་ནས་ཁྱེད་ཀྱི་རྩོམ་འབྲིའི་ནུས་པ་ཉ་མོ་ཆུ་ལ་འཕྲད་པ་ལྟར་འགྱུར་ངེས་ཞེས་ཟེར། ཏག་ཏག་ངའང་གསར་འགྱུར་ལ་བལྟ་རྒྱུར་དགའ་མོས་ཡོད་ཕྱིར་བསམ་ཚུལ་འདི་བློ་ལ་ཧ་ཅང་འཕྲོད་པོ་བྱུང་། ངས་ཉིན་རེའི་ཚོར་ལྟ་དང་པོ་འགྲུབ་རྗེས་ཀྱི་དུས་ཚོད་བཅུ་བ་ནས་དུས་ཚོད་གཅིག་གི་རིང་ལ་ཝ་ཧྲིན་ཏུང་བསྐུར་འཕྲིན་བཀླགས། གཙོ་བོ་པར་ངོས་དང་པོ་སྟེ། ཐོག་མའི་ཆར་དུས་ཚོད་གཅིག་གི་རིང་ལ་དུམ་ཚན་རེ་གཉིས་སམ་གསར་འགྱུར་རིང་པོའི་གྲས་གཅིག་ཙམ་མ་གཏོགས་བཀླགས་མི་ཚར། དེའང་སྐབས་དང་སྐབས་སུ་ཚིག་མཛོད་ཁ་ཕྱེས་ནས་བཙལ་དགོས་འདུག དེ་ལྟ་ནའང་དེས་ངའི་ཀློག་འདོན་གྱི་ནུས་པར་ཕན་པ་ཆེན་པོ་ཞིག་ཐོན་འདུག གོ་གཉིས་ལོར་བྷོ་ཧྲི་ཆེ་བ་དང་ཁི་ལིན་ཐྲོམ་གཉིས་ཀྱི་ཨ་རིའི་སྲིད་འཛིན་འདེམས་བསྐོའི་རྩོད་གླེང་སྐོར་གྱི་གསར་འགྱུར་དག་གི་ཤོག་ངོས་ཁ་ཤས་ཀྱི་དུམ་ཚན་རིང་ཤོས་བཞི་ལྔ་རེ་དུས་ཚོད་གཅིག་གི་རིང་དུ་བཀླགས་ཐུབ་ཅིང་། སྐབས་རེར་གང་བཀླགས་པའི་གསར་འགྱུར་དག་དགེ་སྤུན་རྣམས་ལའང་ཇི་བཞིན་བཤད་པ་ལྷུར་བླངས།

   དེ་ལྟ་བུའི་ཀློག་གིས་ངའི་དབྱིན་ཇིའི་རྩོམ་འབྲི་ལ་དབུགས་དབྱུང་བསྩལ་ཏེ། གསར་འགྱུར་གང་ལ་བལྟས་ཚར་མ་ཐག་སྨྱུ་གུ་ཐོགས་ནས་སྐབས་ཀྱི་ཚོར་བ་འབྲི་འདོད་ཀྱི་འདུན་པའང་སྐྱེས། གོ་གཉིས་ལོའི་བྷར་སད་ལོ་ནཱའི་ཨོ་རྩལ་འགྲན་ཚོགས་སྐབས། ཀྲུང་གོའི་ཆུ་རྐྱལ་རུ་ཁག་ལ་གསེར་བཞི་དངུལ་ལྔའི་གྲུབ་འབྲས་གཡུར་ཟ་ཐོབ། ཨ་རིའི་གསར་ལམ་ཁག་ནས་སྨན་བསྟེན་ཡོད་ཚུལ་གྱི་དོགས་པ་བསླངས། ཡིན་ནའང་དེ་ནི་ཨ་རིའི་ལུས་རྩལ་པའི་ཚོར་བའི་ཚོད་དཔག་ཙམ་ལས་མཐར་བདེན་དཔང་ཅི་ཡང་མ་རེག། སྐབས་ཤིག་སྙིང་རླུང་ལྡང་ནས་ཝ་ཧྲིན་ཏུང་བསྐུར་འཕྲིན་དང་བྷ་འར་ཐི་མོ་ཨར་གྱི་ཉི་མའི་ཚགས་པར་ཁང་གཉིས་ལ་དྲང་བདེན་མ་ཡིན་པའི་ཐད་ནས་རྩོམ་ཞིག་བྲིས་ཏེ་བསྐུར། ཉིན་གཉིས་ཀྱི་རྗེས་ནས་ངའི་བསྐུར་བའི་རྩོམ་དེའི་ཡིག་འབྲུ་ཙམ་ཡང་མ་བརྗེ་བར་ཀློག་པ་པོའི་འཕྲིན་ཞེས་པའི་པར་ངོས་སུ་ཇི་བཞིན་བཀོད་འདུག་ཅིང་། རྟེན་འབྲེལ་གྱི་གློག་འཕྲིན་ཡང་འབྱོར་བས་དགའ་བ་ལྷག་ཏུ་འཕེལ། རྟེན་བྱུང་འབྲེལ་གྱིས་རྗེས་ཀྱི་མི་ལོ་སུམ་ཅུ་ལྷག་གི་རིང་ལ་རྒྱུན་པར་རྩོམ་འབྲིའི་རྒྱུན་མ་བཏང་། འགའ་ཞིག་འབྲེལ་ཡོད་ཚགས་པར་དུའང་བཀོད། ཀྲུང་གོའི་ཕྱི་འགྲིམས་སློབ་མའི་ཚབ་བྱས་ཏེ་སློབ་གྲྭའི་གཞུང་ལ་ཀྲུང་གོའི་སློབ་མའི་ཁེ་ཕན་རྩོད་པའི་རྩོམ་ཞིག་ཀྱང་བྲིས། གོ་ལྔ་ལོར་གྲོགས་པོ་ཞིག་གིས་ཁ་པར་བརྒྱུད་ང་ལ་བྷ་འར་ཐི་མོ་ཨར་གྱི་ཉི་མའི་ཚགས་པར་སྟེང་དུ་ཁྱོད་ཀྱི་རྩོམ་ཞིག་སྤེལ་འདུག་ཟེར། བྲེལ་བྲེལ་ངང་ཚགས་པར་ཞིག་ཉོས་ནས་བལྟས་པས་ཤོག་ངོས་ཀ་བའི་འགབ་ཀྱི་ཐིག་ཕྲེང་གཉིས་པར་གཟའ་འཁོར་གཅིག་ལྷག་གི་སྔོན་ལ་བསྐུར་བ། འདི་ནི་དེབ་ཏུ་འགོད་དཀའ་ཨང་སྙམ་པ་ཝོ་ཧང་ཏཱ་ལ་དགག་བཞག་བྱས་ཡོད་པའི་རྩོམ་དེ་སྤེལ་འདུག
   གོང་བཀོད་འདི་ནི་ངའི་དབྱིན་ཇིའི་རྩོམ་འབྲིའི་ནུས་པ་ཇི་ལྟར་འཕེལ་རྒྱས་སུ་ཕྱིན་པའི་བརྒྱུད་རིམ་སྟེ། ཡིན་ནའང་རིག་གཞུང་དཔྱད་རྩོམ་ལ་མཚོན་ན་སྤྱིར་བཏང་གི་སྐུར་འཕྲིན་ཙམ་དང་མི་འདྲ་བར། ཆེད་ལས་ཀྱི་ཁྱད་པར་འབུར་དུ་ཐོན་ཞིང་སྒྲིག་གཞི་ཡི་ར་བ་ཚགས་དམ་པོ་ཞིག་ཡིན་པ་སྨོས་མ་དགོས།
    གོ་བཞི་ལོར། ངས་ཐེངས་དང་པོར་རིག་གཞུང་དཔྱད་རྩོམ་ཞིག་བྲིས། ཧ་ཅང་ཞན་པའི་ཚོར་བ་བྱུང་། སྡུག་སྡུག་ངང་བྲིས་ཚར་རྗེས་ཐ་ན་རང་ཉིད་ནས་ཀྱང་ཐེངས་གཉིས་པར་བལྟ་འདོད་ཀྱི་འདུན་པ་ཉམས། ཨུ་ཚུགས་ངང་དག་བཅོས་ཤིག་བཏང་མཐར་སྦྱིན་བདག་ལྗིར་མིས་བྷི་རྒི་ལགས་ལ་སྤྲད། གཟའ་འཁོར་གསུམ་འགོར་ཡང་ལན་མ་བྱུང་བས་གམ་དུ་བཅར་ནས་བྲེལ་བསླངས། དེ་རིང་བཀླག་ངེས་ཡིན་ཞེས་ཟེར། དུས་ཚོད་བཅུ་པར་ཁོང་གི་གཞུང་ལས་ཁང་དུ་འགྲོ་མགོ་བརྩམས་ཀྱང་དྲུང་ཡིག་གིས་བཀག གཞུང་དོན་ལ་བྲེལ་བའི་སྒང་ལགས་པས་ཆུ་ཚོད་གཉིས་པའི་བར་དུ་བར་ཆད་འདྲ་བཟོ་མི་རུང་ཟེར། ངའི་སེམས་པ་འཚུབ་ལྷོང་ལྷོང་དུ་གྱུར། ཕྱི་དྲོའི་དུས་ཚོད་གཅིག་དང་ཕྱེད་ཀའི་ཐོག་ལྗིར་མིས་བྲེལ་བྲེལ་འཚུབ་འཚུང་ངང་ཚུར་འོང་སྟེ་ལྟེབས་ཤོག་ཅིག་བསྟབས་བྱུང་། འདི་ཐོག་མའི་མ་ཡིག་ཡིན་པས་ཁྱེད་ཀྱིས་བལྟས་ན་ཅི་འདྲ། ཚན་རིག་དུས་དེབ་སྟེང་ཚོར་ལྟ་ཞིག་བྱས་ན་ག་འདྲ་འདུག་ཟེར། ཞིབ་ཏུ་བལྟས་པས་ཤོག་ངོས་བདུན་ཙམ་མཆིས། ལྗིར་མིས་དུས་ཚོད་བཞི་ལྷག་བཏང་ནས་ཞིབ་འཇུག་གི་ཐབས་ལམ་དང་ཟུར་ལྟའི་དཔྱད་གཞི་གཉིས་མ་གཏོགས་པའི་རྩོམ་གྱི་སྤྱི་ཁོག་ཕལ་ཆེར་བྲིས་ཚར་འདུག་པར་ངོ་མཚར་སྐྱེས། ཡིན་ནའང་སེམས་མི་སྐྱིད་པ་ལ་ཞིག་ལ་ཁོང་ནས་ངའི་ཐོག་མའི་མ་ཡིག་ལ་ཟུར་ཙམ་ཡང་བལྟས་མི་འདུག
   རྩོམ་ཡིག་ཅིག་འབྲི་བ་ལ་ཐུང་མྱུར་ངང་འགྲུབ་ཐུབ་རྒྱུ་དེ་གལ་ཆེ། ངས་ཀྱང་ལྗིར་མིའི་སྲོལ་བསྐྱངས། ཐིག་དྲུག་ལོའི་ཟླ་བཅུ་པར། འགྲན་རྩོད་ཀྱི་གནས་བབ་མི་ལེགས་པས་ལས་གཞིའི་ཚན་ཁག་གཉིས་ཕྱིར་ཕུད་ཀྱི་ཉེན་ཁར་ཐུག ངས་སྔ་ཕྱིར་ཐེངས་གཉིས་ལ་མཚན་མོ་གཅིག་རིང་དཔྱད་རྩོམ་གཅིག་རེ་འགྲུབ་པར་བྱས། ཟླ་བཅུ་པའི་ཚེས་བཅོ་ལྔའི་དགོང་མོའི་ཆུ་ཚོད་བརྒྱད་པར་མགོ་བརྩམས། མཚན་རིང་ལ་ངལ་གསོ་མ་བྱས་པར་ཕྱི་ཉིན་སྔ་དྲོའི་ཆུ་ཚོད་བཅུ་པར«ཕྲ་ཕུང»རྩོམ་དེབ་ཀྱི་རྣམ་པ་དང་འཚམ་པའི་རྩོམ་ཞིག་བྲིས། དེའི་ནང་དོན་གནད་བསྡུས་དང་། མཚམས་སྦྱོར། མཇུག་བསྟན། བགྲོ་གླེང་སོགས་ལ་ཞིབ་པར་ཐེངས་གཅིག་བལྟས་རྗེས་ཀྱི་ཕྱི་དྲོའི་ཆུ་ཚོད་བཞི་དང་ཕྱེད་ཀའི་སྟེང་དྲ་ལམ་བརྒྱུད་ནས་རྩོམ་སྒྲིག་ཁང་ལ་བསྐུར། ཟླ་བཅུ་གཉིས་པའི་རང་བྱུང་དཔྱད་དེབ་ཀྱི་ཡན་དག་དུས་དེབ«སྒྲིག་གཞི་དང་གྱེས་རྡུལ་སྐྱེ་ཁམས་རིག་པ»ཞེས་པར་བཀོད། རྩོམ་གཞན་དེ་ཟླ་བཅུ་པའི་ཚེས་བཅོ་བརྒྱད་ཀྱི་དགོང་མོའི་དུས་ཚོད་དྲུག་པ་ནས་འབྲི་མགོ་བརྩམས་ཏེ། ཕྱི་ཉིན་སྔ་དྲོའི་དུས་ཚོད་བརྒྱད་པའི་ཐོག་ཡོངས་སུ་ཚགས་པ་དང་། ཆུ་ཚོད་དགུའི་དང་ཕྱེད་ཀའི་ཐོག་རྩོམ་སྒྲིག་ཁང་ལ་བསྐུར། ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔའི«ཕྲ་ཕུང»དཔྱད་དེབ་ཐོག་སྤེལ། དེ་ལྟར་ཞག་གཅིག་རིང་དཔྱད་རྩོམ་ཞིག་འགྲུབ་པར་བྱེད་པ་ལ་རང་ཉིད་ཀྱི་དཔྱད་བྱའི་ཁྱབ་ཁོངས་ལ་རྒྱུས་ལོན་གསལ་བོ་ཞིག་དང་། རྩོམ་ཡོངས་ཀྱི་རིགས་ལམ་གཏིང་ཟབ་ཚགས་དམ་ཞིག། ཞིབ་འཇུག་སྔོན་གྱི་བྱ་བ་མཐའ་དག་ལ་ཉིན་གསུམ་ནས་བཞིའི་བར་གྱི་གྲ་སྒྲིག་ཚགས་སུ་ཆུད་པ་ཞིག་དགོས།
   གོ་བཞི་ལོར་ཐོག་དང་པོར་སྡུག་སྡུག་དཀའ་དཀའ་ངང་འགྲུབ་པའི་དཔྱད་རྩོམ་གྱི་ཐོག་མ་ནས་ད་ལྟ་གང་འབྲི་བསམ་ཐོག་ལ་འོང་བའི་བར་གྱི་བརྒྱུད་རིམ་དང་ཉམས་མྱོང་དག་ཕྱོགས་གཅིག་ཏུ་སྡོམ་ན་འདི་ལྟ་སྟེ།
   ༡ རིག་གཞུང་དཔྱད་རྩོམ་ཡག་པོ་ཞིག་འཁྱོང་བ་ལ་ངེས་པར་དུ་ཐོག་མར་ཉིན་རེར་དུས་ཚོད་སྐར་མ་སུམ་ཅུ་ནས་དྲུག་ཅུའི་བར་གྱི་དུས་ཚོད་བཏང་སྟེ་དབྱིན་ཇིའི་རྩོམ་ཡིག་ཀློག་འདོན་གྱི་སྲོལ་བཟང་པོ་འཛུགས་དགོས། དེའང་གོམ་པ་དང་པོར་དབྱིན་ཇིའི་ཚགས་པར་དང་གསར་འགྱུར་གཙོ་བྱས་པའི་ཚད་རིམ་ཅུང་དམའ་ཤོས་ནས་རིམ་བཞིན་ཆེད་ལས་ཕྱོགས་ཀྱི་དཔེ་དེབ་དག་བཀླག་པར་རིགས། ཉེ་ཆར་ངས་འདིའི་སྐོར་གྱི་ཆེད་རྩོམ་ཞིག་བྲིས་ནས་ཆེད་ལས་དཔེ་དེབ་ཀྱི་རྩོམ་ཡིག་ཀློག་འདོན་ལ་ཕན་པའི་ཐབས་ཤེས་རེ་ངོ་སྤྲོད་བྱ་ངེས།
   ༢ དཔྱད་རྩོམ་ལ་གཏན་ཚིགས་མེད་མི་རུང་བ་སྟེ། ཚོར་ལྟའི་གྲངས་ཀར་ཕྱོགས་ཡོངས་ཀྱི་དབྱེ་ཞིབ་བརྒྱུད་ནས་གཏན་ཚིགས་ཀྱི་གཟུང་ཐག་རྙེད་པར་བྱེད་པ་ལྟར། རིགས་ལམ་ཞིབ་གསལ་གྱི་རྨང་གཞིའི་ཐོག་འབྲེལ་ཡོད་ཀྱི་པར་རིས་བཟོ་བ་དང་དེའི་རྗེས་ད་གཟོད་སྨྱུ་གུ་འདེགས་པར་རྩོམ་དགོས།
   ༣ དང་པོར་སྔོན་བཏིང་གི་རིགས་ལམ་ལྟར་རྩོམ་གྱི་ཁོག་དབུབ་ཅིག་བཟོས་ནས་དེའི་རྗེས་བྱེ་བྲག་སོ་སོར་འབྲི་བ་སྟེ། ཐོག་མ་ཉིད་ནས་སྐད་ཆའི་སྦྱོར་བ་དང་མཛེས་ལུགས་སོགས་ལ་དང་དོད་ཆེར་མི་བྱེད་པར་ཚིག་དོན་སྔ་ཕྱིའི་གཏན་ཚིགས་ཀྱི་འབྲེལ་ཐག་ལ་དོ་སྣང་གལ་ཆེ། ཆབས་ཅིག་ཕྱི་རོལ་གྱི་གཡེང་བ་བཀག་ནས་དུས་ཚོད་ཐུང་ངུའི་ནང་འགྲུབ་པར་བྱ་རྒྱུ་དང་། ཚིག་གྲུབ་གཅིག་ལགས་ཀྱང་རིང་ཐལ་དྲགས་པའི་ཉེས་སྐྱོན་དག་སྤང་ཅི་ཐུབ་བྱ་དགོས།
   ༤ ཁ་མིག་ཡར་ལྟ་དང་བཟང་ཐོག་བཟང་བརྩེགས་ཀྱི་སློབ་སྦྱོང་གལ་ཆེ། སྐྱེས་མ་ཐག་ནས་དཔྱད་རྩོམ་ཚད་ལྡན་འབྲི་ཤེས་མཁན་ཞིག་མེད་པར་ཐམས་ཅད་རྗེས་ཀྱི་སློབ་སྦྱོང་ལ་སྒོ་ཀུན་ནས་རག་ལས་པ་སྟེ། འདི་དང་འདི་ཞེས་རྒྱུ་མཚན་འཐད་ལྡན་དུ་སྒྲུབ་པ་དང་། འདི་དང་འདིའི་ལུགས་ཞེས་ལུང་རིགས་ཀྱིས་དགག་བཞག་སྤྲོས་པ། རང་གི་དཔྱད་འབྲས་ཚད་ལྡན་དུ་འགོད་པ། ད་རུང་དཔྱད་པ་ཞིབ་འཇུག་གཅེས་སོ་ཞེས་གཞན་སྐུལ་བྱེད་པ་སོགས། མདོར་ན་དཔྱད་རྩོམ་ཡག་པོ་ཞིག་འཁྱོང་མིན་དེ་ཆེད་ལས་དང་ཁྱབ་ཁོངས་མི་འདྲ་བའི་རྩོམ་གྱི་ནང་སྙིང་དང་རྩོམ་འབྲིའི་འབྲི་ཐབས་སོགས་ཀྱི་བཟང་ཆ་བསྡུ་ལེན་ལས་བྱུང་། གཞན་ལ་སློབ་སྦྱོང་གལ་ཆེའང་བཤུ་འབྲི་ལ་འཛེམས་སྣང་འདོར་མི་རུང་། ཨ་རིར་སྐབས་ལ་ལར་དཔྱད་རྩོམ་གཅིག་ལས་གཞན་གྱི་རྩོམ་དང་མཚུངས་པའི་མིང་ཚིག་བདུན་ཙམ་བྱུང་ན་བཤུ་འབྲིའི་ཚད་དུའང་བགྲངས་པའང་མཆིས།
   ༥ ཐོག་མའི་མ་ཡིག་ཚགས་རྗེས་ཉིན་གཅིག་ལས་ཕར་མི་འགྱངས་པར་དུས་ཐུང་རིང་བཟོ་བཅོས་ཐེངས་གཉིས་པ་བྱོས། སྔར་བཞིན་གཏན་ཚིག་ལ་བརྒལ་བརྟག་གི་གནོད་པ་མི་འཇུག་པའི་རྨང་གཞིའི་ཐོག་རྩོམ་གྱི་ནང་དོན་གནད་བསྡུས་དང་བརྡ་ཆད་གཙོ་བོ། གཞུང་དངོས་གཞིར་འབྱུང་བའི་ཚིག་སྐྱོན་དང་ཟློས་སྐྱོན་སོགས་ཀྱི་ཉེས་པ་ཅི་མཆིས་ཐེངས་འདིར་བཅའ་རྒྱུ་གལ་ཆེ་བར་མཐོང་། ཐེངས་གསུམ་པའི་བཟོ་བཅོས་སྐབས་སུ་རྩོམ་སྤྱིའི་ཆ་ལ་འགྱུར་བ་ཆེར་མི་འབྱུང་།
   ༦ ཐེངས་གཉིས་པའི་བཟོ་བཅོས་རྗེས་སུ་གཙོ་བོར་ཚིག་གི་དག་བསྡེབས་ཏེ། རྩོམ་སྤྱི་ལ་ཡང་ཡང་བལྟས་ནས་ཚིག་གི་སྦྱོར་བར་ཞུན་བརྡར་ཆོད་ཅིག དཔྱད་རྩོམ་ཞིག་གི་ཚིག་གི་སྦྱོར་བ་མི་ཡག་པ་རྒྱུ་མཚན་དུ་བྱས་ནས་རྩོམ་སྒྲིག་ཁང་ནས་དང་ལེན་མི་བྱེད་པ་དེ་འདྲ་མེད་ཀྱང་། གཏན་ཚིགས་ཀྱི་གོ་རིམ་འཁྲུགས་པ་ལས་དང་ལེན་མི་བྱེད་པ་དེ་འདྲ་ཡོད་ངེས།
    ངས་འདི་ལྟར་རང་གི་སློབ་མ་རྣམས་ལའང་གདམས་པ་སྟེ། ངའི་ཐོག་དང་པོའི་འབུམ་རམས་སློབ་མ་ཁྲཱ་ཅུ་ཅིས་ལྟ་བུར་མཚོན་ན་གོ་དགུ་ལོར་ངོས་ནས་བཙུགས་པའི་ཕུ་རིས་སད་ཐྲོམ་སློབ་ཆེན་གྱི་ཚོར་ལྟ་ཁང་དུ་ཞུགས། སྐབས་དེར་ཁོ་བོའི་དབྱིན་ཇིའི་ཆུ་ཚད་ཡག་པོ་མི་འདུག་པས། ཉིན་རེར་དུས་ཚོད་ཕྱེད་ཙམ་བཏང་ནས་དབྱིན་ཇིའི་ཚགས་པར་ཀློག་པར་བསྐུལ་མ་བྱས། མཐར་ངལ་བའི་གཤིན་སར་གྲུབ་འབྲས་ཀྱི་ལོ་ཏོག་སྨིན་པ་ལྟར་ཐིག་བཞི་ལོར་དངུལ་སློང་རོགས་སྐྱོར་ལས་གཞི་འབྲི་ཐུབ་པ་བྱུང་ལ། «ཕྲ་ཕུང»སྟེང་དཔྱད་རྩོམ་གཅིག་དང་། «རང་བྱུང»ཐོག་དཔྱད་རྩོམ་གཉིས། དཔྱད་དེབ་གཞན་དང་གཞན་གྱི་སྟེང་སྔ་ཕྱིར་དཔྱད་རྩོམ་བཅུ་ཕྲག་ལོངས་པ་སྤེལ།
   དཔྱད་རྩོམ་ཞིག་སྤེལ་བ་ནི་ཧ་ཅང་དགའ་འོས་པའི་དོན་དག་ཅིག་ལགས་ཀྱང་། ངེས་པར་ཤེས་དགོས་པ་ཞིག་ལ་འདི་ནི་རང་དང་ལས་རིགས་གཅིག་པ་རྣམས་ལ་ཞིབ་འཇུག་གི་རྙེད་པ་ག་གེ་མོའི་ངོ་སྤྲོད་ཅིག་གམ། ཚན་རིག་གི་ཁྱབ་ཁོངས་ནས་གྲུབ་འབྲས་ག་གེ་མོའི་བརྗེ་རེས་ཀྱི་ལག་ཆ་ཞིག་གམ། གང་ལྟར་ཆེས་གོ་སླ་བའི་ངག་གིས་སོ་སོའི་བསམ་ཚུལ་སྟོན་ཐུབ་ཅིང་། གཏན་ཚིགས་བཙན་པོས་རྩོམ་གྱི་གནད་ཐོན་པ་ཞིག་ཅིས་ཀྱང་གལ་ཆེ་སྟེ། རྒྱ་ཡིག་དང་དབྱིན་ཇིའི་དཔྱད་རྩོམ་གང་ལའང་དེ་ལྟར་རོ།།

   

@ཡོང་ཁུངས།  ཟ་མ་ཏོག་འཕྲིན་སྟེགས།

ཕྱིར་མིག




འགྱུར་རྩོམ།

01 དཔྱད་དེབ«རང་བྱུང»དང«ཕྲ་ཕུང»སྟེང་སྤེལ་ཐུབ་པའི་རྩོམ་ཞིག་ཞག་ཅིག་རིང་ཇི་ལྟར་འབྲི


@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章