སྙན་ངག་བདམས་བཀོད།
སེང་རྡོར།
ཀུང་སི་བཙུགས་ཏེ་ཚོང་ལམ་རྒྱ་ཆེར་ཕྱེས།།
ཁེ་ལས་ངོ་མའི་གཞི་ཁྱོན་བརྟན་པོར་བསྐྲུན།།
སྒོར་མོ་འཚོལ་ལུགས་ལག་ལེན་དམར་ཁྲིད་བྱས།།
དངུལ་ཁང་དངུལ་རྩའི་གལ་གནད་ཁོང་ལ་གསལ།།
གཅན་ཚར་ཧི་མ་ལ་ཡའི་བཟོ་བཀོད་བརྡལ།།
འཆར་གཞི་གནད་འཁེལ་ཇུས་བློ་སྣ་ཚོགས་མངའ།།
རྗེ་དཔོན་རྣམས་ཀྱང་ཁོང་གི་གྲོགས་སུ་འགྱུར།།
ཉོ་ཚོང་གཤའ་མའི་བརྗེ་རེས་ཕྱོགས་ལས་རྒྱལ།།
གཏའ་མའི་རླངས་འཁོར་ཙམ་ཞིག་ངོམ་ལེ་མིན།།
ཐད་གཏོང་ནང་ནས་ཉིན་མཚན་བཏང་ལེ་མིན།།
དུས་རབས་ཆེན་པོའི་འཇུག་ངོགས་བརྒལ་བྱས་ཏེ།།
ནོར་ཉམས་ཆོད་ཅིང་ཕྱུག་པོའི་མདུན་གྲལ་ཟིན།།
དཔང་རྟགས་ཚད་ལྡན་ཚོང་ཡིག་ཁ་ཡང་ཚང་།།
འཕྲི་སྣོན་སྒྱུར་བགོའི་རྩིས་གཉེར་ཚགས་ཀྱང་དམ།།
འབེལ་འབེལ་ལྷུག་ལྷུག་བརྒྱ་ལོར་ཅི་བས་མང་།།
མ་རྩན་ཅན་གྱི་གཏེར་བདག་རེད་ཅེས་བསྔགས།།
རྩ་ཆེའི་གོ་སྐབས་མི་འཆོར་ལག་རྩེར་འཁོར།།
ཚྭ་ཁུ་རྐང་འབོབ་ཙམ་གྱི་ཨག་འབོད་མིན།།
འཛའ་ཐང་མ་གནས་ས་ཡ་བྱེ་བར་བརྩི།།
ཝུ་ཆང་ཁྱེའུ་སུས་འུར་ཚོ་ཅང་མ་རེད།།
གཞི་གྲངས་ཐོན་སྐྱེད་རྩིས་ཁྲའི་དོ་ནན་ལ།།
ཟོང་རྟགས་རྒྱུ་སྤུས་བེད་སྤྱོད་ཚད་རིམ་སྦྲེལ།།
འལ་འོལ་ཁྲལ་ལས་འགྲོ་བའི་གནས་མེད་གཤིས།།
གཡོ་སྒྱུའི་དྲྭ་རྐུན་ཚོགས་དང་བསྡུར་ཐབས་བྲལ།།
ར་རོར་སྒྱུར་བྱེད་ཆང་སོགས་སྤངས་པ་དང་།།
ལག་རོགས་ངན་པའི་དབང་དུ་ཡེ་མི་འགྲོ།།
ཤོ་རྩེད་རྒྱལ་འཇོག་དོར་པའི་ཚུལ་ལྡན་བུ།།
སངས་རྒྱས་རྒྱ་མཚོ་འདྲ་བ་རབ་ཏུ་དཀོན།།
ལྷོད་ལ་ལྷུན་ཆགས་མི་ཡང་དལ་མོ་ཡིན།།
ཨ་ཁུ་ཨ་ལགས་ཚོ་དང་འབྲེལ་བ་བཟང་།།
ཧང་འགྲོས་རྫིག་མདོག་སྟོན་པའི་གྲས་ཀྱང་མིན།།
ཨ་ཅེ་ཆོས་སྒྲོན་ལགས་ལ་ལྷག་པར་བསྟུན།།
༢༠༢༤.༩.༡༢
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།