སྙན་ངག་བདམས་བཀོད།
01 ཁ་བ་དང་གྲོགས་པོ་དག
ཁ་བའི་འདབ་ལོ་ཞིག
སླེབས་འཕྱི་བའི་སོས་ཀའི་བར་སྣང་ནས་གར་དུ་རྩེན
སྣང་ཚུལ་དེ་དང་ལྷན་དུ རེག་བྱ་གྲང་མོ་ཞིག
རྐང་མཐིལ་ནས་སྤྱི་གཙུག་བར་འཁྱུག་ཙམ་འཁྱུག་ཙམ་གྱིས
ངལ་དུབ་ཀྱི་ལུས་པོར་སྐད་ཅིག་མའི་སྦྱོང་བརྡར་གཞན་ཞིག་ཐོབ
གྲོགས་པོ་དག སྐུད་སྣེ་གང་ཞིག་གི་སྦུབས་སུ་འཛུལ་ཏེ
སྐད་འཕྲིན་གྱི་གཞིས་ཁྱིམ་ལ་ཁ་བརྡའི་དྲོད་ཁོལ་བསྐྱིལ
སྣང་ཚུལ་དེ་དང་ལྷན་དུ བརྩེ་བ་དྲོན་མོ་ཞིག
སེམས་པའི་གཏིང་རོལ་ནས་ཁད་ཀྱིས་འཕགས་ཏེ
སུན་སྣང་གི་ཚོར་བར་རྟག་བརྟན་གྱི་སྤྲོ་བ་གཞན་ཞིག་བརྟས
དེ་རིང རྒྱུན་ལྡན་མིན་པའི་མྱོང་བ་རིགས་གཉིས་ཀྱི་རྐྱེན་པས
བདག་གི་རྩ་ལམ་ཧྲིལ་བོར་འགྲོས་སྟབས་གཞན་ཞིག་མཆེད
ཁ་བ མཚམས་མི་ཆད་པར་བབས་ཏེ་ཆུ་རུ་བཞུར
ལབ་གླེང མངོན་ལྐོག་མེད་པར་གློད་དེ་གཡང་དུ་འཁྱིལ
ཁ་བའི་འཕུར་ལྡིང་གི་གར་སྟབས་ཁྲོད་ན
གྲོགས་པོ་ཚོའི་ནར་སོན་གྱི་འཚོ་བའི་འཁྲབ་ཚན་ཡོད་དེ
རླུང་འཚུབ་དང་རྔུལ་ཆུ་ཡི་སྐྱོ་གར་ཡོད་ལ
ཉི་འོད་དང་གྲུབ་འབྲས་ཀྱི་སྤྲོ་གར་ཡང་ཡོད
དུས་ཚིགས་འདིར ནམ་ཟླའི་འགྱུར་བག་ཤིན་ཏུ་རྒོད་ཀྱང
གྲོགས་པོ་དག་སྔར་བཞིན་མེ་ཐབ་འགྲམ་དུ་བསྒོངས་ཏེ
རུས་རྐང་གི་སྐད་ཆ་དག་སྣུམ་ཤིག་གེར་ལབ་ཀྱིན་ཡོད
ཆང་དང་ཚོར་བ་མཉམ་དུ་བསྲེས་ཏེ་ལབ་ཀྱིན་ཡོད
ཕྱི་རོལ་གྱི་ཁ་བས་ས་ཆེན་པོའི་བགྲོད་ལམ་བསུབས་ཀྱང
ཁ་བའི་ཁྲོད་དུ གྲོགས་པོ་ཚོར་ལམ་བུ་གཞན་ཞིག་ཡོད་ངེས
དཀར་ཞིང་གཙང་ལ་ལྗན་ལྗིན་གྱིས་མ་གོས་པའི
ཁ་བ་བཞིན་གྱི བྱིས་དུས་ལྟ་བུའི
ང་ཚོ་ཁོ་ནར་དབང་བའི་འཇུག་ངོགས་གཞན་ཞིག་ཡོད་ངེས
02 ཞོགས་ཟས་ལ་རོལ་བ།
མདང་གི་རྨི་ལམ་ཚོན་པོ་དག་ཕར་ལ་གཡུགས་ཏེ
སྒེའུ་ཁུང་ངོགས་སུ་ལྷུང་བའི་ཉི་ཐིགས་བསིལ་མོ་དག
ཚུར་ལ་བསུས་ཤིང ཇ་ལོ་དང་ལྷན་དུ་སྦངས་ཏེ
ཚ་བེར་རེར་བཏུང་ན་འདོད་བྱུང
ཉིན་གཅིག་གི་ངལ་དུབ་དང་སུན་སྣང་ཡོད་ཚད
གོ་རེ་ཐལ་སྐྱ་འདིའི་གསེང་དུ་གཅུད་དེ
ཆུ་ཁོལ་གྱི་རམ་འདེགས་ལ་བརྟེན་ནས
བདེ་འབོལ་ལེར་ཁོག་ཏུ་མིད་ན་བསམ་བྱུང
ལུས་ཀྱི་ཚ་དྲོད་འཕེལ་བ་བཞིན
ཟས་ཀྱི་འཇུ་སྟོབས་རྒྱས་པ་བཞིན
ཞོགས་པ་འདིའི་ངར་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་རྗེས
ད་གཟོད དེ་རིང་གི་འཆར་གཞི་གསར་བར་སྟ་གོན་བྱ
མི་ཁོམ་པ་ཟས་སུ་རོལ
སྡུག་བསྔལ་བཏུང་བྱར་སྤྱོད
ཞོགས་པའི་དག་གཙང་གི་ངོས་ཐ་དག
ནང་གི་སྣོད་དུ་བཅུག་སྟེ་ཉར་ཚགས་བྱ
དུས་ཚོད་ཀྱི་སྒྲོག་གུ་རེ་རེ་དལ་གྱིས་གཏོར་ཏེ
ཡན་ལག་གི་འགུལ་སྐྱོད་ལ་སྟབས་བདེ་བསྐྲུན
རང་གི་འགན་འཁྲི་ལ་དཔུང་འཇུག་བྱ
མི་ཚེ་འདིར
རྨི་ལམ་གྱིས་རྒྱབ་ནས་འཐེན
མ་འོངས་པས་མདུན་ནས་འབོད
ཐག་འཐེན་གྱི་རོལ་རྩེད་དང་མཚུངས་པའི་ཞོགས་པ་རེ་རེ
ཧ་ཅང་རྒྱུན་ལྡན་ངང་ཕར་ལ་བསྐྱལ་རྗེས
རང་ཉིད་གཞི་ནས་རྒས་འགྲོ་ཞིང
ལས་འཕྲོ་ཐམས་ཅད་རེ་ཞིག་རྫོགས་འགྲོ་ཨང
03 རྒྱུགས།
འདྲི་གཞི་རེ་རེའི་ཕར་ངོགས་ན
ངོ་མཚར་བའི་ཁང་བ་རེ་རེ་ཡོད
ཁང་བ་དེ་ལ་སྒེའུ་ཁུང་ཧ་ཅང་མང་ཡང་སྒོ་གཅིག་ལས་མེད
ཁྱོད་རང་ལམ་བར་ནས་ཐང་ཆད་ན
ཁང་བ་དེ་ལ་གནས་ཚང་གཡར་ཆོག
ཡིན་ན་ཡང
ཁང་བ་དེའི་སྒོ་དང་སྒེའུ་ཁུང་ནམ་ཡང་དམ་པོར་རྒྱབ་ཡོད་ལ
ཉེ་གན་ཐམས་ཅད་མུན་པས་བཅུམས་ཡོད
མུན་པའི་རང་ལམ་གཤགས་ཏེ་སྒོ་མོ་འབྱེད་མཁན
ཁྱོད་ཁོ་ན་མ་ཡིན་པར
དུས་ཚོད་ཀྱི་ལྕག་གིས་ཡང་ཡང་བསྐུལ་བའི
དབྱར་གཞུང་འདིའི་སྐྱ་མི་ཡོད་ཚད་དོ
མ་གཞིར ཁྱོད་ཀྱི་ལག་གི་སྨྱུ་གུ་ནི་ལྡེ་མིག་ཡིན་ལ
རྒྱུགས་ཤོག་སྟེང་གི་འདྲི་གཞི་རེ་རེ་དཔལ་འབར་ལགས་པས
ཁྱོད་ཀྱིས་རང་གི་བློ་སྟོབས་ལ་བསྟེན་ནས
མུན་པ་བསལ་ཏེ་ཁང་བའི་སྒོ་མོ་གང་འདོད་དུ་དབྱེ་ཆོག
ཁང་བ་དེའི་ཡང་ཕར་ངོགས་ནི
མུ་མཐའ་བྲལ་བའི་སྤང་ཐང་ཞིག་ཡིན
ཁྱོད་ཀྱིས་ངལ་གསོའི་དབུགས་དབྱང་ཐེངས་གཅིག་བྱས་རྗེས
ཡང་བསྐྱར་བརྩོན་པའི་རྟ་ལ་བཅིབས་ཏེ་འདུར་དགོས་ཨང
04 ཟླ་གསུམ་པ།
ཟླ་གསུམ་པ་ནི
རླུང་འཚུབ་ལྡང་རྗེས་ཀྱི་ནམ་ཟླ་སྐྱ་བོ་ཞིག་ཡིན
གྱོན་གོས་བོར་སྟོར་བྱུང་བའི་རི་རབ་དམར་རྗེན་ཞིག་ཡིན
གཙང་བོའི་རབ་ཁ་ཐེད་པའི་གྲམ་གཞུང་མུག་པོ་ཞིག་ཡིན
ཟླ་གསུམ་པས
ལྗང་མྱུག་གི་སྐྱེ་འཚར་ཞིག་སེམས་ཀྱིས་རུམ་ཡོད
ཐེག་དཀའ་བའི་ལྗིད་ཚད་ཅིག་ཕྲག་པར་དཔྱངས་ཡོད
དབྱངས་ཀྱི་ང་རོ་ཞིག་ལ་རྣ་བ་བླགས་ཡོད
ཟླ་གསུམ་པ མི་རྣམས་ཀྱི་སེམས་ཁམས་བཞིན
ལོ་ཟླའི་ཧྲག་བར་དུ་ཤུགས་ཀྱིས་འཚང་སྟེ
དགའ་སྐྱོའི་དབུགས་རྒྱུན་དང་ལྷན་དུ་འདྲེས་སོང
ཟླ་གསུམ་པར
དབྱར་མགོ་མའི་སྐྱ་མདའ་བཀྱགས་ཀྱང
མི་སེམས་ཀྱི་ཁ་བ་སྔར་བཞིན་མཐུག
རླུང་འཚུབ་ཀྱི་ངར་ཁ་སྔར་བཞིན་རྒོད
ཟླ་གསུམ་པས ཉིན་མཚན་གཉིས་གཅིག་ཏུ་བསྲེས་ཏེ
ཁོར་ཡུག་ལ་མིག་ཟུང་གཞན་ཞིག་སྤྲད
ཟླ་གསུམ་པས ཆུ་ཚོད་ཀྱི་བགྲོད་པ་མགྱོགས་སུ་བཏང་སྟེ
མི་སེམས་ལའང་སྣང་བ་གཞན་ཞིག་བསྐྲུན
ཟླ་གསུམ་པ་གློག་བཞིན་འཁྱུག་པས
བྲེལ་འཚུབ་ཀྱིས་སླེབས་ཏེ་ཞེད་སྣང་གིས་བུད་འགྲོ
ཟླ་གསུམ་པ་རླུང་བཞིན་གཡུགས་པས
ཁང་ཁྱིམ་སྟོང་བར་ཞེན་ཏེ་མལ་གདན་འཁྱག་པོར་གླན་སོང
ཏག་ཏག་ཟླ་གསུམ་པས དྲན་པ་ཡོད་ཚད་མདུན་དུ་བསུས་ཏེ
སེམས་པ་འཁྱག་ལ་འབྱར་བའི་སྙན་ངག་པ་ཞིག་ལ
སྙན་ངག་གི་མེ་དཔུང་དྲག་ཏུ་སྦར་སོང
05 བཀྲ་ཤིས་པའི་གསོལ་སྟོན།
—མ་ཡུམ་སློབ་གྲྭ་གཙོས་བོད་རིགས་སློབ་འབྲིང་བཙུགས་ནས་ལོ་འཁོར་སུམ་ཅུ་ལོན་པའི་རྟེན་འབྲེལ་ཏུ་ཕུལ་བ།
དེ་རིང་མཁའ་ལ་ཉི་འོད་ཀྱི་སེར་སྦྲེང་བསྒྲིག་པའི་ཉིན་མོ
དེ་རིང་བར་ལ་སྤྲིན་དཀར་གྱི་འཇའ་འོད་འཁྱུད་པའི་ཉིན་མོ
དེ་རིང་ས་གཞིར་བཀྲ་ཤིས་དུས་སྟོན་གྱི་དགེ་མཚན་འབར་བའི་ཉིན་མོར
ང་ཚོས་ངག་གི་སྒོ་འཕར་ཡངས་པོར་ཕྱེས་ཏེ
ཁྱེད་ཀྱི་ལོ་འཁོར་སུམ་ཅུའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ
ང་ཚོས་ཆེས་ཐོག་མའི་གོམ་ཁ་ཁྱེད་ལ་བསྒྱུར་དུས
ཁྱེད་ནི་བྱམས་བརྩེའི་འཛུམ་གྱིས་བསུ་བའི་ཨ་མ་ཞིག
ང་ཚོས་ཆེས་མཐའ་མཇུག་གི་ཕྱིར་མིག་ཁྱེད་ལ་འཕེན་དུས
ཁྱེད་ནི་འདུན་མ་གྲོས་སུ་འདེབས་པའི་ཨ་ཕ་ཞིག
མ་ཡུམ་ལགས གཙོས་བོད་རིགས་སློབ་འབྲིང
དེ་རིང་ང་ཚོས་ཁྱེད་ལ་སྙིང་ནས་གུས་འདུད་ཞུ
ཁྱེད་ནི་སྐྱེས་ཆེན་སུ་ཞིག་གི་བློ་སྤོབས་ལས་འཁྲུངས་པའི
ཤེས་རིག་གི་ཕ་མཁར་སྨུག་པོ་སྟེ
སྐད་དང་ཡི་གེའི་བླ་སྲོག་གི་གཟུངས་ཐག་དམ་དུ་བསྡམས
སྲོལ་དང་རིག་པའི་ཕྱག་རྒྱུན་གྱི་གཙང་བོ་རྒྱང་དུ་བསྲིངས
ཡབ་མེས་ཚོའི་བློ་གྲོས་ཀྱི་ཉིང་བཅུད་བཙགས་པའི་གསེར་ཞུན་འདི་ན་འཁྱིལ
རྗེས་རབས་པའི་ཐོས་བརྩོན་གྱི་རྔུལ་ཁྲག་བསྲེས་པའི་སྣང་བརྙན་འདི་ན་གསལ
གནས་འདི་ནས ཕ་མ་ལྟ་བུའི་དགེ་རྒན་དག་གིས
ཤེས་རིག་གི་བཙན་ས་བརྟན་པོར་བསྲུངས་ཤིང
ལྷག་བསམ་གྱི་ས་བོན་གངས་ལྗོངས་ཀྱི་ཞིང་སར་བསྟོར་ཏེ
དགེ་ལས་ཀྱི་ལྗང་མྱུག་གསར་བའི་དཔྱིད་དཔལ་མངོན་པར་བཞད་མྱངས
དོན་གཉིས་ཀྱི་འབྲས་བཟང་དུད་པའི་ལྗོན་ཤིང་ཚར་དུ་དངར་མྱངས
གནས་འདི་ནས ཕུ་ནུ་མིང་སྲིང་ལྟ་བུའི་སློབ་རྒྱུན་པ་ཚོས
གུས་སྲོལ་མེ་ཏོག་གི་བཞིན་མདངས་མཛེས་པར་ངོམ་ཞིང
བརྩོན་པའི་ཆུ་རྒྱུན་གྱི་རླབས་སྒྲ་མཐོ་རུ་བསྒྲགས་ཏེ
ཡབ་མེས་གོང་མ་དམ་པའི་བཞུད་ལམ་རྡོག་པས་མནན་མྱངས
མཛའ་མཐུན་སྤོབས་པའི་དཔུང་རྡང་གཅིག་ཏུ་སྦྲེལ་མྱངས
ཟླ་དགུ་བའི་སྟོན་འབྲས་ཁུར་གྱིས་དུད་པའི་དུས་ཚིགས་འདིར
གཙོད་ཁྱུ་རྫ་ལ་གཤར་སའི་གནའ་བོའི་ཡུལ་ལུང་འདི་རུ
བརྟན་བརླིང་གོས་སུ་གྱོན་པའི་དུང་ཕྲུག་རི་བོའི་འདབས་སུ
སྲས་མཁར་དགུ་ཐོག་གི་བྱིན་རླབས་ཀྱི་ཉི་འོད་འཕྲོས་པའི་ཚོགས་ཞིང་དུ
ཁྱེད་ཀྱིས་ལོ་འཁོར་སུམ་ཅུའི་ཕུན་ཚོགས་ཀྱི་གསོལ་སྟོན་བཤམས་སོང
དེ་རིང ཁྱེད་ཀྱི་ནམ་མཁའ་ན་ཉི་གཞོན་གྱི་འཛུམ་ཞལ་ལྷུག་པར་གྲོལ་ཞིང
དྲོད་འཇམ་གྱི་ཟེགས་མ་ཆར་དུ་བསྙིལ
དེ་རིང ཁྱེད་ཀྱི་བར་སྣང་ན་སྤྲིན་དཀར་གྱི་འགྱུ་བ་ཤིན་ཏུ་རྒོད་ཅིང
འཇའ་ཚོན་གྱི་རི་མོ་ཐགས་སུ་བཀྲ
དེ་རིང ཁྱེད་ཀྱི་ཕང་བ་རུ་དུས་སྟོན་གྱི་ཡོ་ལང་རབ་ཏུ་རྒྱས་ཤིང
ཕྱོགས་ཡོངས་ཀྱི་སྐུ་མགྲོན་སྤྲོ་དགས་མྱོས
ཁྱེད་ཀྱི་ཐོང་ག་ནས་རྒྱང་དུ་ཆས་སོང་བ་ཡོད་ཚད
ཁྱེད་ཀྱི་རུམ་ཁོང་དུ་སླར་ལོག་ཟིན་པ་ཡོད་ཚད
ཁྱེད་ཀྱི་ཐུ་འོག་ན་ནར་སོན་གྱིན་པ་ཡོད་ཚད
དེ་རིང མ་ཡུམ་སློབ་གླིང་གི་གདན་ཐོག་གཅིག་ཏུ་འཛོམས་ཏེ
ཁྱེད་ཀྱི་དུས་གསུམ་གྱི་བགྲོད་པ་སེམས་ཀྱིས་འཇལ་དུས
ང་ཚོར་ཉམས་དགའ་བའི་བདེ་ཚོར་གཞན་ཞིག་སྟེར་ངེས
ཁྱེད་ཀྱི་གཏོས་ཆེ་བའི་གཟི་དཔང་དང་དེའི་ཕ་རོལ་གྱི་བྱུང་བ་ཡོད་ཚད
དེ་རིང་འདི་ལྟར་ཚང་མའི་སྤྱན་གྱི་དགའ་སྟོན་དུ་གཅལ་དུ་བཀྲམ་དུས
ཁྱེད་ཀྱིས རླབས་ཆེ་བའི་ལས་དོན་ཞིག་ཕྱག་ཏུ་བཞེས་ཟིན་པ་རྟོགས་ཤིང
ཁྱེད་ཀྱིས ཐེག་དཀའ་བའི་འགན་འཁྲི་ཞིག་ཁུར་དུ་འཁྱེར་བཞིན་པ་ཤེས་ལ
ཁྱེད་ཀྱིས བློར་མི་ཤོང་བའི་ཕུགས་འདུན་ཞིག་རྒྱང་ལ་བྱེར་བའང་ཚོར་ཐུབ
ཁྱེད་ཀྱི་འདས་མ་ད་གསུམ་གྱི་མཚར་སྡུག་གི་ཞིང་བཀོད་དེ་ན
ཕྱོགས་ཀྱི་བུང་བ་དང་མཚུངས་པའི་བློ་གསལ་གྱི་གཞོན་ནུའི་ཚོགས
སྔར་བཞིན་ཡིད་ཆེས་དང་སྤོབས་པས་ཕྱོགས་ཏེ
མཛའ་མཐུན་དང་བརྩོན་པས་བསྐྱོད་དེ
ཁྱེད་ཀྱི་མཚན་སྙན་དགུང་ལ་བསྟོད་ཀྱིན་ཡོད
ཁྱེད་ཀྱི་མངའ་ཐང་ཕྱོགས་བཅུར་སྤེལ་གྱིན་ཡོད
དུས་ནམ་ཡང ཁྱེད་ལ་བསྙེག་ཅིང་འོང་གིན་པ་ཡོད་ཚད
ཁྱེད་ཀྱི་འདས་སོང་གི་གཟི་བརྗིད་ཁོ་ནས་ཡིད་དྲངས་པ་ག་ལ་ཡིན
ཁྱེད་ཀྱི་ཕང་བར་གླན་པའི་ལོ་ཟླ་ལ་ཕྱིར་དྲན་ཐེངས་ཤིག་དང
ཕྱིར་དྲན་གྱི་གཏམ་རྒྱུད་ཁྲོད་ནས་སེམས་ངལ་ཐེངས་ཤིག་གསོ་འདོད་པ་ཡིན
ཉི་མའི་གཟི་བྱིན་ལ་འགྲན་བཟོད་པའི་ཁྱེད་ཀྱི་མཛད་འཕྲིན
མཐའ་དབུས་མེད་པའི་འཛིན་མའི་ཁྱོན་ཡོངས་སུ་ཁྱབ་པར་ཤོག
ཟླ་བའི་འཛུམ་དཀར་གྱིས་མཛེས་པར་བརྒྱན་པའི་ཁྱེད་ཀྱི་བྱམས་བརྩེ
རྨ་འབྲི་གཙང་བོའི་རྒྱུན་དང་འགྲོགས་ཏེ་བཞུར་བར་ཤོག
སྐར་མའི་མཆོད་སྤྲིན་གྱི་འདུ་ལོང་རྒོད་པའི་ཁྱེད་ཀྱི་བུ་སློབ
ནམ་མཁའི་ཁྱིམ་རྒྱུད་གཅིག་ལྟར་གཏན་དུ་འཁོར་བར་ཤོག
སྒང་ཆུ་མིག
མིང་དངོས་ལ་བན་དེ་ཚེ་རིང་ཟེར་ཞིང་། ལོ་རབས་བརྒྱད་ཅུ་བར་མདོ་ལྷོའི་གཙོས་ཀྱི་ཆར་གཏོགས་ཁ་གྱ་སྟོད་ནས་སྐྱེས། ༢༠༠༧ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིགས་པའི་སློབ་གླིང་ནས་མཐར་ཕྱིན་ལ། སྔ་ཕྱིར«སྦྲང་ཆར»དང«བོད་ཀྱི་རྩོམ་རིག་སྒྱུ་རྩལ»«ཟླ་ཟེར»«གངས་རྒྱན་མེ་ཏོག»«མཚོ་སྔོན་བོད་ཡིག་གསར་འགྱུར»སོགས་བོད་ཁུལ་གྱི་དུས་དེབ་དང་ཚགས་ཤོག་མང་བོའི་སྟེང་དུ་རང་ཉིད་ཀྱི་ཚོར་འདུའི་ཡིག་འབྲུ་ཡི་ས་བོན་གཏོར་མྱངས་པ་མ་ཟད། ༢༠༡༦ལོར་ཟླ་ཟེར་ལོ་འཁོར་སྙན་ངག་གི་བྱ་དགའ་དང་། ༢༠༡༧ལོར་རྒྱལ་ཡོངས་བོད་ཀྱི་སྙན་རྩོམ་འགྲན་སྡུར་ཁྲོད་ཕུལ་བྱུང་གི་བྱ་དགའ་ཐོབ་མྱངས། ད་ལྟ་ཀན་ལྷོ་ཁུལ་གཙོས་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་མུས་སུ་མཆིས།
འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག
འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག
རྩོམ་སྒྲིག་པ། རླུང་ནག་འཚུབ་མ།
འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།