[ལྷུག་རྩོམ] དཔེ་སྒྲོམ་འཁུར་བའི་མི་ཕོ། | ཁ་སྒང་སྟག་འབུམ་རྒྱལ།

教育   2024-10-16 08:13   甘肃  





ལྷུག་རྩོམ་པདྨའི་ཟེའུ་འབྲུ།‍‍‍







    སྤྱི་ཚོགས་ཐོག་གི་མི་སྣ་མང་པོ་ཞིག་དང་སློབ་གྲྭའི་ནང་གི་སློབ་མ་མང་པོ་ཞིག་ནས་ཡི་རང་དང་དད་སྨོན། བསྟོད་བསྔགས་ཀྱི་སྐྱེས་འབུལ་སེར་སྣ་མེད་པར་བྱེད་ཀྱིན་འདུག རྒྱུ་མཚན་ག་རེ་ཡིན་ནམ་ཞེས་ངས་ཀྱང་ཐེངས་མང་པོར་ནན་གྱིས་ཉན་ནས་ཞིབ་ཏུ་བལྟས་པ་ཡིན།

   ང་ལ་མཚོན་ན་དཔེ་ཁྲིད་ཀྱི་སྦྲང་ཆང་འཐུང་བའི་སློབ་མའི་ལས་སྐལ་ནི་མ་བྱུང་། དཔུང་གཤིབ་དང་ལག་རྡང་སྦྲེལ་བའི་མཛའ་མཐུན་གྱི་གྲོགས་པོར་ཡང་མ་གྱུར། འཛུམ་དམུལ་གྱི་ལགས་སོ་འབུལ་སའི་དབང་འོག་གི་ལས་ཀའང་མ་བྱས། ངོ་ཐུག་དུས་སྤྱིར་བཏང་གི་འཚམས་འདྲིའི་ཁ་བརྡ་ཐུང་ཙམ་ལས་འབྲེལ་འདྲིས་རྒྱུན་འོང་མེད་པའི་དགེ་གྲོགས་ཕལ་བ་ཞིག་སྟེ། རྒྱུས་ཅིའང་མེད་ཟེར་ན་ལོ་འདི་འགར་མཉམ་འཇོག་དང་དོ་སྣང་རེ་བྱེད་མགོ་བརྩམས།
    ང་རང་འབུམ་རམས་སློབ་མའི་སྐབས་ཤིག་ལ་སློབ་གྲྭ་གང་ནས་ཡིན་ཞེས་པའི་སྐད་ཆ་ཞིག་དྲིས་བྱུང་། ནུབ་བྱང་མི་རིགས་སློབ་ཆེན་ནས་ཡིན་ཞེས་པས་ཡང་བདུད་ལྷ་རྒྱལ་གྱི་བདུད་ཕྲུག་ཅིག་མིན་འགྲོ་ཟེར། ན་ནིང་དབྱར་ཁར་སྒེར་འཁོར་བཏང་སྟེ་མདོ་དབུས་ཁམས་གསུམ་གྱི་ལུང་པ་ཁ་ཤས་ལ་ལྟ་སྐོར་གྱི་ལམ་དུ་ཕ་ཡུལ་ནང་ཆེན་ནས་དབུས་ལ་འགྲོ་བའི་མཇལ་བ་ཁ་ཤས་དང་འཕྲད། གང་ཡིན་གར་འགྲོའི་ཁ་བརྡ་ཉུང་ཙམ་བརྒྱུད་ནུབ་བྱང་ན་དགེ་རྒན་བདུད་ལྷ་རྒྱལ་ཡག་པོ་ཡོད་རེད་ཟེར། ཡང་བདུད་ལྷ་རྒྱལ་གྱིས་ཅི་ཞིག་བཤད་ཀྱིན་འདུག་ཟེར། རྒན་བདུད་ལྷའི་རྩོམ་རིག་སློབ་ཁྲིད་ལ་ད་དུང་ཡང་ཉན་སྐལ་ཞིག་བྱུང་ན་ཟེར། སྔོན་ཆད་མཚན་སྙན་ཙམ་ལས་དངོས་སུ་དོ་སྣང་ཆེར་བྱེད་མ་ཐུབ་པའི་བསྟོད་སྨད་གཉིས་ཀྱི་གླེང་གཞིར་གྱུར་བའི་དགེ་རྒན་ཁོང་ལ་ངོས་ནས་རིམ་གྱིས་རྒྱུས་ལོན་འཕེལ།
    སྐབས་རེར་སློབ་མ་ཚོའི་སར་བཅར་ནས་ཁོང་དང་འབྲེལ་བའི་ཁ་བརྡ་མི་ཉུང་བ་ཞིག་བྱས་པ་ཡིན། ཚོགས་བརྡ་དང་མཉམ་དུ་སློབ་ཁྲིད་ཀྱི་གཞུང་དངོས་གཞིར་ཞུགས་ཏེ་གྲོལ་རག་བར་ཡུན་ཐུང་ཙམ་ལའང་འཕྲོ་བརླག་མི་གཏོང་བས། རྒན་ལགས་ནས་དུས་ཚོད་བརྒྱ་ཕྲག་གི་མང་ཁྲིད་བྱས་མེད་ཀྱང་དུས་ཚོད་གཅིག་གི་ཉུང་ཁྲིད་བྱས་མེད་ཅེས་ཟེར། འཁྲིད་བྱའི་གཞུང་གཅིག་ཡིན་ཀྱང་སློབ་སྐབས་དང་པོར་འཁྲིད་པ་དང་སློབ་སྐབས་གཉིས་པར་འཁྲིད་པ་གཉིས་ལ་གོ་རྒྱུ་ཤེས་རྒྱུ་ཁ་ཁར་འདུག་ཟེར། དངོས་གཞིའི་སྐབས་སུ་འཁྲིད་པ་དང་ཞིབ་འཇུག་སྐབས་སུ་འཁྲིད་པ་གཉིས་ལ་ཁྲིད་ཀྱི་ཐབས་དང་། འཁྲིད་བྱའི་གཞུང་། ཁྲིད་བྱེད་ངག་བཅས་ལ་ཟབ་ཚད་དང་གཏིང་ཚད་མི་འདྲ་བ་མཆིས་ཟེར། སྔ་དྲོར་ཐུན་བཞིའི་སློབ་ཁྲིད་བསྟུད་མར་ཡོད་ཀྱང་རྒན་ལགས་ཡུད་ཙམ་ལའང་ཙོག་པུར་ངལ་གསོ་བ་ཞིག་མཐོང་མ་མྱོང་ཟེར། ཁོང་གི་སློབ་ཁྲིད་ལ་ཉན་པ་ནི་བསོད་ནམས་ཀྱི་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཞིག་རེད་ཟེར།
    ཉིན་ཞིག་ངས་ཁྲིད་བཞིན་པའི་སློབ་ཁྲིད་དེ་གྲོལ་མ་ཐག་སློབ་མ་ཚོ་བྲེལ་བྲེལ་འཚུབ་འཚུབ་ངང་གཅིག་ལས་གཅིག་མགྱོགས་ངང་འཚང་ནས་རྒྱུག་འགྲོ་བཞིན་འདུག ཅི་རེད་དྲིས་པས་ཐུན་རྗེས་མར་དགེ་རྒན་བདུད་ལྷ་རྒྱལ་གྱི་རྩོམ་རིག་སློབ་ཁྲིད་ཡིན་ཟེར། ཕ་ཡུལ་རྒྱལ་མོ་ཚ་བ་རོང་ནས་ཡིན་པའི་སློབ་མ་གཉིས་དགུན་འཁྱག་ཅིག་ལ་སློབ་གྲྭའི་ཕྱི་ལོགས་ནས་ཁང་བར་དྲོད་རླངས་མེད་པ་ཞིག་གླས་ཏེ་བསྡད་འདུག རྒྱུ་མཚན་དྲིས་པས་དགེ་རྒན་བདུད་ལྷ་རྒྱལ་གྱི་སློབ་ཁྲིད་ལ་ཆེད་དུ་ཉན་པར་འོང་བ་ཡིན་ཟེར། ངོ་མ་དགེ་རྒན་ཞིག་ལ་མཚོན་ན་སློབ་མའི་ཁས་ལེན་དང་དགའ་བསུ་ཐོབ་པའི་སློབ་ཁྲིད་ཡག་པོ་ཞིག་གནང་ཐུབ་པ་འདིའི་ཡན་གྱི་དགའ་བ་དང་དོན་ཆེན་ཞིག་གང་དུ་མཆིས།
    སློབ་ཁྲིད་ཀྱི་རྒྱུ་སྤུས་ཉིན་མཚན་མཐུད་པའི་དཔེ་ཀློག་གིས་བསྐྱོར་ཅིང་། དཔེ་ཀློག་གི་སྙིང་སྟོབས་ལོ་ཟླར་བསྲིངས་པའི་སློབ་ཁྲིད་ཀྱིས་བསྐྱེད་པའི་སློབ་ཁྲིད་དང་དཔེ་གཟིགས་ཡ་མ་བྲལ་ཞིང་དེ་ལ་རྣམ་པ་ཀུན་ཏུ་སྐྱོ་ངལ་མེད་པ་སྟེ། ད་སྐབས་ཤོག་ངོས་གཅིག་བཀླགས་ཀྱང་ཡིག་འབྲུ་འགའ་བྲིས་ཀྱང་གནད་དོན་ག་གེ་མོར་ཨུ་ཚུགས་ཀྱིས་འཇུས་ཏེ་དཔྱད་རྩོམ་ཞིག་དང་ལས་གཞི་ཞིག་ཨེ་འཁྱོངས་ལ་དམིགས་ཡུལ་ཤུགས་ཆེ་བ་ལས། དཔེ་ཀློག་དེ་རང་གི་རྟོགས་པ་ཇེ་མཐོར་གཏོང་བའམ་སློབ་མར་དཔེ་ཁྲིད་ཡག་པོ་ཞིག་གི་ཆེད་དུ་རྩེ་གཅིག་ཏུ་བྱེད་མཁན་ཧ་ཅང་དཀོན། བརྩམས་ཆོས་གླང་རྒྱབ་ལོངས་པ་མངའ་ཡང་འཁྲིད་བྱ་ཉ་ཉོག་ཏུ་གྱུར་པ་མང་ཞིང་། ཐོབ་ལ་པ་པོ་མ་མོ་མང་ཡང་དགོངས་བྱར་རང་ཕན་འབའ་ཞིག་བརྣགས་པའང་ཉུང་ཉུང་ག་ལ་ཡིན། ཁོང་གི་སློབ་ཁྲིད་ཀྱི་སྐབས་དང་སྐབས་སུ་ཐོན་པའི་ལུང་འདྲེན་གྱི་བང་རིམ་དང་། བགྲོ་གླེང་དང་ཁ་བརྡ་ལས་མངོན་པའི་བསམ་གཞིགས་ཀྱི་གཏིང་ཚད། རྒྱུན་ལྡན་གྱི་བྱ་སྤྱོད་ཁྲོད་སྣང་བའི་མི་གཤིས་ཀྱི་བབ་བརླིང་སོགས་ལས་དགེ་རྒན་ཞིག་ལ་ངེས་པར་ཚང་དགོས་པའི་དཔེ་ཀློག་གི་སྟོབས་ཤུགས་ཤིག་མཐོང་ཐུབ་ཅིང་། དེ་ལྟ་བུའི་དཔེ་ཀློག་གི་གོམས་གཤིས་དེས་མི་སྣ་མང་པོ་ཞིག་ལ་བག་ཆགས་ཟབ་མོ་ཞིག་དང་། སྔོན་དང་ད་ལྟའི་མཁས་པ་མིང་དོན་ཅན་དེ་ཚོའི་སློབ་གཉེར་གྱི་གཟུགས་བརྙན་ཞིག་ཀྱང་མཐོང་དུ་བཏུབ་འདུག
    ཉིས་སྟོང་བཅོ་བརྒྱད་ལོ་ནས་ད་རག་བར་སློབ་གླིང་གཅིག་ནས་མཉམ་དུ་མི་ལོ་ཁ་ཤས་ཤིག་འགོར་ཚར། སྐབས་དང་སྐབས་ཀྱི་སྤྱི་བབས་ཀྱི་ལས་ཀའི་བཀོད་སྒྲིག་དག་ལ་མཉམ་པོར་ཞུགས། དུས་ནམ་ཡིན་ཡང་ལས་བཤོལ་མེད་པར་ཐོན་འོང་མཁན་དེ་ཁོང་རེད་འདུག ས་ཆ་གང་དང་ལས་ཁུངས་གང་ཡིན་ཡང་། རང་གི་ཁེ་ཕན་ལ་ཐད་ཀར་འབྲེལ་བ་ཡོད་པ་ཞིག་ལ་མ་གཏོགས་སྤྱི་ལས་ཤིག་ལ་མང་པོ་ཞིག་གིས་རྒྱུ་མཚན་ཞིག་བཙལ་ཏེ་དགོངས་པ་ཞུས་འགྲོ་བའམ། ཁ་གཡར་ས་ཞིག་བཙལ་ནས་གཡོལ་ཅི་ཐབས་བྱེད་མོད་ཀྱང་། སྤྱི་དོན་ལ་ཐུགས་གཙིགས་ཆེ་ཆུང་གི་ངོས་ནས་མི་ཞིག་གི་མཐོ་དམའ་ཡག་པོ་ཞིག་བསྟན་ཡོད་པ་ལྟར། ཁོང་གི་རྣམ་འགྱུར་འདི་དག་གིས་ཁོང་གི་མི་ཚེའི་སྣང་བརྙན་ལ་ཚོན་མདངས་གསར་བ་ཞིག་བྱུགས་འདུག་ལ། ཆབས་ཅིག་ང་འདྲ་ཕྱི་རབས་པ་དག་ལ་ཚ་བེར་བེར་གྱི་དྲི་བ་རྣོན་པོ་མང་པོ་ཞིག་ཀྱང་འཕངས་འདུག
    ངས་དཔོན་དང་ཚོང་བའི་ཚད་གཞི་ངོས་ནས་མ་ཡིན་པར་དགེ་རྒན་དཀྱུས་མ་ཞིག་གི་དྲང་ཐད་ནས་ཁོང་གླེང་འདོད་བྱུང་། ནང་ཚད་གཞུང་གི་མཐོང་སྣེ་ནས་མ་ཡིན་པར་དེང་རབས་རྩོམ་གྱི་སློབ་ཁྲིད་ཀྱི་ངོས་ཐད་ནས་ཁོང་འབྲི་འདོད་བྱུང་། ལྟ་ཚུལ་དང་ལངས་ཕྱོགས་ཀྱི་བཙན་ས་ནས་མ་ཡིན་པར་ཕྲག་བབས་ཀྱི་བྱ་བའི་རྣམ་འགྱུར་ངོས་ནས་ཁོང་ལབ་འདོད་བྱུང་། ཐོབ་དང་ཆེ་བའི་ངོ་སྲུང་ནས་མ་ཡིན་པར་དྲང་པོའི་ངག་གི་རྒྱུ་འབྲས་ལམ་ནས་ཁོང་རང་བསྟོད་འདོད་བྱུང་། ལྟ་ཚུལ་མི་མཐུན་ན་བརྒལ་བརྟག་གི་རིགས་པས་བརྩད་ཆོག་པས་ལྟ་ཚུལ་གྱི་ར་བ་བསྐོར་ནས་ཐན་འཁྱེར་གྱི་སྐད་ཆ་དག་རེ་ཞིག་སྤོངས་དང་། འཁྲིད་བྱ་མི་གཅིག་ན་སོ་སོ་རང་ངོས་ནས་རང་འབད་བྱ་ཆོག་པས་མཆོག་དམན་གྱི་ས་མཚམས་བཀར་ནས་ཆགས་སྡང་གི་ཕྱོགས་རིས་དག་རེ་ཞིག་སྤོངས་དང་། ལྟ་ཚུལ་དང་ལངས་ཕྱོགས་ཀྱི་བདེན་མིན་དཔྱད་ནས་རྩོམ་འདི་བྲིས་པ་མ་ཡིན་ཞིང་། འཁྲིད་བྱ་དང་བཙལ་བྱ་ཡི་ལྕི་ཡང་ཕྱེས་ནས་རྩོམ་འདི་བྲིས་པ་མ་ཡིན་པར། ཆེས་སྤྱིར་བཏང་གི་འབབ་ས་སྟེ་དགེ་རྒན་ཞིག་ལ་མཚོན་ན་སློབ་ཁྲིད་འཛོམས་པོ་ཞིག་དང་དཔེ་ཀློག་རྣལ་མ་ཞིག ཕན་སེམས་གཙང་མ་ཞིག་ལས་གལ་ཆེ་བ་ཅི་ཞེས་པ་དེའོ། །
    ངས་བསམ་ན་འདི་ནི་གང་ལའང་མི་ཐོན་ས་མེད་པའི་རང་སྒྲོག་པ་དག་གིས་ཇི་ལྟར་འབད་ཀྱང་མི་འོང་བའི་ཐོབ་དེ་རེད་བསམ་ལ། གང་ཡང་འཆད་མི་ཤེས་པ་མེད་པའི་ཆེད་མཁས་པ་དག་གིས་ཇི་ལྟར་ཀི་བཏབ་ཀྱང་མི་རེག་པའི་གནམ་དེ་རེད་བསམ་ཞིང་། གང་ཡང་མི་འཚོལ་བ་མེད་པའི་ཧམ་སེམས་ཅན་རྣམས་ཀྱིས་སྲོག་བསྔོས་ཀྱིས་བཙལ་ཡང་མི་རྙེད་པའི་ནོར་དེ་རེད་བསམ། ཡང་ན་མི་མང་པོ་ཞིག་ནས་བསྟོད་སྨད་དང་ཆགས་སྡང་གི་ཚོར་འདུ་སྣ་ཚོགས་སྤོ་བྱེད་ཀྱི་རྒྱུ་རྐྱེན་ངོ་མ་དེའང་རེད་བསམ།
    སྡེ་རྐེད་ན་ཆུང་མ་དང་མཉམ་དུ་ཞིང་འབྲེག་ལ་རྔུལ་ཆུས་བརླན་པའི་སོ་ནམ་པ་ཞིག་གམ། སློབ་ཁང་ན་ཤ་ཚ་དང་འགན་ཁུར་གྱིས་ཀྲོང་ངེར་བཙུགས་པའི་དགེ་རྒན་ཞིག་གམ། ཁྱིམ་ནང་ན་བུ་ཕྲུག་སློབ་གསོའི་བཅུད་རྐང་མ་བོར་བའི་ཕ་རྒན་དབུ་དཀར་ཞིག་གམ། གང་ལྟར་ཁྲིད་ཀྱི་སྟེགས་བུར་རྒས་པའི་མི་ལོ་སུམ་ཅུ། ད་དུང་གཞན་གྱིས་མ་ཐོན་པའི་དེང་རབས་རྩོམ་ཡིག་གི་དཔྱད་བརྗོད་དག


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།


ཕྱིར་མིག




ལྷུག་རྩོམ།

01 སེམས་འཕྲིན། གངས་དཀར་ལྷ་མོ།
02 འཕྲིན་ལན་ཟླ་གཉིས་ཉིན་ལྔ་མ། རླུང་ནག་འཚུབ་མ།
03 དྲན་གདུང་། འབུམ་རམས་པ་ཚེ་རྡོར།
04 སློབ་ཆེན་གྱི་དགེ་རྒན། འགྱན་སངས།
05 སྐབས་དགུ་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
06 སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
07 སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
08 སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
09 དེབ་གསར་འགྲེམ་སྤེལ་མཛད་སྒོའི་གཏམ་བཤད།
10 «ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས»ཀྱི་འགོ་བརྗོད།
11 རྗེས་སྙེག་སློབ་མ་སྐྱོང་བའི་འབོད་སྐུལ་དང་གླེང་བརྗོད།
12 བཅོས་མིན་གྱི་ལེགས་སྐྱེས། རླུང་ནག་འཚུབ་མ།
13 ཕུགས་འདུན། དཔལ་མོ་རྒྱལ། 
14 སྦྲ་ནག་གི་གྱེས་འབོད། འཇུ་སྐལ་བཟང་།
15 རང་ཁྱིམ། འཇུ་སྐལ་བཟང་། 
16 དྲན་པས་མ་ཟིན་པའི་སྐྱིད་གྲོང་། བུ་ཚེ་རིང་རྒན་པ།
17 «བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཀྱི་མགོ་བརྗོད།
18 «སྦྲང་ཆར»སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་རྟེན་འབྲེལ་ཞུ་ཚིག
19 ཕྱིར་ལོག་པ། སྐད་ཅིག་མ།
20 མདོ་ཁམས་ཀྱི་དགོན་སྡེ་དང་ཡུལ་གྲུ་ཁག་ཅིག་ལ་བསྐྱོད་པ།
21 བོད་ཡིག་སློབ་འབྲིང་གི་སྨུག་པ། ཧུ་ར་འཇའ་པེ།
22 ལྷ་སའི་ཇོ་བོའི་སྐུ་སྤུན། ཁྱུང་པོ་ཚེ་རིང་།
23 རྩོམ་འབྲི་བ་དེ་ལས་སླ་བོ་ཞིག་མིན་པར་སེམས། ལྗང་བུ།
24 གཡག་རྭ་ཆག ཅོ་ནེ་ཡུམ་ཚེ་རིང་།
25 དྲན་པ་ཐར་ཐོར། ཨ་བུ།
26 སྟོང་བསམ། ལྗང་བུ།
27 ཤད་དོར་བ་ནི་དོན་ལ་ཡི་གེ་དོར་བ་རང་རེད། མེ་ལྕེ།
28 དབུ་རུ་བྱང་དང་འཕན་ཡུལ་སོགས་སུ་བསྐྱོད་པའི་བརྗེད་བྱང་།
29 བྱིས་དུས། སྐལ་རྒྱམ། 
30 ལུང་པ་ཆུང་ཆུང་ཞིག་ཏུ་འབུམ་རམས་པ28བྱུང་བ།
31 དཀར་མཛེས་གེ་སར་རྒྱལ་པོའི་ནས་ཀྱི་རིག་གནས་སྤྱི་གླིང་།
32 ཨ་མར་འབྲུག་མཚོར་མཇལ་བའི་ཟིན་ཐོ།
33 དོ་ནུབ་ངས་ཁྱེད་རང་གླེང་། 
34 བོད་ཡིག་དགེ་རྒན་འགའ་ལས་བྱུང་བའི་གོ་རྟོགས།

@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章