[སྙན་ངག] སྒང་ལམ་པའི་ཉེ་བྲིས་སྙན་ངག་བདམས་བཀོད།

教育   教育   2024-11-02 09:57   甘肃  






སྙན་ངག་བདམས་བཀོད།






01 འཚོ་བའི་ངོ་བོ་དང་བདེན་པའི་ཁ་དོག‍‍


ང་ལ་དྭངས་གཙང་མི་དགོས།

ང་ལ་བདེན་པ་མི་དགོས།

ང་ལ་རྨི་ལམ་མེད་ཀྱང་ཆོག་སྟེ།

མི་རྟག་འཚོ་བའི་འདམ་ལ་འགྱེལ་དུས།

ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོར་གྲུབ།

ཡོད་ཚོད་མ་རིག་པའི་རྨོངས་པས་བཟུང་།


ང་ལ་ལེགས་ཉེས་ཀྱི་ཁྱད་པར་དགོས།

ང་ལ་རྒྱུ་འབྲས་ཀྱི་རིམ་པ་དགོས།

ང་ལ་དགེ་སྡིག་གི་དབྱེ་བའང་དགོས་མོད།

འཆི་བའི་གྲིབ་མས་ལུས་ཕུང་བཀབ་ཚེ།

འཕག་འཚག་དང་འོ་དོད་འབྲས་མེད་དུ་གྱུར།

སྐྱབས་བཅོལ་དང་སྨྲེ་སྔགས་ཀྱང་གཟུགས་མེད་དུ་ཟད།


ང་ལ་འདུ་བྲལ་གཉིས་ཀ་ཡོད་ཆོག

ང་ལ་བདེན་རྫུན་གང་རུང་དབང་ཆོག

ང་ལ་དགྲ་གཉེན་ཅི་རིགས་ཡོད་མོད།

འཇིགས་སྐྲག་གི་རྒོལ་བ་ལན་མང་བྱས་མཐར།

འཚོ་བའི་ངོ་བོ་དང་བདེན་པའི་ཁ་དོག་ཀྱང་།

འགྲེལ་མི་ཐུབ་པའི་ལྐོག་གྱུར་གྱི་ཐ་སྙད་དུ་གྲུབ།


02 འཁང་ཚིག


གྲོང་ཁྱེར་སྟོང་བ་ཞིག

ངའི་རྨི་ལམ་དུ་འཛུལ་བྱུང་།

འདས་དོན་སྐྱ་བོ་ཞིག་ཀྱང་།

ངའི་མིག་ལམ་དུ་མངོན་བྱུང་།


ཁ་སང་དང་དེ་རིང་། ད་དུང་།

སང་ཉིན་གྱི་འདམ་རྫབ་དུ་གོམ་པ་སྤོ་དགོས།

ང་ཚོས་རང་ཉིད་དང་འབྲེལ་བའི་རྫུན་དག

བདེན་པར་བཟུང་ནས་ལོ་དང་ཟླ་བ་ག་ཚོད་འདས།


མཚན་མོའི་ཁེར་རྐྱང་འོག་ནས།

ཕར་ཚུར་གྱི་སེམས་པ་ཡང་ཡང་བསྟན་ཚེ།

དོན་སྙིང་སྟོང་བའི་ཉིན་མོ་གང་མང་ཞིག

ཉམ་ཆུང་བའི་འཁང་ཚིག་བར་ན་ལུས་འདུག


03 སྟོན་རླུང་གི་མཇུག་མ་ཟད་པོ།


སྟོན་རླུང་གིས་དེད་པའི་ལོ་མ་དང་གད་སྙིགས།

ད་དུང་ཐ་སྙད་མང་པོ་ཞིག

ངའི་མཐོང་ལམ་དང་ཡིད་ལ་འཁོར་བྱུང་།

ཤིན་ཏུ་དལ་བའི་སྟོན་རླུང་ཡང་མོས།

ཡོད་ཚད་འཇིག་རྟེན་གྱི་སྣོད་ཆེན་ཞིག་ཏུ་བཅུག


སྟོན་རླུང་གིས་བཏེགས་པའི་ཟླ་བའི་ཞལ་ཁྱིམ།

མཚམས་སྤྲིན་གྱི་ཀློང་ན་ལྷོད་ཀྱིས་རྒྱུ་ཞིང་།

དྲོད་ཡལ་བའི་ཐ་སྙད་མང་པོ་ཞིག་ཀྱང་།

སྟོན་ཟླ་ཐ་མའི་ས་སྲོད་ཅིག་ལ།

གྲང་ཤུར་ཤུར་གྱི་ལྗོན་པའི་གསེབ་ཏུ་ཁྲིད།


འོད་ཀྱི་ཧམ་པ་ཇེ་ཞན་ནས་ཇེ་ཞན་དང་།

མུན་པའི་ཁ་ཞེང་ཇེ་ཆེ་ནས་ཇེ་ཆེར་གྱུར་དུས།

སྟོན་རླུང་གི་མཇུག་མ་རིང་མོས།

བསམ་གཞིག་གི་ལྗིད་ཚད་ཀྱང་།

སུས་ཀྱང་མི་ཐེག་པའི་གནས་སུ་བཏང་།

‍‍‍‍‍‍‍

04 པདྨ་ཚེ་བརྟན་བཀླགས་པ།‍‍‍


ཕྱི་དྲོ་དེར། ངས་བརྩམས་སྒྲུང་གི་ཕྱི་ནང་སློག་བཞིན།

སྙན་ངག་པ་དུར་ཁྲོད་དང་ཁྱེད་ཉིད་རྗེས་སུ་དྲན།

རྟོག་བཏགས་དང་ལྐོག་གྱུར་གྱི་གཏམ་རྒྱུད་མང་པོ་ལས།

མཚན་མོ་དང་སྙན་ངག ད་དུང་སྐྱེ་བ་དང་འཆི་བ་སོགས་རིམ་བཞིན་མཇལ་བྱུང་།


མཚན་མོ་དེར། ལྷིང་འཇགས་དང་ཟླ་བ་ཐོད་ལ་བཅིངས་ཏེ།

དུར་ཁྲོད་དུ་ཡོད་པའི་སྙན་ངག་པ་ཞིག་གི་ཚུལ་གྱིས།

བརྩམས་སྒྲུང་ཧྲིལ་བོའི་མགོ་རྐང་བསྒྲིགས་རྗེས།

ཁྱེད་རང་འདི་ལྟར་བཞུད་པར་ཕངས་སེམས་ཤིག་གཏིང་ནས་སྐྱེ།


ཡང་ཡང་བསམ་ན། ཞིབ་ཏུ་བསམ་ན།

ཁ་སང་། ཁྱེད་ཀྱིས་བཤད་འཕྲོར་ལུས་པའི་གཏམ་རྒྱུད་ཀྱི་སྣེ་ལ་འཇུས།

དེ་རིང་། ངས་ཀྱང་རྩོམ་འཕྲོར་ལུས་པའི་སྙན་ངག་གི་ཚིག་ལ་འཐམས།

སང་ཉིན། ང་ཚོས་མཉམ་དུ་འགྲོ་འཕྲོར་ལུས་པའི་ལམ་ཆེན་འོད་ཀྱིས་བཞེངས་ཆོག

                                

05 ཕུན་ཚོགས་དབང་རྒྱལ།


ལོ་རྒྱུས་ཀྱི་གས་སྲུབས་ནས་བརྡོལ་བའི་འོད་ཀྱི་འདབ་མ་དང་།

མདོ་སྟོད་མི་ཡི་ཆོལ་ཁའི་ཚེ་སྲོག་གི་དབྱངས་རྟ་གཉོམ་པོ་ཞིག

རིགས་རྒྱུད་ཀྱི་གླེགས་བམ་ཞིག་ཏུ་བརྩེ་བས་འཛུམ་བྱུང་།


མཚར་སྡུག་དང་གོད་ཆག་སྟོང་གི་ལམ་ཆེན་དུ།

གཏན་གྲོགས་དང་སྐྱབས་བཅོལ་ཅི་ཡང་མེད་ཀྱང་།

ང་ཚོའི་དཔལ་ཡོན་གྱི་མེ་ཕུང་ལ་ནམ་ཡང་གཟིམ་པ་མེད།


བདེ་སྡུག་གི་རི་མོ་མིག་གིས་འཚོ་ཞིང་།

གཏན་ཚིགས་ཀྱི་མདུད་པ་སེམས་ནས་གྲོལ་མཁན།

ཕུན་ཚོགས་དབང་རྒྱལ། མི་ཡུལ་གྱི་རིག་པ་འཛིན་པའི་ཕོ་རྒོད་ལགས།


གསེར་མདོག་གི་མི་ཡུལ་ལ་ཞབས་ཟུང་བཀོད་ཅིང་།

དུང་མདོག་གི་གངས་ལྗོངས་ལ་སྤྱན་ཟུང་བགྲད་དུས།

ང་ཚོའི་སེམས་ཁོང་གི་དེད་དཔོན་ཞིག་འདི་ལྟར་བཞུད།


06 རྔ་རྒོད་སྒང་།


མུན་པའི་ཧམ་པ་ཇེ་ཉེ་རུ་ཕྱིན་ནས།

མཐོ་ས་ནས་མཐོ་སར་འཕགས་པའི་ཉི་མ།

མིག་ཟུང་བཙུམ་ཐེངས་ཤིག་ལ།

ཕ་གིའི་རི་ཚོགས་ཀྱི་སྤྱི་གཙུག་ནས་བཞུད།


རྔ་རྒོད་སྒང་ནས། ལྷ་ཚོགས་ཀྱི་ཞལ་འཇལ་བྱུང་།

ལྷིང་འཇགས་ཀྱི་རི་སྒང་ནས།

ད་དུང་། ཆེས་མཐའ་མའི་ཉི་ཟེར་ལ་སྐྱེལ་མ་བྱེད་ཅིང་།

ངལ་དུབ་ཀྱི་སེམས་པ། བདེ་མོའི་མལ་དུ་ཆས་སོང་།


མཚན་མོའི་རྨི་ལམ་སློག་དུས།

ཟླ་འོད་དང་གློག་འོད་ཅི་ཡང་མེད་པས།

མི་ཡུལ་གྱི་མཚར་སྡུག་མིག་ལ་མ་ཐོགས།

ཡིན་ཡང་། རྔ་རྒོད་སྒང་ནས་དབེན་པའི་གསང་བ་མ་ལུས་ཡོངས་སུ་གྲོལ།


07 རྔ་རྒོད་ཟམ་པ།


རྨི་ལམ་ནང་གི་ཟམ་པ།

དུས་བཞིའི་ཚ་གདུང་དང་གྲང་ངར་ལུས་ལ་སྤྲས་ཤིང་།

ཡུལ་འདིའི་མི་རྣམས་ཀྱི་སྒལ་ཚིགས་ལྟར་འགྲེང་སྟེ།

འཇིག་རྟེན་གྱི་ལྗིད་ཚད་ཕྱེད་ཀ་ཐེག་ཅིང་།

ཆུ་ཆེན་གཉིས་ཀྱི་ང་རྒྱལ་རྡོག་པས་གནོན།


ཟམ་འོག་འདི་ནས།

ལོ་རྒྱུས་ཀྱི་ཆུ་ཐིགས་རླབས་ཀྱིས་བཏེགས་ཤིང་།

སང་ཉིན་གྱི་ཉི་འོད་ཐོད་དུ་བཅིངས་བཞིན།

ཆུ་ཆེན་གཉིས་ཕྱོགས་ནས་བསྡུས་ཤིང་གཅིག་ཏུ་བཞུར་ཚེ།

ཆུ་དང་ཟམ་པས་དུས་ཀྱི་སྙིགས་རོ་གཙང་སེལ་བྱས།


རྔ་རྒོད་ཟམ་པ།

མི་རབས་ནས་མི་རབས་ཀུན་ཏུ།

བགྲེས་པོ་ཞིག་གི་ངག་ན་བརྟན་ཞིང་བརླིང་།

རྐང་རྗེས་གྲངས་མེད་དང་གསང་བ་དམ་པོ་ཞིག

འདི་ན་ལུས་ཡོད་པས། འདས་དོན་གྱི་ཉི་ཟླ་རེས་སུ་འཁོར།


08 དུང་ཕྲུག་རི་བོ་བསྐོར་བ།


སྟོན་རླུང་མ་ལྡང་བའི་སྔ་རོལ་དུ།

སྤེན་མའི་མེ་ཏོག་ལ་གསེར་མདངས་མ་བོར་བའི་སྔ་རོལ་དུ།

ང་རང་རྒྱུས་ཡོད་ཀྱི་འགྲུལ་བ་ཞིག་གི་ཚུལ་གྱིས།

འདས་དོན་སྐྱ་བོ་དག་ལ་ཚོན་གྱིས་བྱུགས།


མི་ལོ་ལྔའི་སྔ་རོལ་གྱི་དྲན་པ་སྐྱོར་ནས།

ཚང་ཚིང་ནགས་ཀླུང་རྡོག་པས་གཞལ་ཏེ།

དུང་ཕྲུག་རི་བོ་གཡས་ནས་བསྐོར་ཞིང་།

ཁུ་སིམ་པའི་ཤིང་སྐས་ནས་མར་མར་བབས།


ལོ་ཟླས་ཁུར་བའི་གདུང་བ་རབ་རིབ་དེ།

མཚན་མོའི་སྨག་རུམ་ལས་ཀྱང་སྟུག་པས།

དེ་རིང་། ཡིད་ཀྱི་ཚིག་འབྲུ་རྗེན་པར་བཀོད་ཅིང་།

རེ་བའི་སང་ཉིན་ལ་མེ་ཁ་བགོས་པ་ཙམ་ལས་མ་འདས།

   

09 སྣང་བའི་ནམ་མཁའ།


གློ་བུར་གློ་བུར་དུ།

འཇིག་རྟེན་ལ་དོན་སྙིང་དབུལ་བའི་ཚོར་བ་ཞིག་གཏིང་ནས་སྐྱེས།

ཉི་ཟླ་དང་དུས་བཞིའི་འཁོར་འགྲོས་བར་ནས།

རང་ཉིད་ནི་ཇི་འདྲའི་ཉམ་ཆུང་བའང་གཞི་ནས་རྟོགས།


དཔྱིད་ཀ་སླེབས་བྱུང་།

དྲོད་སྣང་ཤར་བྱུང་།

ཚེ་སྲོག་ལ་བཀྲག་མདངས་རྒྱས་དུས།

སྣང་བའི་ནམ་མཁའ་དེའང་ཡངས་ཤིང་དྭངས་པར་གྱུར།


ཉིན་མོའི་རྨི་ལམ་ལ་འཁྲུལ་བའི་བུ་མོ་ཞིག

ཕྱི་ལོའི་དབྱར་ཟླ་ཚེས་དུས།

སུ་ཞིག་གི་ཆེདདུ་རྒྱང་དུ་ཆས་དགོས།

རབ་རིབ་ཀྱི་ལམ་དེར་ཞུགས་དགོས།


རླུང་གིས་དེད་པའི་དཔྱིད་ཀྱི་ལག་པ།

མེ་ཏོག་མ་འབུས་པའི་ས་སྟེང་དུ་བཞག་ནས།

ལུས་སེམས་གཉིས་ཀྱིས་སྒུག་པའི་དཔྱིད་ཀའང་།

ཉི་འོད་དང་རླུང་གིས་མི་ཡུལ་དུ་སྐྱེལ།


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།




སྒང་ལམ་པ།


       དངོས་མིང་ལ་བནྡེ་མཁར་དུ་འབོད་ཅིང་། 1997ལོའི་ཟླ་བཅུ་བར་ཀན་ལྷོ་གཙོས་སུ་སྐྱེས། 2018ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་རྒྱ་བོད་ལོ་ཙཱའི་ཆེད་ལས་ཀྱི་དངོས་གཞི་མཐར་ཕྱིན། 2022ལོར་སློབ་གྲྭ་དེ་ག་ནས་སྐད་བརྡ་རིག་པའི་ཆེད་ལས་ཀྱི་ཤེས་རམས་ཞིབ་འཇུག་སློབ་མ་མཐར་ཕྱིན། ད་ལྟ་ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་གྱི་རྩོམ་རིག་སློབ་གླིང་དུ་དགེ་རྒན་གྱི་ལས་ཀ་གཉེར་མུས་ཡོད།ཞོར་དུ་བོད་མིའི་རིག་གནས་དྲ་བའི་རྩོམ་རིག་ལེ་ཚན་གྱི་གཙོ་སྐྱོང་བའི་འགན་ཁུར་ཡོད། ད་ལྟའི་བར་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་ཁ་ཤས«མི་རིགས་ཀྱི་རྩོམ་རིག»དང«སྙན་ངག་བདམས་བཀོད» «བོད་ལྗོངས་རྩོམ་རིག» «ཟླ་ཟེར» «གངས་དཀར་རི་བོ»སོགས་དུས་དེབ་དག་ཏུ་སྤེལ་མྱོང་།





གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章