༡
སྙིང་ནས་བརྩེ་བའི་སློབ་གྲོགས་ལགས། ཁྱེད་ཚོ་ངལ་ཨེ་བྱུང་། གཡུ་ཡི་རལ་པ་ཅན་གྱི་གངས་སེང་ཞིག་འཚོལ་ཆེད་དམ། ཆལ་ཆིལ་དུ་འབབ་བཞིན་པའི་རྦབ་ཆུ་ཞིག་འཐུང་དོན་དུ། མཁས་དབང་དགེ་ཆོས་ལ་རྒྱང་མཇལ་ཞུས་ཤིང་། སྨྱུག་རྩེར་རང་དབང་ཐོབ་པའི་རང་གྲོལ་ལགས་ཀྱི་གསུང་འབུམ་ཀློག་གིན། གོམ་ཆུང་རེ་རེ་བྱས་ནས་མདུན་དུ་ཆས་བཞིན་པའི་ཁྱེད་ཚོ་ངལ་ཨེ་བྱུང་།
སྙིང་ནས་བརྩེ་བའི་སློབ་གྲོགས་ལགས། ཆ་འཕྲིན་གྱི་འཕེལ་འགྱུར་ཡང་ཞིང་གཡོ་བའི་རླུང་བུ་དང་འགྲན་པའི་དུས་རབས་འདིར། བོད་ཀྱི་གཞོན་ནུ་ཁྱུ་ཞིག་གི་ནང་སེམས་ཀྱི་སྤང་ལྗོངས་སུ་ཆུ་ལོག་བརྒྱུགས་ནས་བཟུང་། ཁོ་ཚོའི་བློ་མིག་གི་ཉི་ཟླ་བསྒྲིབས། ལ་རྒྱ་ཡི་རི་རབ་ཉིལ། ཡིད་ཆེས་ཀྱི་ཆུ་རྒྱུན་ཆད། མཛའ་མཐུན་གྱི་མེ་ཏོག་རྙིད། མི་གཤིས་ཀྱི་འོད་སྣང་ཉམས། རིག་གནས་ཀྱི་སྟོབས་ཤོར། དེ་ཡི་ཤུལ་དུ། གཡོ་སྒྱུའི་སྨུག་ནག་འཁྲིགས་པ་དང་། ཧམ་སེམས་ཀྱི་རླུང་དམར་གཡོས་པས། གཏམ་དང་རལ་གྲི་གཉིས་པོ་འདི། ཡུ་ནས་མ་འཆང་རྩེ་ནས་འཆང་སྟེ། བོད་ཡིག་སྦྱངས་ན་བེད་སྤྱོད་དང་མདུན་ལམ་མིན་འདུག་སོགས་པའི་ཁུངས་དང་ལུང་མེད་པའི་གཏམ་འཆལ་ལུང་པ་གང་སྨྲས་ཏེ་ནམ་ཚ་ཆུད་དུ་ཟ་བ་དང་། རང་ཅག་གི་ཡབ་མེས་བཀའ་དྲིན་ཅན་ཚོས་གསལ་བྱེད་ཀྱི་བུ་མོར་དབྱངས་ཀྱི་ལན་བུ་ལྷས་ནས། གངས་རིའི་སུལ་དང་། རྩྭ་ཐང་གི་པང་། ཉི་འོད་ཀྱི་ལྷུམས་སུ་བརྩིགས་པའི་གླེགས་བམ་བསྟན་བཅོས་ཉི་ཟླའི་མཚམས་དང་། འཁྱིལ་ན་རྒྱ་མཚོའི་འཇིངས་ལ་མི་ཤོང་བ་ཡོད་ཀྱང་། དེ་དག་སྣང་མེད་དུ་འཇོག་པའམ་རྡོག་རོལ་དུ་གཏོང་བ་ལས། ཧ་ཅང་ཞི་ལྷོད་དང་བབ་ཆགས་སེམས་ཀྱིས་བཀླགས་ཏེ་རང་ལུས་ཀྱི་རྨ་ཁ་འཚོལ་མཁན་ནི་ཤིན་ཏུ་དཀོན་པས། དངན་པའི་ཤུགས་རིང་ཡང་ནས་བསྐྱར་དུ་འཐེན་དགོས་བྱུང་ཞིང་། སང་ཉིན་ཟེར་བ་ཞིག་རེ་སྒུག་བྱ་རྒྱུ་ཨེ་ཡོད་སྙམ་ནས་ནང་སེམས་ལ་དོགས་བློའི་ཟེགས་མ་འབབ་ནས་ཐེ་ཚོམ་གྱི་མདུད་པ་མང་པོ་ཞིག་ཐེབས་སོང་ལ། ནམ་ཞིག་གཞོན་ནུ་དེ་དག་ལ་མི་ཞིག་གི་ཁ་དོག་ཡང་མེད་པར་གྱུར་གྱི་རེད་བསམ་ནས་ཧ་ཅང་སྐྲག་སྟེ། ཡིད་སེམས་ཡོམ་ཡོམ་དུ་འདར་གྱིན་འདུག བྱ་ཐང་དཀར་གྱི་ལྡིང་ལུགས་དང་ཉ་གསེར་མིག་གི་འཁྱུག་ལུགས་མངའ་བའི་བདག་གི་སློབ་གྲོགས་ཁྱེད་ཚོ་ནི། དུས་རབས་འཕོ་འགྱུར་གྱི་ཀློང་ནས་སྐྱེས་པའི་བསླུ་བྲིད་བློ་སེམས་ཀྱིས་ལྡོག་ཐུབ་པའི་རེ་བ་ཅན་ཤ་སྟག་ཏུ་འདོད་ལ། ནང་སེམས་ཀྱི་སྤང་ལྗོངས་སུ་ཆུ་ལོག་བརྒྱུགས་པ་ཚོ་བཞིན། ལ་རྒྱ་དང་འདུ་ཤེས་ནི་རྩྭ་མགོའི་ཟིལ་བ་ལྟར། དྲི་བཞོན་ལྡང་ཙམ་གྱིས་འཁུར་སླ་བ་ཞིག་དང་། རིག་གནས་ཀྱི་དད་མོས་ནི་ནུབ་ཁའི་ཉི་མ་བཞིན། མུན་པ་འཐིབ་ཙམ་གྱིས་ཡལ་འགྲོ་བ་ཞིག་གཏན་ནས་མིན་པར། ཚིག་དང་ཚིག་སྣ་གཏུག་ན་ཡིད་ཆེས་ཀྱི་རྡོ་རིང་བརྟན་པ་དང་། ཚིག་རྟིང་མནའ་ཡིས་མནན་ན་དྲང་པོའི་མི་གཤིས་ལ་འགྱུར་མདོག་མེད་པར་འོད་སྣང་འཁྲུངས་པ་མ་ཟད། ཤེས་རབ་ཀྱི་མེ་སྟག་དང་བློ་གྲོས་ཀྱི་ཉིང་བཅུད་སྤྱད་ནས། གངས་ལྗོངས་ཤེས་རིག་གི་དགའ་ཚལ་མྱུལ་ཞིང་། རང་དང་རང་གི་ཕ་མ། མེས་པོ། རིགས་གཅིག་གི་སྤུན་ཟླ་ཚོའི་ཤ་གསེང་རུས་གསེང་ན་རྒྱུ་བཞིན་པའི་དབྱངས་གསལ་སོ་བཞི། ཡ་མགོའི་ནང་གི་མིག་དང་། མ་མགོའི་ནང་གི་ལྕེ། ཁོག་པའི་དབུས་ཀྱི་སྙིང་ལྟར་གཅེས་མཁན་ཞིག་ཡིན་པས། ཕྲན་གྱིས་ཁྱེད་ཅག་ལ་བརྗོད་འདོད་པའི་སེམས་པའི་མཐིལ་དང་། མགྲིན་པའི་ཁད་ནས་སྐད་ཅིག་སྐད་ཅིག་ཏུ་ས་ལ་ལྷུངས་བའི་སྐད་ཆ་རྣམས་ཀྱང་དབྱངས་གསལ་སོ་བཞིའི་གཟུགས་སུ་ཕབ་སྟེ་སྤྲིངས་ཡོད། གལ་ཏེ། ཤེས་ཚད་དམན་པའི་ཕྲན་གྱིས་མཚམས་འདིར་བསྒྲིགས་པའི་ཐ་སྙད་ལ་ནོར་བ་འཁྲུལ་བ་ཤོར་ཏེ་གོ་དཀའ་བ་འདྲ་བྱུང་ཚེ། ཁྱེད་ཚོས་ཡི་ཐང་མ་ཆད་པར། སུན་སྣང་མེད་པར་སེམས་པའི་ཞེ་རྩ་ནས་སྤྲིངས་པའི་འཕྲིན་འདི་དལ་གྱིས་བཀླགས་ནས། དོན་གྱི་སྙིང་པོ་ལོན་པར་གནང་རོགས།
༢
སེམས་པའི་ཞེ་རྩ་ནས་སྤྲིངས་པའི་འཕྲིན་འདི་བྲི་སྐབས། ལོ་མ་སེར་བོ་དག་གོ་རིམ་མེད་པར་ས་ལ་ལྷུངས་ནས་སྟོན་གྱི་མཇུག་མ་ོཆད་འགྲོ་བཞིན་འདུག སློབ་གྲོགས་ལགས། ཁྱེད་ལ་གྲང་ཤུར་ཤུར་གྱི་ཚོར་བ་ཞིག་བྱུང་སྟེ་ཕ་ཡུལ་དྲན་བྱུང་ངམ། གངས་ཀྱི་རོལ་དབྱངས་མཉན་འདོད་ཀྱི་མེ་ལྕེ་དམར་ལྷོག་ལྷོག་ཏུ་འབར་བྱུང་ངམ། གང་ལྟར་ཡང་། ང་རང་སྟོན་རླུང་གིས་ཁུར་པའི་སྡོང་ལོ་སེར་པོ་དག་མཐོང་དུས། སྐྱིད་པའི་ཕ་ཡུལ་དང་བྱམས་པའི་ཕ་མ་དྲན་འོང་། མ་འོངས་དང་མི་རྟག་པ་དྲན་འོང་། ལོ་ངོ་མང་པོའི་རྗེས་ཀྱི་རང་རིགས་ཀྱང་ལོ་མ་སེར་བོ་དེ་ཚོ་བཞིན་སྟོན་རླུང་གིས་ཁུར་མི་ཡོང་ངམ་སྙམ་ནས་སྐྲག་སྣང་དང་སྐྱོ་སྣང་སྐྱེ་ཡི་འདུག
ཁྱེད་ཚོས་དྲན་ནམ། མི་ལོ་གཅིག་གི་གོང་རོལ་གྱི་ལོ་ལེགས་བསྡུ་བཞིན་བཞིན་པའི་སྟོན་མགོ་དེར། ང་ཚོས་ཕ་མ་སྤུན་མཆེད་ཚོའི་སྙིང་གཏམ་ཐན་ཐུན་དང་འཁྲེང་སེམས་ཀྱི་མིག་ཆུའི་སྐྱེལ་མའི་འོག རེ་བ་དང་མཚར་སྣང་མང་པོ་ཞིག་སེམས་ལ་རུམ་ནས། རི་ལི་ལྗང་ཁུ་དང་ལྷན་དུ་རྒྱང་རིང་ལ་སེམས་པའི་བྲག་རིར་བརྐོས་པའི་ཕུགས་བསམ་དང་རྨི་ལམ་འཚོལ་བར་འོང་། མ་གཞི་ང་ཚོ་སྐྱེ་སའི་ཡུལ་ལུང་མི་གཅིག་ལ་ཡོང་བའི་ལམ་ཁའང་མི་གཅིག་རུང་། ང་ཚོ་འཛོམས་པའི་ས་ཆ་གཅིག་དང་འགྲོ་བའི་ཁ་ཕྱོགས་གཅིག་ཏུ་བྱུང་བ་མ་ཟད། མ་གྲོས་གཅིག་མཐུན་གྱིས་ནུབ་བྱང་གི་ནམ་མཁའི་འོག་ཏུ་འཛོམས་ཤིང་ནུབ་བྱང་གི་མཁའ་དབུགས་རྔུབས་ཏེ། སེམས་ཀྱི་བརྩེ་དུངས་དང་དྲན་པ། ཁེར་རྐྱང་དང་སྡུག་བསྔལ། དགའ་སྐྱོ་དང་ཆགས་སྡང་། ཉི་འོད་དང་མུན་པ་མཚོན་པའི་སྙན་ངག་དང་ལྷུག་རྩོམ་རེ་ཟུང་བྲིས་ཏེ་རང་དབང་དང་གུ་ཡངས་ཀྱི་འཇིག་རྟེན་ཞིག་འཚོལ་བའི་བསྐལ་བ་བཟང་པོ་འདི་འདྲ་ཞིག་བྱུང་བར། བདག་གི་སེམས་པའི་གཏིང་རིམ་དུ་དགའ་བ་ཁྲི་སྟོང་མང་པོ་འཁྱིལ་ཡོད་ལ། སྔོན་མ་ང་ཚོ་གཏན་ནས་མཇལ་མ་མྱོང་ཡང་ཕ་བུ་ངོ་འཕྲད་ཀྱི་དགའ་སྣང་ཞིག་སྐྱེས་ཡོང་བ་དེའང་མཐར་གཏུགས་ན། འུ་ཅག་གི་སྐད་དང་ཡི་གེའི་བཀའ་དྲིན་ཞིག་ཏུ་སེམས་ཡོད་ལགས། རེད་ལགས། སྐད་དང་ཡི་གེ་ནི་ཨ་མའི་ནུ་ཞོ་ལྟར་བཀའ་དྲིན་ཆེ། ནམ་མཁའི་ཉི་མ་ལྟར་བཀའ་དྲིན་ཆེ་བ་ཞིག་རེད། སྐད་དང་ཡི་གེ་ནི་ང་ཚོའི་བླ་སྲོག་ཡིན། སྐད་དང་ཡི་གེ་ནི་ང་ཚོ་ནམ་མཁའི་དབྱིངས་སུ་འཕུར་བའི་འོད་ཀྱི་གཤོག་པ་རེད། སྐད་དང་ཡི་གེ་ནི་ང་ཚོ་རྒྱང་རིང་ལ་བསྐྱོད་པའི་ཀོ་ལྷམ་རེད། སྐད་དང་ཡི་གེ་ནི་ང་ཚོས་མཚན་མོའི་མུན་པ་ཀློང་ནས་ཉིན་མོའི་འོད་སྣང་འཚོལ་ཐུབ་པའི་མིག་ཟུང་རེད། སྐད་དང་ཡི་གེ་ནི་ང་ཚོས་བརྗིད་ཉམས་ཀྱི་ཕོ་བྲང་བཞེངས་པའི་རྨང་རྡོ་རེད། སྐད་དང་ཡི་གེ་ནི་ང་ཚོའི་ནང་སེམས་ཀྱི་མུན་པ་ཚལ་བར་གཤགས་པའི་རལ་གྲི་རེད། གལ་ཏེ། ང་ཚོར་སྐད་དང་ཡི་གེ་མེད་སོང་ན། ང་ཚོ་སླར་ཡང་མ་གྲོས་གཅིག་མཐུན་གྱིས་ནུབ་བྱང་གི་ནམ་མཁའི་འོག་ཏུ་འཛོམས་ཏེ་ཕུགས་བསམ་ཞེས་པའི་ཐ་སྙད་རི་བོ་ལྟ་བུ་ཞིག་གི་ལྗིད་ཚད་གླེང་ཐུབ་བམ། གཙང་བོ་བཞིན་བཞུར་སོང་བའི་ལོ་ཟླའི་ཁྲོད་དུ། གཙང་བོའི་རླབས་རྒྱུན་བཞིན་གཅིག་རྗེས་གཉིས་མཐུད་ཀྱི་བཞུར་སོང་བའི་མེས་པོ་རིམ་བྱོན་ཚོར་རྗེས་དྲན་ཇི་ལྟར་ཞུའམ། དྲིན་ཆེན་ཕ་མས་ང་ཚོར་བདེ་སྐྱིད་ཐོབ་པར་བགྲང་བའི་མ་ཎི་ཡིག་དྲུག་ལ་གོ་བ་ཇི་ལྟར་ལེན་ནམ། མིག་མདུན་ན་ལམ་ལམ་དུ་འབར་བཞིན་པའི་མཆོད་རྐོང་གཅིག་ལ་གསོལ་བ་སྨོན་ལམ་ཇི་ལྟར་འདེབས་སམ། མ་འོངས་ཞེས་པའི་གྲུ་ཁ་དེའི་ཁ་ཕྱོགས་ཀྱང་མཚན་མོའི་མུན་པ་བཞིན་ནག་ཐོམ་ཐོམ་དུ་གྱུར་གྱི་ཨེ་རེད། བདག་གི་སློབ་གྲོགས་ལགས། སྐད་དང་ཡི་གེར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་མཁན་གྱི་སློབ་གྲོགས་ལགས། ང་ཚོ་ནི་ཛ་དྲག་ཆེ་བའ་ཆེ་བའི་དུས་རབས་ཤིག་གི་བོད་པ་ཡིན་ལ། ཤ་བ་སྒོ་རྩར་སླེབས་དུས། གཞི་ནས་མདའ་གཞུ་བཟོས་ན། ཕན་ཐོགས་རྟ་རྔ་ཙམ་མེད་ཅིང་། རྟས་མི་ཟིན་པའི་འགྱོད་གདུང་དྲག་པོས་མནར་བར་ངེས་པས། ང་ཚོས་ས་མ་རུབ་གོང་ནས་བཞུན་མར་ཚོལ་དགོས་པ་ཡིད་ལ་བཅངས་ཏེ། ང་ཚོའི་དབུགས་ཀྱི་རྒྱུ་བ་ཆད་བར་དུ། ང་ཚོའི་རྣམ་ཤེས་མཐོ་སྟང་གི་ས་གཞིར་མ་ཐིམ་པའི་བར་དུ། སྐད་དང་ཡི་གེར་ཤི་འཐམ་རོ་འཐམ་གྱིས་གཅེས་ཏེ་གསེར་མདོག་གི་སྙན་ངག་འབྲི་དགོས། གངས་ཀྱི་རོལ་དབྱངས་སྙན་ལྷང་ལྷང་དུ་ལེན་དགོས། མེ་ཏོག་ཅིག་གི་མཚར་སྡུག་ངེས་པར་དུ་བསྐྱངས་དགོས། ༣
སློབ་གྲོགས་ལགས། ངས་དེ་རིང་ཐོ་རངས་ལྷོ་ཕྱོགས་ན་ནམ་མཁའ་སྔོན་མོས་རྒྱན་ལ་སྤྲས་པའི་སྐར་ཆེན་ཞིག་མཐོང་བྱུང་། ཇ་ཡུན་ཙམ་ཞིག་ལ། ཞོགས་པའི་ཉི་ཟེར་འཇམ་པོ་མ་གཏོགས་ཐོ་རངས་སྐར་ཆེན་དེ་མཐོང་ལམ་ནས་ཟིན་རྒྱུ་མེད་པར་གྱུར་ཚར་འདུག
ངོ་མ་དུས་ཚོད་ནི་ཤིན་ཏུ་འགྲོ་མགྱོགས་པ་ཞིག་རེད་ཨང་། སློབ་གྲོགས་ང་ཚོ་མཉམ་དུ་སློབ་ཁང་གྲུ་བཞིའི་ནང་རྐུབ་གྲལ་བསྒྲིགས་ཏེ་མཁྱེན་དཔྱོད་རལ་གྲི་ལྟར་རྣོ་བའི་དགེ་བའི་བཤེས་གཉེན་ཚོའི་ཞབས་ཀྱི་པདྨོར་གུས་པས་གཏུགས་ཏེ། སྙིང་རུས་ཆེན་པོས་རིག་པའི་གཞུང་ལུགས་དག་རང་ལུས་ལ་སྦྱར་བར་བརྩོན་པའི་མི་ལོ་གཅིག་ལ་ཡང་གཤོག་པ་ཐོགས་ནས་ཐོ་རངས་སྐར་ཆེན་ལྟར་ཁུ་སིམ་སིམ་དུ་འཕུར་འདུག ཡང་གཅིག་བཤད་ན། ང་ཚོས་ཡུལ་གྱར་བའི་འཚོ་བར་སྨྲེ་སྔགས་དང་འཁང་ར་བྱས་པའི་བགྲང་བྱ་གཅིག ཆུ་མོའི་བཞུར་རྒྱུན་བཞིན་ཕྱིར་ལྡོག་དུ་མི་སྣང་། མ་འོངས་པའི་ལོ་ཟླའི་ཁྲོད་དའང་། ང་ཚོ་ཕ་ཡུལ་དང་རིང་དུ་གྱེས་ཤིང་ཕ་མ་དང་ཁ་ཐག་རིང་བའི་ཡུལ་གྱར་བའི་འཚོ་བ་འཁྱག་པ་འདི་འདྲ་མ་སྐྱེལ་ཀ་མེད་ལ་ཐུག་ངེས་རེད། ཡིན་ནའང་། སློབ་གྲོགས་ལགས། དུས་ནམ་ཞིག་ཡིན་རུང་། ང་ཚོ་རླུང་བུས་ཡར་འཐེན་ན་འཐེན་ཆོག་ཆོག་དང་མར་འདྲུད་ན་འདྲུད་ཆོག་ཆོག་གི་ཤོག་བྱ་ཇི་བཞིན་བརྟན་བརླིང་གི་རང་ཚུགས་བོར་ནས་གང་སར་སྤུར་མི་རུང་ལ། མི་ཚེའི་ཁ་ཕྱོགས་དང་ནང་སྙིང་གཡུགས་ཟིན་པའི་ཤོག་ཇ་ཇི་བཞིན་དུས་འདའ་བ་ནི་མི་འོས་པ་ཞིག་སྟེ། སྐྱེས་པའི་མི་ལ་གྲགས་པའི་གཏམ་མམ། ཕྱིན་པའི་ལམ་ལ་རྐང་རྗེས་ཀྱི་ཚུལ་དུ། རང་གི་མི་ཚེར་རང་གིས་མཛེས་སྡུག་བསྒྲོན་དགོས་ཤིང་། རང་གི་འཇིག་རྟེན་ལ་རང་གིས་རིན་ཐང་འཇོག་དགོས་པ་མ་ཟད། འཇིག་རྟེན་ཁ་དཔེ། ཁབ་མིག་སྐུད་པས་མ་ཁེངས་ཀྱང་ཁབ་མིག་སྟོང་པར་མ་ལུས་ཙམ་ཟེར་བ་ཇི་བཞིན། རྟག་ཏུ་གཞན་ལ་ཐལ་མོ་རྡེབ་ནས་སྐྱེ་བ་གཅིག་གི་མི་ལུས་སྟོང་ཟད་དུ་མ་བཏང་བར། དམིགས་ཡུལ་ལྡན་པའི་ངང་སྤྲོ་སྣང་གི་འཚོ་བར་རོལ་དགོས། མོ་ཟད་རྡོ་ཐུག་དང་ཤ་ཟད་རུས་ཐུག་གིས་འབད་བརྩོན་གནང་དགོས། ཞོགས་པའི་སྐྱ་རེངས་དབུ་ཞྭ་དང་། དགོང་མོའི་མུན་པ་ལྷམ་བྱས་སྟེ་གནོང་འགྱོད་མེད་པར་མདུན་དུ་བསྐྱོད་དགོས། དགུན་འཁྱག་བཞུར་རྗེས་རེ་བའི་དཔྱིད་ཀ་ཤར་ངེས་ལ། ནམ་ལངས་རྗེས་ང་ཚོར་ཉི་མ་དྲོ་པོ་ཞིག་འཆར་སྲིད། ད་དུང་། ང་ཚོས་དུས་རྒྱུན་དུ་ལམ་ཞིག་ལ་ཀྱག་ཀྱོག་བརྒྱ་དང་། ཚེ་གཅིག་ལ་སྐྱིད་སྡུག་བརྒྱ་ཞེས་ཡང་ཡང་བཤད་ཀྱིན་ཡོད་པས། མ་འོངས་མི་ཚེའི་ལམ་ན་ང་ཚོས་ཁ་གཏད་དགོས་པའི་དཀའ་ངལ་ཧ་ཅང་མང་པོ་ཡོད་པར་ངེས་ལ། དཀའ་ངལ་དེ་དག་གིས་ཁྱེད་ཚོའི་ལུས་སེམས་ལ་མེ་ལྟར་ཚ་བའི་ངལ་དུབ་ཅིག་ཀྱང་འཇོག་པར་ངེས། དེ་དུས། ཁྱེད་ཅག་གི་ལུས་སེམས་ལྷོད་ཅག་གེར་བཞག་ནས་རྒྱང་རིང་གི་རི་བོ་ལྟ་བུའི་ཨ་ཕ་དང་། གཙང་བོ་ལྟ་བུའི་ཨ་མ། ཉི་ཟླ་ལྟ་བུའི་ཡབ་ཡུམ་གཉིས་སེམས་པའི་གཏིང་རིམ་ནས་དྲན་པར་གནོངས་དང་། ཁྱེད་ལ་ཟད་མཐའ་མེད་པའི་སྟོབས་ཤུགས་ཤིག་སྐྱེས་ཡོང་ལ། རང་ཉིད་འཚོལ་བའི་ལམ་གྱི་དཀའ་སྡུག་དང་ངལ་དུབ་ཡོད་ཚད་སྐད་ཅིག་ཉིད་ལ་ཞི་ཡོང་། ངས་ཡང“ ང་ཚོ་ཕམ་མྱོང་། རྒྱལ་མྱོང་། འོན་ཀྱང་ངུ་མ་མྱོང་། ” ཞེས་པའི་གླུ་ཚིག་འདི་སེམས་པའི་ཞེ་རྩ་ནས་སྤྲིངས་པའི་འཕྲིན་འདིའི་ནང་དུ་བྲིས་ནས། རེ་བ་བརླགས་མེད་ལ་ཡིད་ཆེས་ནུབ་མེད། ཚེ་སྲོག་གི་རྒྱུན་ལྷག་མ་དེ་ཁ་བ་དང་འབྲེལ་ཡོད་པའི་ཁྱེད་ཚོའི། ངུ་མི་ཉན་ལ་ཆོ་ངེ་དེ་བས་གྲགས་མི་རུང་བའི་སྙིང་རུས་ལྕགས་འདྲ་བོ་དེ་ལ་སློབ་སྦྱོང་དང་། སྡུག་ཉེར་དགུའི་མུན་པ་ལྟ་བུ་ཞིག་བྱུང་ཡང་། ངོ་མི་སྡུག་པ་བཅོ་ལྔའི་ཟླ་བ་ཚེས་པ་ཞིག་ཡོད་པར་ཡི་རངས་དང་དད་གུས་ཞུ་བ་ཡིན་ལ། ཁྱེད་ཚོས་ཀྱང་རྒྱལ་ཕམ་ཀྱིས་ཡི་ཆད་མ་འཇོག་པར། རང་གི་རྩ་དོན་ལྟར་དོན་སྙིང་ཡོད་པའི་སྒོ་ནས་འཚོ་བའི་བྲོ་བ་ཞིབ་ཏུ་མྱངས་རོགས། ཉིན་མོའི་འོད་སྣང་དང་མཚན་མོའི་མུན་པ་ལའང་དགའ་རོགས། སློབ་གྲོགས་ལགས། མཇུག་ཏུ། སློབ་གྲོགས་ཁྱེད་ཚོ་གང་བསམ་ལས་ལ་རེ་བའི་འབྲས་བཟང་སྨིན་པ་དང་། འཇིག་རྟེན་གྱི་གུར་ཁང་ནང་མཚར་སྡུག་བཀྲ་བའི་འཇའ་ཚོན་ཞིག་འཆར་བའི་སྨོན་འདུན་ཞུ་ལ། ལོ་རེ་རེ་བཞིན་ང་ཚོའི་ན་ཚོད་རྒས་འགྲོ་ཡང་། འུ་ཚོའི་བརྩེ་བ་རྡོ་རྗེ་བྲག་ལ་བཏབ་པའི་ཕུར་པ་བཞིན་བརྟན་པ་དང་། བརྩེ་དུང་གི་དར་སྐུད་རིང་ནས་རིང་དུ་ཕྱིན་ཏེ། མི་འགྱུར་མཐུན་པ་སྤུན་བཞི་བཞིན། ཅི་ཡང་སྲིད་པའི་འཇིག་རྟེན་འདིར་གཏན་དུ་གནས་པའི་སྨོན་ལམ་འདེབས། འོ། སློབ་གྲོགས་ལགས། ད་ནི་ལབ་གླེང་ཅུང་མང་སོང་བས། ཁྱེད་ཅག་སུན་སྣང་མེད་པར་ཤོག སེམས་པའི་སྐད་ཆའང་རེ་ཞིག་འདི་ནས་མཇུག་སྒྲིལ་གྱི་ཡིན་ལ། སེམས་པའི་ཞེ་རྩ་ནས་སྤྲིངས་པའི་འཕྲིན་ཡང་འདི་ནས་འབྲི་མཚམས་བཞག་སྟེ་མཇུག་བསྡུ་བར་བྱའོ།། བདེ་མོ་བྱོས། སྙིང་ཉེ་བའི་སློབ་གྲོགས་ལགས། ཐམས་ཅད་བཀྲ་ཤིས་པར་གྱུར་ཅིག
ང་ནི་མཚོན་མོ་ལ་ཤིན་ཏུ་དགའ། གཉིད་སྐྱིད་པོ་ཞིག་ཁུག་ཆོག་པའི་མཚན་མོའི་མུན་པར་དགའ་ལ། འདང་རྒྱག་དང་བློས་བསླངས། བསམ་གཞིག་ལེགས་པོ་ཞིག་བྱེད་ཆོག་པའི་མཚན་མོའི་ལྷིང་འཇགས་ལའང་དགའ། མཚན་མོ་ནི་རང་དབང་དང་གུ་ཡངས་ཀྱི་འཇིག་རྟེན་གཞན་ཞིག་གམ་ང་ལ་དབང་བའི་དུས་ཚོད་ལྷག་མ་ཞིག་རེད། མཚན་མོའི་པང་དུ་ངས་འཚོ་བའི་དཀའ་སྡུག་དང་སློབ་སྦྱོང་གི་ངལ་སྣང་། བརྩེ་དུང་གི་རྨ་ཁ་ཡོད་ཚད་བོར་རྗེས། བློ་སེམས་ལྷོད་ལྷོད་ཀྱིས་སྙིང་ཉེ་བའི་མི་དག་ཡིད་ནས་དྲན་གྱིན་ཡོད་ལ། མཚན་མོའི་མུན་པའི་ཁྲོད་ཉིན་མོའི་འོད་སྣང་ལ་སྙེག་པའི་ཁུ་སིམ་གྱི་དུས་ཚིགས་སྣུམ་ཤིག་ཤིག་དེ་དག་ངའི་སེམས་པ་དྲོད་ལམ་ལམ་བྱེད་པའི་བདེ་སྐྱིད་ཅིག་ཀྱང་ཡིན།
དོ་ནུབ་ཀྱི་མཚན་མོ། ནམ་མཁའི་ཟླ་འོད་གསལ་བ་ལ། སྐར་ཚོགས་ཡང་ཁྲ་ཐིང་ཐིང་དུ་གནས་ཏེ་ཤིན་ཏུ་མཛེས་པ་ལ། གྲང་རླུང་འུར་འུར་དུ་ལྡང་བའི་སྒྲའང་མིན་འདུག་པས་ཁོར་ཡུག་ཁ་ཁུ་སིམ་པ་ལ། རང་སེམས་ལ་ཞི་ལྷོད་ཀྱི་ཚོར་བ་ཞིག་སྦྱིན་ཡོང་བས་སྐྱིད་པ་ལ། ངས་སླར་ཡང་ཕྱིར་རྟོག་དང་བློས་བསླངས་ཀྱི་ཆུ་མོ་རིང་དུ་འཐེན་ཐུབ་སོང་བས་དགའ་བ་ལ་ཨང་།
ཕལ་ཆེར་བྱེས་ཀྱི་འཚོ་བ་འཁྱག་པ་རོལ་ནས་ཡུན་རིང་བོ་འགོར་བས་ཡིན་པ་འདྲ། ངས་ཕྱིར་རྟོག་དང་བློས་བསླངས་ཀྱི་ཆུ་མོ་མཚན་མོའི་པང་ནས་རིང་དུ་འཐེན་ཡོང་དུས། དང་ཐོག་དྲན་ཡོང་བ་ནི། ང་རང་ཕ་ཡུལ་དུ་ཡོད་པའི་མཚན་མོ་འབའ་ཞིག་རེད། དགོང་མོའི་གློག་འོད་རབ་རིབ་ཁྲོད་ནང་མི་ཚོ་མཉམ་དུ། ཨ་མས་བསྐོལ་བའི་རྩམ་ཐུག་ཚ་པོ་འཐུང་གྱིན་པའི་མཚོན་མོའང་རེད། ཨ་ཕ་ཕྱིར་ལས་ཀ་སོང་སྟེ་ལོག་མེད་པས། ཨ་མས་བལ་ལས་བྱེད་ཀྱིན་ཁྱེད་རང་སྒུག་གྱིན་པའི་མཚན་མོའང་རེད། ཨ་ཕ་གདན་ཁྲིའི་སྟེང་བཞུགས་མ་ཐག སྒྲ་མཐོ་དམའ་མི་འདྲ་བའི་སྔུར་པའི་རླབས་རྒྱུན་གཅིག་རྗེས་གཉིས་མཐུད་དུ་བདེ་ལྡན་གཉིད་ཀྱི་ཞིང་ཁམས་ན་བག་ཡངས་སུ་རྒྱུ་བའི་མཚན་མོའང་རེད།
ངས་མུ་མཐུད་དོ་ནུབ་ཀྱི་མཚན་མོའི་མུན་པར་འཁྱུད་ནས་སེམས་ཀྱི་རྟ་ཕོ་རང་དགར་གློད་དུས། ཡིད་ཀྱི་མཚོ་མོའི་གཞུང་ལ་འཁྱིལ་ཡོང་བ་ནི། ང་རང་སློབ་གྲྭར་ཡོད་པའི་དུས་ཚོད་རེད། ཁ་པར་བལྟས་ཏེ་ནམ་གུང་བར་བསྡད་པའི་མཚན་མོ་ཞིག་རེད། སློབ་ཁང་ནང་སྔུར་པ་ལྷོག་ལྷོག་ཏུ་འཐེན་པའི་ཞོགས་པ་ཞིག་རེད། ཆུ་ཚོད་བཅུ་གཉིས་བར་དུ་ཉལ་བསྡད་པའི་ཉིན་གུང་ཞིག་རེད།
མཚན་མོའི་ནམ་མཁར་གྲགས་པའི་ཨ་ཕའི་སྔུར་པ་ནི། ཨ་ཕས་ཉིན་གཅིག་གི་ངལ་དུབ་ཡོད་ཚད་བོར་སྟངས་རེད། ཨ་ཕས་སང་ཉིན་གྱི་ལས་ཀ་ཡག་པོ་བྱེད་ཐུབ་པའི་གྲ་སྒྲིག་རེད། ཨ་ཕས་ལུས་སེམས་ལ་ལྷིང་འཇགས་དང་ངལ་གསོ་བྱེད་སྟངས་ཤིག་རེད། ངས་འཐེན་པའི་སྔུར་པ་ལྷོག་ལྷོག་དེ་ནི། སེམས་ལ་འཐིབ་པའི་མུན་ནག་གི་སྨུག་སྤྲིན་སྟུག་པོ་དེ་རེད། ཨ་ཕས་ཐོས་ན་སྙིང་ལ་ན་ཟུག་བཟོ་བའི་ཚེར་མ་ཞིག་རེད། བསགས་པའི་སྡིགས་པ་རི་བོ་ལྟ་བུ་དེ་རེད།
ངས་སྣང་མེད་དུ་བཞག་པའི་ཨ་ཕའི་སྔུར་པའི་འོག ཨ་ཕ་དགུང་ལོ་བརྒྱད་དྲུག་ཞེ་བརྒྱད་ལ་སླེབས་ཟིན་འདུག ཨ་ཕའི་སྔུར་པའི་སྒྲ་མཐོ་དམའ་འདྲ་མིན་ཡོད་དེ། དམའ་བ་ནས་མཐོ་རུ་གྱུར་གྱིན་ཡོད་ཅིང་། མཐོ་བ་ནས་དམའ་རུ་འགྲོ་གི་ཡང་ཡོད། འོན་ཀྱང་། ཨ་ཕའི་ཞལ་རས་དང་། ཨ་ཕའི་སྐྲ་ལོ། ཨ་ཕའི་ཕྱག་ཟུང་། ཨ་ཕའི་རྒྱབ་གཟུགས་བཅས་ན་ནིང་གི་དགུང་ལོ་ཞེ་བདུན་ནས། ད་ལོའི་བརྒྱད་དྲུག་ཞེ་བརྒྱད། སང་ལོའི་བདུན་བདུན་ཞེ་དགུར་མཐོ་རུ་འགྲོ་བ་མ་གཏོགས། དམའ་རུ་རྩ་བ་ནས་འགྲོ་གི་མིན་འདུག་པས། གློ་སྙིང་མཆིན་གསུམ་གྱི་བར་གསེང་དུ་ཚེར་མ་ཟུག་པའི་ན་ཟུག་ཅིག་ངང་གིས་སྐྱེས་ནས་གཟུགས་པོ་སྡུག་ལ་སྦྱར་བྱུང་ཞིང་། མིག་ཀོང་མཆི་མས་བརླན་བྱུང་།
དོ་ནུབ་ཀྱི་མཚན་མོའི་ས་གཞིའི་པང་དུ། ངའི་འགྱོད་སེམས་ཀྱི་མིག་ཆུ་མང་པོ་ཁྲོམ་ཁྲོམ་དུ་བཞུར་སོང་། དོ་ནུབ་ཀྱི་མཚན་མོའི་ནམ་མཁའི་ངོས་སུ། ངས“ཨ་ཕ་ལགས། ཁྱེད་སྐུ་ལས་ཁག་སོང་” ཞེས་པའི་ཡིག་འབྲུ་ལྗིད་ཏིག་ཏིག་བརྒྱད་བྲིས་པ་ཡིན་ལ། “ཨ་ཕ་ལགས། ངས་བུ་རེ་བ་ཅན་ཞིག་བྱེད་ཀྱི་ཡིན” ཞེས་པའི་དམ་བཅའ་ཞིག་ཀྱང་བཞག་པ་ཡིན།
དོ་ནུབ་ཀྱི་མཚན་མོ། ངས་རང་ཉིད་ཀྱི་རྨ་ཁ་ཆེན་པོ་ཞིག་རྙེད་བྱུང་ལ། བྱས་པའི་ཕྱིར་རྟོག་དང་བློས་བསླངས། དྲན་པའི་གྱད་མི་དང་འགྱོད་པའི་མིག་ཆུ། བྲིས་པའི་ཡིག་འབྲུ་དང་བཞག་པའི་དམ་བཅའ། ང་དང་མཚན་མོ་ཁོ་ནའི་གསང་བ་འཇམ་པོ་ཞིག་ཀྱང་ཡིན།
@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།