[ལྷུག་རྩོམ] ཁ་སྒང་སྟག་འབུམ་རྒྱལ་གྱི་ཉེ་བྲིས་ལྷུག་རྩོམ་བདམས་བཀོད།

教育   2024-10-28 09:36   甘肃  




ལྷུག་རྩོམ་པདྨའི་ཟེའུ་འབྲུ།






   བསླབ་གསུམ་ནོར་གྱིས་འཕགས་པའི་སྐྱེས་བུ་ལ་ཁ་བཏགས་འབུལ་ཞིང་། ཁྲི་ཐོབ་དབང་གིས་ཕྱུག་པའི་དཔོན་པོ་ལའང་ཁ་བཏགས་འབུལ། བརྩེ་ཆེན་དྲིན་གྱིས་མཐོ་བའི་ཕ་མ་ལ་ཁ་བཏགས་འབུལ་ཞིང་། ཚོགས་ཞིང་རྟེན་དང་བརྟེན་པ་རྣམས་ལའང་ཁ་བཏགས་འབུལ། ཁྱིམ་ཕེབས་གྱི་མགྲོན་དཀར་ལ་ཁ་བཏགས་ཀྱིས་སྔུན་བསུ་བྱེད་ཅིང་། རྒྱང་བཞུད་ཀྱི་གྲོགས་པོ་ལ་ཁ་བཏགས་ཀྱིས་སྐྱེལ་མ་བྱེད། དཔའ་བོ་ལ་ཁ་བཏགས་ཀྱིས་ངོ་སོ་བསྟོད་ཅིང་། དགའ་སྟོན་ལ་ཁ་བཏགས་ཀྱིས་གཡང་འབོད་གཏོང་།

   ཁ་བཏགས་ནི་ཆོས་འཇིག་རྟེན་གཉིས་ཀྱི་བཀྲ་ཤིས་པའི་མཚོན་བྱེད་ཅིག་སྟེ། ལུང་རྟོགས་ཀྱི་ཡོན་ཏན་ལ་མངོན་འདོད་ཀྱི་དད་མཚོན་ཞིག་གམ། དབང་ཤུགས་ཀྱི་འབྱོར་བ་ལ་ངོ་སྲུང་གི་བཀུར་བཟོ་ཞིག་གམ། དྲིན་ཆེན་གྱི་དྲིན་ལན་ལ་དག་གཙང་གི་སེམས་ཚབ་ཅིག་གམ། བསོད་ནམས་ཀྱི་ཞིང་མཆོག་ལ་དད་འདུན་གྱི་མཆོད་རྫས་ཤིག་གམ། གང་ལྟར་མི་བཟང་གི་བསྟོད་དར་དང་། མཛད་བཟང་གི་དཔང་དར། ཉིན་བཟང་གི་གཡང་དར་སོགས་མདོར་ན་བཀྲ་ཤིས་པའི་ལྷ་དར་ཞིག
    སྔོན་གྱི་དཔའ་དར་ལས་བྱུང་བའམ་རྩམ་དཀར་གོས་ཀྱི་གོང་བར་བྱུགས་པ་ལས་བྱུང་བ་ཅི། ཁྱོད་ཀྱི་མིང་ལ་ལྷ་རེག་དང་ལྷ་རྗས། ལྷ་གོས། ཁ་དར། མཇལ་དར། ཁྱོད་ཀྱི་རྒྱུ་ལ་སྲིན་བལ་དང་ལུག་བལ། ཁྱོད་ཀྱི་རིས་ལ་སྤྲིན་དང་པ་ཏྲ། བཀྲ་ཤིས་རྟགས་བརྒྱད་དང་འདོད་ཡོན་རྣམ་ལྔ། རྒྱལ་བ་རིགས་ལྔ། ཁྱོད་ཀྱི་ཁ་དོག་ལ་དཀར་སེར་ལྗང་གསུམ། ཁྱོད་ཕར་འབུལ་དུས་ཉིས་ལྟེབས་བྱེད་པ་སྟེ། ཐབས་ཤེས་ཟུང་ངམ་ཆོས་རྣམས་རྒྱུ་རྐྱེན་རྟེན་འབྲེལ་དུ་བརྡ་སྟོན་པར་གྲགས་ཤིང་། ཁྱོད་ཚུར་སྩོལ་དུས་དབུ་སྒུར་སྐེ་ལ་བསྒྲོན་པའམ་ཕྱག་གཉིས་སྙིང་ཁའི་མཐོ་ཙམ་ནས་བཀྲ་ཤིས་པ་ཐམས་ཅད་རང་གིས་བཞེས་པའི་ཚུལ་གྱིས་ལེན།
    དེ་ལྟར་མཚར་སྡུག་གི་མི་ལོ་རིང་པོ་ཞིག་ཕྱིན་པའི་དུས་དེ་རིང་། ཁྱོད་གད་སྙིགས་དང་གནས་མལ་གཅིག་ཏུ་ལྷུང་ཡོད་དུས། ཁྱོད་ཁྱི་སྐེ་ནའང་ལྕགས་ལོང་གི་སྦྲེལ་བྱེད་དུ་གྱུར་འདུག་དུས། ཁྱོད་རྐུན་ཇག་ལའང་ངོ་སོ་ཡི་སྐྱེས་ལན་དུ་རྫོང་བ་གནང་དུས། ཁྱོད་རྟ་བོང་མཛོ་ཕྱུགས་ལའང་གཟེངས་རྟགས་ཀྱི་འབུལ་བར་ཐོན་ཡོད་དུས། མདོར་ན་ཁྱོད་ལ་གནས་དུས་ཀྱི་གནང་བཀག་ཅི་ཡང་མེད་པར། མི་རྣམས་ཀྱི་གང་དྲན་དྲན་ངང་གླ་བར་བཀོལ་དུས། ངས་ནི་ཁྱོད་ནི་རིག་གནས་ཤིག་གི་སྣང་ཚུལ་ཁྱད་པར་བ་དང་། མི་རིགས་ཤིག་གི་སྲོལ་རྒྱུན་བཟང་པོ་སྟེ། འབུལ་ཡུལ་ལ་གང་དྲན་དྲན་ག་ལ་ཆོག་ལ། འབུལ་དུས་ལའང་གང་དྲན་དྲན་ག་ལ་རུང་ཨང་ཞེས་ལན་ཅིག་ཞུ་བར་མོས།


    སྔོན་ནས་ད་ལྟ་ལ་ཐུག་གི་བར་དུ་བྱོན་པའི་རྒྱལ་ཕྱི་ནང་གི་སྐྱེས་ཆེན་གསེར་རིའི་ཕྲེང་བ་རྣམས་ནས་དཔེ་ཀློག་གི་གལ་ཆེན་སྐོར་ལ་རིན་ཐང་གཞལ་དུ་མ་མཆིས་པའི་གསུང་གྲགས་ཅན་མང་དུ་བཞུགས་པ་ལྟར། དུས་རབས་འདི་ལ་ཨད་བྷིར་ཐི་ཨན་སི་ཐྲན་ནང་བཞིན་ཚན་རིག་སྨྲ་བ་རྣམས་ཀྱི་སྤྱི་བོ་ནས་དཔའ་གདེང་དང་ཡིད་ཆེས་ཀྱི་ངལ་གསོ་བགྱི་བའི་ཨེ་ལོམ་མཱ་སི་ཁུ་ནས་ཀྱང་དཔེ་ཀློག་གི་ཐད་ནས་ལེགས་བཤད་འདི་འདྲ་སྟེ། གལ་སྲིད་ཁྱེད་རང་མི་ལོ་ཉི་ཤུའི་གཞོན་ནུའི་དུས་སྐབས་ནང་དུ་ཕྱིར་ལོག་ཐུབ་ཚེ་ཆེས་བསྒྲུབ་འདོད་པའི་བྱ་བ་དེ་གང་རེད་ཅེས་དྲིས་པའི་ལན་དུ་དམ་པའི་མདུན་སར་སློབ་སྦྱོང་དང་དཔེ་ཆ་མང་དུ་བཀླག་པ་གཉིས་སོ་ཞེས་གསུངས།

   སྐྱེ་བོ་དམ་པའམ་སྐྱེས་བུ་མཛད་པ་ཅན་གྱི་རྣམ་ཐར་ལ་ལེགས་པར་མཇལ་ནས་ཁོང་ཚོའི་ཞབས་རྗེས་ཀྱི་རི་མོ་འཚོལ་བའམ། ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་ཐམས་ཅད་ཁོང་ཚོར་ཁ་མིག་ཡར་ལྟའི་སློབ་སྦྱོང་གི་ཡུལ་དུ་བཀུར་བའམ། ཁོང་ཚོ་དང་མཉམ་དུ་འདས་མ་འོངས་ད་ལྟ་གསུམ་ལ་བགྲོ་གླེང་དང་བློ་འདྲི་བྱེད་པ་སོགས་ནི་མཆོད་རྟེན་དང་འགྲོགས་པས་དཀར་པོའི་དཔེ་ལྟར་རང་ཉིད་ལ་རྨོངས་པའི་མུན་ནག་འཇོམས་པའི་ཉི་འོད་དང་ལེགས་ཉེས་བདེན་རྫུན་དཔྱོད་པའི་ཤེས་རབ་འཕེལ་ཐུབ་པའི་བདག་རྐྱེན་ལགས་ཕྱིར། དང་པོར་དམ་པའི་མདུན་སར་སློབ་སྦྱོང་ཞེས་བསྔགས།
    སྤྱིར་དཔེ་ཆ་ཀློག་མི་ཀློག་དེ་སོ་སོ་རང་གི་དགའ་མོས་དང་རང་དབང་ཡིན་ཡང་། གལ་སྲིད་དཔེ་ཆ་མ་བཀླགས་པ་ཡིན་ན་འདི་ནས་ལོ་ངོ་བརྒྱ་ཕྲག་སྟོང་ཕྲག་ཕར་འདས་ཀྱང་ཁྱོད་ཀྱི་བསམ་པའི་གོ་རྟོགས་དང་མིག་གི་མཐོང་ཚད་དེ་ཁྱོད་རང་ད་ལྟར་སྡོད་སའི་ལུང་པ་གུ་དོག་དེ་དང་ཁོར་ཡུག་ཆུང་ཆུང་དེ་ལས་ཕ་རོལ་དུ་བརྒལ་མི་སྲིད་ཀྱང་། དེ་ལྟར་ཕར་བརྒལ་མ་ཐུབ་པས་འཇིག་རྟེན་གྱི་བྱ་དངོས་གསར་བ་དག་ལ་འབྲེལ་འདྲིས་དང་སློབ་སྦྱོང་གི་སྒོ་མོ་འགག་ནས་དུས་ནམ་ཡང་སོ་ན་གནས་པ་ལས་ཡར་བསྐྱེད་དང་འཕེལ་རྒྱས་ཀྱི་གོ་སྐབས་རྩ་ནས་ཤོར་འགྲོ་ཕྱིར། གཉིས་པར་དཔེ་ཆ་མང་དུ་བཀླག་པའོ་ཞེས་གདམས།
    དེ་ལྟར་དམ་པ་རྣམས་དང་དཔུང་རྡང་གཤིབ་ཅིང་དཔེ་ཀློག་ལ་ནན་གྱིས་འཇུག་པ་གཉིས་ནི་འགྲོ་བ་མི་རྣམས་སྐར་མ་མིག་དམར་གྱི་སྟེང་དུ་གནས་སྤོར་ལ་ཉིན་མཚན་མེད་པར་གྲ་སྒྲིག་དང་འཆར་འགོད་ཀྱིས་བྲེལ་གྱིན་པའི་ཚན་རིག་པ་ཨེ་ལོམ་མ་སི་ཁུའི་ཉམས་མྱོང་སྤྱི་སྡོམ་ཅན་གྱི་གསུང་ངོ་།།


   གལ་སྲིད་དུས་རབས་འདི་ལའང་སྔོན་བྱོན་རླབས་ཆེ་བའི་ཚན་རིག་པ་དག་དང་དཔུང་བ་མཉམ་གཤིབ་དང་གོམ་ཆེན་མཉམ་བགྲོད་ཐུབ་པ་ཞིག་ཡོད་ཚེ། ཚན་རིག་པ་ཨེ་ལོམ་མཱ་སི་ཁུ་གཅིག་ཏུ་བགྲང་ཆོག་ངེས།

   དོན་གཅིག་ལོའི་ཟླ་དྲུག་པར་ལྷོ་ཨ་ཧྥེ་རི་ཁ་དང་ཁ་ནཱ་རྷ་ནས་ཡིན་པའི་བཟའ་ཟླ་གཉིས་ཀྱི་སྲས་དང་འབྲེལ་ལྷོ་ཨ་ཧྥེ་རི་ཁའི་ལུང་པར་སྐུ་འཁྲུངས། ཡབ་ཀྱི་དྲག་སྤྱོད་དང་སློབ་རའི་བརྙས་བཅོས་ཀྱིས་བྱིས་པའི་སེམས་ཁམས་ལ་རྨ་ཁ་ཟབ་མོ་བགོས་ཡོད་ནའང་། ཆུང་ནས་གང་སྦྱངས་ལ་སྤྲོ་ཤུགས་དང་རིག་སྟོབས་མི་དམན་པས་ཕན་སཱར་ཉིས་ཡ་སློབ་གྲྭ་ཆེན་མོར་དཔལ་འབྱོར་རིག་པ་དང་དངོས་ལུགས་རིག་པ་ཟུང་གི་བསླབ་གནས་དཔང་ཐོབ་མནོས།
    དགུང་ལོ་བཅུའི་ཐོག་མ་ལག་སྒྲིག་སྦྱོར་གྱི་མགོ་ཚུགས། བཅུ་གཉིས་པར་རོལ་རྩེད་རིགས་ཀྱི་མཉེན་ཆས་ཤིག་གསར་བཟོ་བྱས་ཏེ་ཨ་སྒོར་ལྔ་བརྒྱའི་རིན་གྱིས་གཞན་ལ་བཙོང་། སྐུ་ཚེ་འདིའི་རང་བཙལ་གྱི་ཡོང་སྒོ་ཐོག་མར་གྲགས
      གོ་ལྔ་ལོར། གཅུང་དང་མཉམ་འབྲེལ་གྱིས་པར་འདེབས་མཉེན་ཆས༼Zip2༽ཟེར་བ་བཟོས། དེའི་ཕྱིས་དངུལ་སྤྲོད་སྟེགས་བུ༼PayPal༽ཞེས་པ་བཟོས་པས་མིའི་ཉོ་འཚོང་གི་ཐབས་ལམ་ལ་རྩ་བའི་འགྱུར་བ་བསུས།
    སྟོང་ལོ་བཞི་ལོར། གློག་འཁོར་ཁྲད་སི་ལའི༼Tesla༽ཐོན་སྐྱེད་ལ་མ་དངུལ་བཏང་། མཁའ་སྐྱོད་གཟིངས་ཆེན༼SpaceX༽ཀུང་ཟི་བཙུགས། མིས་བཟོས་རིག་སྟོབས༼OpenAI༽དང་ཀླད་སྦྲེལ་རྫས་འཕྲུལ༼Neuralink༽སོགས་ཀུང་ཟི་གཞན་དག་ཀྱང་རིམ་པར་ཕྱེས། ཕམ་ཁ་དང་འཕྱ་དམོད་ཀྱི་ཁོར་ཡུག་འཇིགས་སུ་རུང་ཡང་།  རྨི་ལམ་གྱི་གོམ་པ་རེ་རེར་མངོན་འགྱུར་གྱི་བདེན་པ་བསྩལ།
    དུས་རབས་གཟའ་དེབ་ཀྱི་སྐད་གྲགས་ཅན་གྱི་མི་སྣའི་གདན་ཐོབ་དང་། ཧོ་ཁུན་ཚན་རྩལ་གཟེངས་རྟགས། འཛམ་གླིང་ཕྱུག་བདག་མཚན་ཐོ་སོགས་ཀྱི་གྲལ་དུ་དབང་བ་བྱུང་སྟེ། མཱ་སི་ཁུ་དང་མཱ་སི་ཁུ་འདྲ་བའི་སྐྱེས་བུ་ཚོ་དང་དུས་མཉམ་དུ་འཁེལ་བས། རྣོ་ལྕགས་ཀྱི་འཕུར་མདའ་ལ་རྨི་ལམ་གྱི་འཕྲུལ་གཤོག་སྤྲད་དེ་མིག་དམར་གྱི་འགྲུལ་བཞུད་ལའང་ཉིན་ལམ་གྱི་རིང་བ་ལས་མེད་ཅིང་། རྫས་རྡུལ་གྱི་བྲང་ཁོག་ལ་རྫུ་འཕྲུལ་གྱི་རྣམ་ཤེས་བཞག་སྟེ་འཇིག་རྟེན་གྱི་ཕར་ཚུར་ལའང་ལག་མཐིལ་གྱི་རྒྱ་ཁྱོན་ཙམ་ལས་མི་འདུག
    དུས་དེ་རིང་འཁོར་སྐར་གྱི་དྲ་བས་ནམ་མཁའ་དང་ནམ་མཁའ་སྦྲེལ། དུས་དེ་རིང་གྲུ་རིགས་ཀྱི་གོམ་སྒྲས་རྒྱ་མཚོ་དང་རྒྱ་མཚོ་བསྐྱོམས། དུས་དེ་རིང་འཛུགས་སྐྲུན་གྱི་བཀོད་པས་གླིང་ཆེན་དང་གླིང་ཕྲན་བསྣོལ། རིག་གནས་སྣ་བརྒྱ་ཡི་མེ་ཏོག་འཛུམ། དཔལ་འབྱོར་འཕེལ་རྒྱས་གྱི་འདབ་སྟོང་བཀྲམ། འབྲེལ་འདྲིས་སྣ་མང་གི་ཡོ་ལང་རྒྱས།
    སྔོན་ཆད་ཟླ་མཐུད་ལོ་སྦྲེལ་གྱི་དབུས་ལམ་རིང་མོ། རྨ་ཕར་རི་ཚུར་རའི་རྒྱང་རིང་གི་མཚར་གཏམ་ཕྲེང་བ། ཁ་སང་གི་འདས་དོན་མང་པོ་ཞིག་དུས་དེ་རིང་ཕྱིར་དྲན་གྱི་གཏམ་རྒྱུད་ཙམ་དུ་ལུས། སྔོན་རྨི་ལམ་དུའང་འཁོར་མ་མྱོང་བ་མང་པོ་ཞིག་དུས་ད་ལྟ་མིག་རྣའི་མངོན་སུམ་གྱི་སྤྱོད་ཡུལ་དུ་ལྷག་གེར་ཐོན།
    ཁ་སང་གི་རི་ཚོགས་དེ་སྔར་བཞིན་རི་བོར་གནས་ཀྱང་། དུས་རབས་ཀྱི་གོམ་འདེགས་དང་བསམ་བློ་དེ་ཁ་སང་ནང་བཞིན་མིན་ལ། དེ་རིང་གི་ཆུ་མོ་དེ་སྔར་བཞིན་ཆུ་མོར་གནས་ཀྱང་། དུས་རབས་ཀྱི་ཁ་ཕྱོགས་དང་འཚོལ་སྙེག་དེ་དེ་རིང་ནང་བཞིན་དུའང་མིན་ངེས།


    མི་ཚེ་གཅིག་ལ་གྲོགས་མང་པོ་ཞིག་དང་འཕྲད་ངེས། དེའང་ངོ་ཤེས་ཙམ་གྱི་གྲོགས་པོ། ཞག་གསུམ་གྱི་གྲོགས་པོ། མི་ལོ་འགའ་ཤས་ཀྱི་གྲོགས་པོ། ཚེ་གང་གི་གྲོགས་པོ་སོགས་གྲོགས་པོ་ཞེས་པ་ནི་མི་སྣ་བརྒྱ་འདུས་སྟོང་འདུས་ཁྲོད་ལས་དབང་གིས་ཆེད་དུ་བསྩལ་བའི་ལེགས་སྐྱེས་ཤིག

   ལ་ལ་ཞིག་ངོ་ཤེས་ཙམ་གྱི་ཉིན་གཉིས་པ་ནས་འབྲེལ་ལམ་ཆད་འགྲོ། ཁ་ཅིག་ཞག་གསུམ་གྱི་ཇ་ཁ་ཆང་ཁ་ནས་འཛོམས་མཐར་སོ་སོར་གྱེས་འགྲོ། ལ་ཤས་ཤིག་མི་ལོ་འགའ་ཤས་རིང་ཁྱོད་ཀྱིས་མི་བཟའ་ན་ངས་མི་འཐུང་གི་མཛའ་བརྩེ་ཡུད་ཙམ་བརྟན་པོར་བསྲིངས་མཐར་ཡལ་འགྲོ། ཉུང་ཤས་ཤིག་མི་ཚེ་གཅིག་རིང་ཕར་ཚུར་འབྲེལ་འོང་འོ་ཆུའི་རྒྱུན་གྱིས་ཆད་པ་མེད་པར་གནས་ཐུབ་པ་སྟེ། དེའང་གྲོགས་པོ་ཁྲོམ་བསྒྲགས་ལ་དགའ་བ་ཞིག་དང་འཕྲད་ཚེ། འགྲོ་འཆག་ཉལ་འདུག་ལྟ་ཅི་ཐ་ན་རང་གིས་བཏང་བའི་སྐྱག་པ་ཚུན་ཆད་སྐད་འཕྲིན་འདར་དབྱངས་སོགས་གང་རུང་ནས་ཁྲོམ་བསྒྲགས་བྱ་འཇོག་སྙམ་པའི་སྤྱོད་པའི་དྲི་བགོ་བར་བྱེད་ཅིང་། གྲོགས་པོ་བླ་བཙག་ལ་མོས་མཁན་ཞིག་ཡིན་ཚེ། ཐ་ན་རང་གི་ཕ་མ་དགེ་རྒན་ཚུན་ཆད་ལའང་སྐྱོན་རྟོག་གི་ལྕེ་ཞགས་ཅི་མི་སྙམ་པར་རྐྱོང་བའི་ལམ་དུ་གོམས་པར་གཏོང་ལ། གྲོགས་པོ་རང་བསྟོད་ལ་སྤྲོ་མཁན་ཞིག་ཡིན་ཚེ། རང་སྐྱོན་ཉེས་པའི་གོང་བུའང་ལེགས་ཚོགས་ཡོན་ཏན་གྱི་ཕུང་བོར་སྒྲོ་བཏགས་ཏེ་གར་སོང་གར་འདུག་ལ་རང་བསྟོད་རྨ་བྱའི་སྒྲོ་གུར་གྱི་ཐབས་ཀྱིས་འཚོ། གྲོགས་པོ་ཕྲག་དོག་ཅན་ཞིག་དང་འཕྲད་ཚེ། རྟག་པར་གཞན་གྱི་ཆེ་བའམ་ཕུན་ཚོགས་ཀྱི་ཁས་ལེན་ལ་སྙིང་ཁོང་ནས་མི་བཟོད་པའི་སྡུག་བསྔལ་རྩེ་གཅིག་ཏུ་སྒོམ་པའི་དོང་དུ་ཁྲིད་ཅིང་། གྲོགས་པོ་བློ་ཁོག་དོག་པོ་ཅན་ཞིག་དང་འཕྲད་པས། བསམ་བྱ་མིག་མདུན་གཅིག་པུ་ལ་ཀུན་ནས་ཆགས་ཏེ་འབྱུང་འགྱུར་གྱི་བྱ་བྱེད་ཐམས་ཅད་རྩྭ་རྩེ་ཟིལ་བ་ལྟར་འདོར་བའི་ལས་སུ་འཛུད། དེ་ལྟར་ལུས་ངག་ཡིད་གསུམ་གྱིས་བསྡུས་པའི་ཡ་རབས་དང་དྲང་ཕྱོགས་ཀྱི་ལས་དག་ལའང་གང་འགྲོགས་གྲོགས་དེའི་བསམ་སྤྱོད་གཉིས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས།
    རྟེན་ཐ་དད་ལ་བསམ་པ་གཅིག་ཅན་དེ་གྲོགས་པོ་ཡིན་ཟེར། གྲོགས་མེད་པ་ནི་དྭ་ཕྲུག་དང་འདྲ་ཟེར། གཞན་གྱི་ཉེས་བྱས་ལ་བཟོད་སྒོམ་གྱི་སྤྱོད་ལམ་གུ་ཡངས་པ་ནི་གྲོགས་པོའོ་ཞེས་ཀྱང་གསུངས། གང་ལྟར། གལ་ལ་ཐུག་དུས་ཕར་བསྟོད་ཚུར་བསྟོད་ཀྱི་གུས་ལུགས་མཛེས་ཀྱང་ཁེ་ཕན་བྲལ་དུས་མཚང་འབྲུ་ངན་དམོད་ཀྱི་རིགས་ལ་གྲོགས་པོ་མི་ཟེར། མཉམ་དུ་སྡོད་དུས་ཁྱོད་བྱམས་ང་གཅེས་ཀྱི་མཛའ་བརྩེ་ཟབ་ཀྱང་ལོ་འགའ་ཕྱིན་ཚེ་འཚམས་འདྲིའི་ཚིག་ཙམ་གྱི་འགྲོ་འོང་ཆད་པའི་རིགས་ལ་གྲོགས་པོ་མི་ཟེར། འགྲོགས་ན་སྐྱོན་གྱི་བུ་ག་བརྡོལ་ཞིང་འདྲིས་ཚེ་ཡོན་ཏན་སྒོ་མོ་འགག་པའི་རིགས་ལའང་གྲོགས་པོ་མི་ཟེར།
    རི་ཚོགས་ཀྱིས་མཐོང་ལམ་བཀབ་ཀྱང་འགྲོས་ཁྱར་ཁྱོར་ངང་སྐྱིད་སྡུག་ལ་མ་བོས་ཀྱི་རྒྱང་མགྲོན་ཐུབ་པ་དེ་གྲོགས་པོ་ཡིན། ཕྱི་དགྲ་ཡི་མཚོན་ཁ་རྩུབ་ཀྱང་ལུས་ཡ་ཡོ་ངང་ཚེ་སྲུང་ལ་སྡོང་མཆོང་གི་དཔའ་ངར་ཚུགས་པ་དེ་གྲོགས་པོ་ཡིན། བསམ་བློ་ཡི་ལྕགས་ར་བཙན་ཡང་གསུང་འཇམ་འཇམ་ངང་གང་གླེང་ལ་ཞི་མཐུན་གྱི་གདངས་དབྱངས་སྙན་པ་དེ་གྲོགས་པོ་སྟེ། གྲོགས་པོ་བར་གྱི་མཛའ་བརྩེ་ནི་རི་ཚོགས་ཀྱི་དཔུང་བ་མཐོའང་མི་ཁོགས། གྲོགས་པོ་བར་གྱི་ཡིད་ཆེས་ནི་ཕྱི་དགྲ་ཡི་མཚོན་ཆར་འཁྲིགས་ཀྱང་མི་འབོར། གྲོགས་པོ་བར་གྱི་ཕྱི་ཐག་ནི་ལྟ་དགོངས་ཀྱི་ཚེར་མ་གཟེངས་ཀྱང་མི་འགལ། 
    གྲོགས་བརྒྱ་ཡོད་ཀྱང་ཉུང་རབས་ཏེ། གྲོགས་པོ་ཕན་ཚུན་བར་འབྲེལ་འདྲིས་ཀྱི་དུས་ཚོད་ངེས་ཅན་ཞིག་ཕྱིན་མཐར། སྔོན་གྱི་དེ་རྣམས་ཕུགས་མེད་པའམ་གཡོ་བ་ཅན་ནམ། ཡང་ན་རྩ་མེད་དུ་མི་འགྲོ་བའི་ངེས་པའང་ག་ལ་མཆིས། དེ་ལྟ་ནའང་ཕན་ཚུན་བར་སྔར་བཞིན་མཛའ་བརྩེ་བརྟན་ཆགས་སུ་གནས་ཐུབ་པའི་རྒྱུ་ནི་ཕ་རོལ་ལ་བྱིན་པའི་གཞུང་དྲང་དང་ལྷག་བསམ། སེམས་ཁུར། གཅེས་འཛིན་གྱིས་མཚོན་པའི་ནོར་བུ་རིན་པོ་ཆེ་དག་ཡིན་གྱི། ལང་ཚོའི་མཛེས་པ་ཡིས་མ་ཡིན་ལ། རྒྱུ་ནོར་གྱི་བསླུ་བྲིད་ཀྱིས་མ་ཡིན། ཡོན་ཏན་གྱི་ཕུན་ཚོགས་ཀྱིས་ཀྱང་མ་ཡིན།
    གྲོགས་པོ་ལགས། ཁེ་ཕན་ཞིག་ལ་དམིགས་པ་མེད་པར་ཁྱེད་དང་འབྲེལ་འདྲིས་ཆད་མེད་དུ་གནང་མཁན་དེ་ལ་ད་གཟོད་གྲོགས་པོ་ཞེས་ཟེར།


@ཡོང་ཁུངས།  ཟ་མ་ཏོག་འཕྲིན་སྟེགས།




ཁ་སྒང་སྟག་འབུམ་རྒྱལ།


    མཚོ་ལྷོའི་འབའ་རྫོང་ཁ་སྒང་དཔོན་སྐོར་དུ་སྐྱེས། སྔ་ཕྱིར་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཁོང་གཏོགས་བོད་དབྱིན་འཛིན་གྲྭ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་འགྲིམས་ནས་གྲ་སྒྲིག་དང་དངོས་གཞི། ཞིབ་འཇུག འབུམ་རམས་བཅས་རིམ་པར་བཏོན། ད་ལྟ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་དགེ་རྒན་གྱི་བྱ་བ་གཉེར་གྱིན་མཆིས། བརྩམས་ཆོས་ལ«ཕྱི་ནང་གྲུབ་མཐའི་ཟིན་བྲིས»དང«ཕྲ་རྡུལ་ལས་མཐོང་བའི་འཇིག་རྟེན»དང«མཁས་པའི་ཞལ་གདམས་ཐོར་བཏུས»སོགས་མཆིས།






ཕྱིར་མིག




ལྷུག་རྩོམ།

01 སེམས་འཕྲིན། གངས་དཀར་ལྷ་མོ།
02 འཕྲིན་ལན་ཟླ་གཉིས་ཉིན་ལྔ་མ། རླུང་ནག་འཚུབ་མ།
03 དྲན་གདུང་། འབུམ་རམས་པ་ཚེ་རྡོར།
04 སློབ་ཆེན་གྱི་དགེ་རྒན། འགྱན་སངས།
05 སྐབས་དགུ་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
06 སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
07 སྐབས་བདུན་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
08 སྐབས་དྲུག་པའི་སྦྲང་ཆར་རྩོམ་རིག་བྱ་དགའི་གཏམ་བཤད།
09 དེབ་གསར་འགྲེམ་སྤེལ་མཛད་སྒོའི་གཏམ་བཤད།
10 «ཁ་བ་སྙིང་ལྕགས་ཀྱི་བརྩམས་ཆོས་ཕྱོགས་བསྡུས»ཀྱི་འགོ་བརྗོད།
11 རྗེས་སྙེག་སློབ་མ་སྐྱོང་བའི་འབོད་སྐུལ་དང་གླེང་བརྗོད།
12 བཅོས་མིན་གྱི་ལེགས་སྐྱེས། རླུང་ནག་འཚུབ་མ།
13 ཕུགས་འདུན། དཔལ་མོ་རྒྱལ། 
14 སྦྲ་ནག་གི་གྱེས་འབོད། འཇུ་སྐལ་བཟང་།
15 རང་ཁྱིམ། འཇུ་སྐལ་བཟང་། 
16 དྲན་པས་མ་ཟིན་པའི་སྐྱིད་གྲོང་། བུ་ཚེ་རིང་རྒན་པ།
17 «བདུད་ལྷ་རྒྱལ་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས»ཀྱི་མགོ་བརྗོད།
18 «སྦྲང་ཆར»སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པའི་རྟེན་འབྲེལ་ཞུ་ཚིག
19 ཕྱིར་ལོག་པ། སྐད་ཅིག་མ།
20 མདོ་ཁམས་ཀྱི་དགོན་སྡེ་དང་ཡུལ་གྲུ་ཁག་ཅིག་ལ་བསྐྱོད་པ།
21 བོད་ཡིག་སློབ་འབྲིང་གི་སྨུག་པ། ཧུ་ར་འཇའ་པེ།‍‍‍‍‍
22 ལྷ་སའི་ཇོ་བོའི་སྐུ་སྤུན། ཁྱུང་པོ་ཚེ་རིང་།‍‍‍
23 རྩོམ་འབྲི་བ་དེ་ལས་སླ་བོ་ཞིག་མིན་པར་སེམས། ལྗང་བུ།
24 གཡག་རྭ་ཆག ཅོ་ནེ་ཡུམ་ཚེ་རིང་།
25 དྲན་པ་ཐར་ཐོར། ཨ་བུ།
26 སྟོང་བསམ། ལྗང་བུ།
27 ཤད་དོར་བ་ནི་དོན་ལ་ཡི་གེ་དོར་བ་རང་རེད། མེ་ལྕེ།‍‍‍‍‍‍‍‍‍‍
28 དབུ་རུ་བྱང་དང་འཕན་ཡུལ་སོགས་སུ་བསྐྱོད་པའི་བརྗེད་བྱང་།‍‍‍‍‍‍‍‍‍
29 བྱིས་དུས། སྐལ་རྒྱམ། 
30 ལུང་པ་ཆུང་ཆུང་ཞིག་ཏུ་འབུམ་རམས་པ28བྱུང་བ།
31 དཀར་མཛེས་གེ་སར་རྒྱལ་པོའི་ནས་ཀྱི་རིག་གནས་སྤྱི་གླིང་།
32 ཨ་མར་འབྲུག་མཚོར་མཇལ་བའི་ཟིན་ཐོ།
33 དོ་ནུབ་ངས་ཁྱེད་རང་གླེང་། 
34 བོད་ཡིག་དགེ་རྒན་འགའ་ལས་བྱུང་བའི་གོ་རྟོགས།

@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章