[སྙན་ངག] གེ་སར་སྐྱེས་བུ་དོན་གྲུབ། | གཅོད་པ་དོན་གྲུབ།

教育   2024-11-11 08:06   甘肃  





སྙན་ངག་བདམས་བཀོད།






གེ་སར་སྐྱེས་བུ་དོན་གྲུབ།

གཅོད་པ་དོན་གྲུབ།


ཀ་ཆེན་གཅིག་གིས་འཛམ་གླིང་འདེགས་ནུས་ཤིང་།།

ཁ་དོན་གཉིས་མཚུངས་མགོ་ནག་མི་ཡི་མགོན།།

ག་དུས་བདུད་སྡེ་འཇོམས་ལ་གཉོམ་ཆུང་སྐྱོང་།།

ང་ཡི་སེང་ཆེན་རྒྱལ་པོར་སྙིང་ནས་འདུད།།


ཅ་ནོར་རིན་ཆེན་སྣ་ཚོགས་དབང་གིས་བསྡུས།།

ཆ་ལུགས་མི་འདྲ་ཧོར་བདུད་འཇང་མོན་བཞི།།

ཇ་ཁོལ་ནང་དུ་ཆུ་འཁྱགས་བླུགས་ལྟར་བཅོམ།།

ཉ་གང་ཟླ་བ་ཇི་བཞིན་བསམ་དོན་གྲུབ།།


ཏཱ་རེ་ལྷ་མོའི་ཐུགས་ལྟར་མཁྱེན་རྒྱ་ཡངས།།

ཐ་མའི་སྤྱོད་ལམ་འགོག་ལ་སྙིང་སྟོབས་མངའ།།

ད་དུང་གཞན་ཕན་སྒྲུབ་ལ་ལྷག་བསམ་ཅན།།

ན་ཆུང་དུས་ནས་སྤྲུལ་བསྒྱུར་གང་འདོད་ཐུབ།།


པ་ཏྲའི་རི་མོ་ལྟ་བུའི་ཇུས་ཆེན་ཡོད།།

ཕ་མའི་བརྩེ་སེམས་འགྱུར་མེད་རྡོ་རྗེ་ཡོད།།

བ་གླང་ཇི་བཞིན་སྡུག་རུས་བརྩོན་འགྲུས་ཡོད།།

མ་རིག་མུན་པ་སེལ་བའི་ཤེས་རབ་ཡོད།།


ཙ་ར་བཅད་ཀྱང་དམྱལ་ཡུལ་ཁམས་སུ་བསྐྱོད།།

ཚ་གྲང་དཀའ་ཐུབ་མྱངས་བའི་རྣམ་ཤེས་རྣམས།།

ཛ་དྲག་ཞི་བའི་དག་ཞིང་གནས་སུ་དྲངས།།

ཝ་ལེར་བསམ་ན་བྱང་ཆུབ་སེམས་དཔའི་ཐུགས།།


ཞ་བོ་འོན་པ་ཡིན་ཀྱང་རིས་མེད་པར།།

ཟ་མ་ཞིམ་པོ་སྤྱོད་པའི་བདེ་སྐྱིད་སྦྱིན།།

འ་ཅག་མི་སེར་ཀུན་གྱིས་གེ་སར་རྗེའི།།

ཡ་མེད་བཀའ་དྲིན་སུས་ཀྱང་བརྗེད་མི་སྲིད།།


ར་ལུག་ཕྱུགས་རིགས་བོད་མིའི་འཚོ་རྟེན་ཡིན།།

ལ་ཡངས་རི་མཐོ་བོད་མིའི་ཕ་ཡུལ་ཡིན།།

ཤ་ཆང་ཟས་སྤྱོད་བོད་མིའི་གནའ་སྲོལ་ཡིན།།

ས་གཞི་ཆེན་པོ་གླིང་དཀར་ལྷ་སྡེ་ཡིན།།


ཧ་ཅང་ལེགས་པའི་གླིང་སྒྲུང་གསེར་གྱི་རི།།

ཧ་ལམ་སུམ་བརྒྱ་བདུན་ཅུ་ཡོད་པར་ངེས།།

ཨ་རོག་རྟོགས་བརྗོད་ངོ་མཚར་རེ་རེ་ཡང་།།

ཨ་ཇོ་གེ་སར་རྒྱལ་པོའི་མཛད་འཕྲིན་ལགས།།


ཞེས་ཕྱི་ལོ2021ལོའི་ཟླ1ཚེས28ཉིན་གྱི་སྔ་དྲོར་ཐོལ་བྱུང་དུ་སྦྱར་བ་དགེ་བར་ཤོག




གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章