[ངོ་སྤྲོད] ​བོད་རྒྱ་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་པ་ཀྲང་དབྱི་སུང་།

教育   2024-10-14 09:04   甘肃  





མི་སྣ་ངོ་སྤྲོད།







    སྤྱི་ལོ1893ལོའི་ཟླ9བའི་ཚེས1ལ། ལྷུང་ལྷུང་དུ་འབབ་པའི་ཅཱ་ལེན་གཙང་པོའི་འགྲམ་རྒྱུད་ཀྱི་གྲོང་སྡེ་ཞིག་ནས་བྱིས་པ་ཞིག་ངུ་ངག་གི་དབྱངས་རྟ་སྙན་མོ་དང་བསྡོངས་ཏེ་འཇིག་རྟེན་མི་ཡུལ་དུ་བྱོན། དེ་ནི་ལོ་རྒྱུས་ཀྱི་རྡོ་རིང་བཞེངས་མཁན་བོད་རིག་པའི་མཁས་པ་ཆེན་མོ་དང་བོད་རྒྱ་ཚིག་མཛོད་ཆེན་མོའི་གཙོ་སྒྲིག་པ་ཀྲང་དབྱི་སུང་ལགས་རེད།

    ཀྲང་དབྱི་སུང(张怡荪)སྐུ་ན་ཕྲ་དུས་རང་གཞིས་ནས་སྒྲུབ་པའི་ཁྱིམ་གཉེར་སློབ་གྲྭ་འགྲིམས་ཏེ་གཞུང་བཞི་དང་བསྟན་བཅོས་ལྔ་ལ་སྦྱངས། ཡབ་མེས་ནི་རིག་པའི་གནས་ལ་དགའ་ཞིང་བློ་དཀྱེལ་ཆེ་བས་བུ་རབས་ཚ་རྒྱུད་ཀྱི་སློབ་གསོར་གཙིགས་ཆེན་གནང་མཁན་ཞིག་ཡིན། ཉིན་རེར་དགེ་རྒན་གྱི་སློབ་ཁྲིད་ལ་མཉན་པ་ཕུད། མཚན་མོར་ཁྱིམ་ནས་རང་གིས་དངོས་སུ་སློབ་ཁྲིད་བྱེད་པ་མ་ཟད། སྐབས་མང་པོར་གཅེན་མོ་ལགས་ཀྱིས་སྣུམ་རྐོང་སྦར་བའི་རམ་འདེགས་འོག་དཔེ་ཀློག་དང་སྐྱོར་འཛིན་བྱས། དེ་ལྟར་སློབ་གཉེར་གྱི་རྒྱུན་མ་ཆད་པར་བསྲིངས་པས། ཀྲང་དབྱི་སུང་ལགས་སྐུ་ན་ཕྲ་མོའི་དུས་ནས་བསམ་བློའི་གོ་རྟོགས་སད་དེ་ན་མཉམ་གྱི་བྱིས་པ་དག་ལས་གཟེངས་སུ་ཐོན་ཏེ་བློ་མིག་དང་ལྡན་པ་ཞིག་ཏུ་གྱུར། ལོ་ན་ཅུང་ཆེ་རུ་སོན་དུས། རྫོང་དང་ཞིང་ཆེན་གྱི་སློབ་གྲྭ་འགྲིམས། 1915ལོར་སི་ཁྲོན་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་རྗེས། པེ་ཅིན་དུ་བསྐྱོད་ནས་མུ་མཐུད་དུ་སློབ་གྲྭ་འགྲིམ་འདོད་ཆེ་ཡང་། ཕ་ལགས་རྒྱུ་གྲོན་ཆེ་བས་རེ་འབྲས་དོན་སྨིན་མ་བྱུང་། དེ་ནས་གཞན་གྱི་འོས་སྦྱོར་ལྟར་དེ་གའི་སློབ་འབྲིང་ཞིག་ནས་དགེ་རྒན་གྱི་ཕྱག་ལས་གནང་། 1917ལོའི་ཉིན་ཞིག་ལ། ཁོས་རང་གི་ཡབ་མེས་ལ་ལྐོག་ཏུ་གྱེས་ཕྱག་ཕུལ་ཅིང་བསགས་དངུལ་ཕྲན་བུ་ཡོད་པ་བསྣམས་ཏེ་ཕ་ཡུལ་དང་ཁ་བྲལ་ནས་པེ་ཅིན་དུ་བསྐྱོད། དེ་གར་ཡིག་ཚད་ཨང་དང་པོ་བླངས་ཏེ་པེ་ཅིན་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སྡེ་ཁག་འགྲིམས། སློབ་མའི་དུས་སྐབས་ཉིད་ནས་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ། 1921ལོ་ནས1934ལོའི་བར། སྔ་རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོ་དང་ཆིན་ཧྭ་སློབ་གྲྭ་ཆེན་མོ། པེ་ཅིན་བུད་མེད་དགེ་འོས་སློབ་གྲྭ་ཆེན་མོ། ཧྲན་ཏུང་སློབ་གྲྭ་ཆེན་མོ་སོགས་ནས་དགེ་རྒན་དང་སློབ་དཔོན། སྡེ་ཁག་གི་འགོ་གཙོ་བཅས་ཀྱི་འགན་བཞེས་ཏེ་རྒྱའི་སྐད་ཡིག་དང་ཁྲུའུ་ཡི་སྙན་རྩོམ། རྩོམ་རིག་ཆེད་མཁས་ཞིབ་འཇུག རྩོམ་བྱུང་ལོ་རྒྱུས། རྒྱའི་གནའ་ཡིག་དང་ཡི་གེའི་རིག་པ། སཾ་བོད་ཚིག་རྒྱན་རིག་པ། རྒྱ་འགྱུར་ནང་བསྟན་རྩོམ་རིག་སོགས་འཆད་ཁྲིད་བྱས་མྱོང་། སྙན་ངག་པ་ཙང་ཁི་ཀྱཱ་ལགས་ལོ་ན་གཞོན་དུས་དམ་པ་ཁོང་གི་ཁྲུའུ་ཡི་སྙན་རྩོམ་གྱི་སློབ་ཁྲིད་ལ་མཉན་མྱོང་བ་དང་། སློབ་ཁྲིད་ཀྱི་སྒྱུ་རྩལ་དང་ཆུ་ཚད་ལ་གདེང་འཇོག་ཆེན་པོ་གནང་ཡོད། དམ་པ་ཁོང་ཉིད་རྒྱ་ཡིག་གི་ཡོན་ཚད་ཧ་ཅང་མཐོ་བས་སྔ་མོ་ནས་མིང་དུ་གྲགས་ཡོད་པ་དང་། སྒོས་སུ1922ལོར ། ཀྲུང་གོ་ཉེ་རབས་ཀྱི་བསམ་བློ་བ་དང་ཆབ་སྲིད་པ། སློབ་གསོ་བ་གྲགས་ཅན་ལིང་ཆི་ཁྲའོ(梁启超)དང་ལའོ་ཙིའི་སྤྱོད་གཞུང(道德经)གི་གྲུབ་དུས་ཀྱི་ཐད་ནས་བརྒལ་བརྟག་གནང་བས་སྤྱི་ཚོགས་ཧྲིལ་བོར་དེ་བས་གྲགས་སྐད་ཆེ་རུ་སོང་།
    དེ་ཡང1928ལོར། ཀྲང་དབྱི་སུང་ཆིན་ཧྭ་སློབ་གྲྭ་ཆེན་མོར་དགེ་རྒན་བྱེད་སྐབས། བློ་མཐུན་ཁྲིན་ཡེན་ཆུའེ(陈寅恪)ལགས་ཀྱི་དྲུང་ནས་བོད་ཡིག་གི་རྒྱུ་ཆ་རེག་པ་དང་། རྒྱལ་ཕྱི་ནས་བོད་ལ་ཞིབ་འཇུག་བྱས་པའི་བརྩམས་ཆོས་སྐོར་ཞིག་བཀླགས། དུས་དེར་ཀྲང་དབྱི་སུང་ལ་སེམས་ཚོར་ཞིག་བྱུང་བ་ནི། སྐབས་དེའི་བོད་རིག་པའི་ཚིག་མཛོད་ཕལ་ཆེ་བ་ནི་ནུབ་ཕྱོགས་ཀྱི་མཁས་པས་བསྒྲིགས་པ་དང་། བོད་རིག་པའི་ཞིབ་འཇུག་གི་ཕ་ས་ནི་ཀྲུང་གོ་ཡིན་ཡང་། སྐབས་ཐོག་དེར་རྒྱལ་ནང་དུ་བོད་རིག་པར་ཞིབ་འཇུག་བྱེད་པའི་མི་སྣ་མང་པོ་མེད་པའི་གནས་བབ་འདིས་ཁོང་གི་སེམས་པ་དྲག་ཏུ་སྐྱོམ། གནས་བབ་འདི་བསྒྱུར་ཆེད་ཁོས་བོད་རིག་པར་ཞིབ་འཇུག་བྱེད་པའི་འགྱུར་མེད་ཆོད་སེམས་བཅས་ཏེ། དེ་ཡང་ཐོག་མར་ཀྲུང་གོ་བ་ཡི་བློ་གྲོས་ཀྱི་འོ་མཚོ་ལས་བྱུང་བའི་བོད་རྒྱའི་ཚིག་མཛོད་ཅིག་བསྒྲིག་དགོས་པ་དང་། དེ་ནས་བོད་རིག་པ་ཞིབ་འཇུག་གི་རྨང་བཏིང་སྟེ་རྒྱ་བོད་རིག་གནས་བརྗེ་རེས་སྐུལ་སྤེལ་བྱེད་པའི་འདུན་མ་བཏབ། དེ་རྗེས་ཁོང་གིས་དགའ་ལྡན་བྱིན་ཆགས་གླིང་སོགས་སུ་བཞུགས་པའི་བོད་ཀྱི་བླ་མ་གང་མཆིས་དགེ་རྒན་དུ་བསྟེན་ནས་བོད་ཡིག་སྦྱང་མགོ་བརྩམ་པ་དང་། གོང་མའི་ཕོ་བྲང་གི་དངོས་མང་ཁང་སོགས་ནས་བོད་རིག་པའི་ཞིབ་འཇུག་གི་རྒྱུ་ཆ་གང་མང་འཚོལ་བསྡུ་བྱས། ད་དུང་ཞིབ་འཇུག་གི་དགོས་མཁོ་ལྟར། ནང་བསྟན་ཞིབ་འཇུག་ཚོགས་པ་རེ་འགའི་ཚོགས་མིར་འབྲེལ་ལམ་བཙུགས་ཏེ་ནང་བསྟན་མཚན་ཉིད་རིག་པའི་ཐད་ལ་སྦྱངས། དེ་ལྟའི་སློབ་གཉེར་གྱི་གོ་རིམ་ཁྲོད། བོད་རིག་པའི་ཞིབ་འཇུག་གི་གནས་བབ་ལེགས་བཅོས་དང་། བོད་ཀྱི་ཤེས་རིག་གི་ནང་སྙིང་དང་ངོ་བོ་རྣལ་མ་རྟོགས་པ་ལ་རང་གཞན་གཉི་གར་ཕན་པའི་ཚིག་མཛོད་ལེགས་ཤོས་ཤིག་ངེས་པར་མཁོ་བར་དགོངས་ནས་བོད་རྒྱ་ཚིག་མཛོད་ཆེན་མོ་བསྒྲིག་པའི་ཆོད་སེམས་བརྙེས། སྐབས་དེར་ཁོ་རང་དགུང་གྲངས་སུམ་ཅུར་བརྒལ་ཡོད་པ་དང་། ཁོང་གི་ཆུང་མ་དང་དགེ་གྲོགས། མཛའ་བཤེས་མང་པོ་ནི་ཁོང་གི་ཚིག་མཛོད་བསྒྲིག་པའི་དགོངས་འདུན་ལ་མོས་མཐུན་མ་བྱུང་། འགའ་ཞིག་གིས་ཁོས་མུ་མཐུད་དུ་ཀྲུང་གོའི་རྩོམ་རིག་ལ་ཞིབ་འཇུག་བྱེད་ན་འབྲས་བུ་མི་དམན་པ་འཐོབ་ངེས་པར་བརྗོད་པ་དང་། ལ་ལས་ཁྱེད་རང་མཚན་སྙན་འབར་བའི་སློབ་གྲྭ་ཆེན་མོའི་རྒྱ་ཡིག་སྡེ་ཁག་གི་དགེ་རྒན་ཡིན་པ་དང་། རེག་དཀའ་བའི་ཐོབ་ཐང་དེ་བསྐྱུར་ནས་ཆེད་ལས་གཞན་ཞིག་ལ་གསར་དུ་འཇུས་པ་ནི་རང་གི་ཞིང་ས་བསྐྱུར་ཏེ་གཞན་གྱི་ས་ཞིང་འདེབས་པ་མ་ཡིན་ནམ་ཞེས་གླེང་ཞིང་། རེ་འགས་ཁོང་གིས་བཙོ་སྦྱངས་བྱས་ཟིན་པའི་ལྕགས་ཀྱིས་རལ་གྲི་བརྡུང་བ་བསྐྱུར་ཏེ་གཏེར་གསར་འདོན་ཨང་ཞེས་འཕྱས་འདོགས་པ་སོགས་བཀག་འགོག་ཇི་ལྟར་བྱས་རུང་ཁོང་གི་ཆོད་སེམས་ཀྱི་རི་བོ་དེ་གཏན་ནས་སྒུལ་མ་ཐུབ། ཁོང་གིས་མུ་མཐུད་དུ་པེ་ཅིན་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་གྱི་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པར་མོས་པའི་དགེ་གྲོགས་དུ་མ་བཀུགས་ཏེ་བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱས། དེ་རྗེས་འཇར་པན་བཙན་འཛུལ་བའི་འཇབ་རྒོལ་ཇེ་དྲག་ཏུ་ཕྱིན་པ་དང་། དགེ་གྲོགས་མང་པོ་ཞིག་གིས་འགྲུབ་དཀའ་བའི་ལས་གཞི་འདིར་མུ་མཐུད་དུ་ཉམས་ཞིབ་བྱ་འདོད་མེད་པ་དང་། ཁོ་རང་ཡང་ཆོས་ཚོགས་ཀྱི་སློབ་ཆེན་དུ་ལས་ཀ་གཉེར་འདོད་མ་བྱུང་བས། 1934ལོར་ཁོ་རང་ཆིན་ཏའོ་ནས་པེ་ཅིན་དུ་ལོག དགའ་ལྡན་བྱིན་ཆགས་གླིང་ནས་སྡོད་ཁང་ཞིག་གླས་ཏེ། ནུབ་མཐའི་ཤེས་རིག་གླིང་ཞེས་བོད་ཀྱི་ཤེས་རིག་སྤྱི་ལ་ཞིབ་འཇུག་དང་སྒོས་བོད་རྒྱ་ཚིག་མཛོད་ཆེན་མོ་བསྒྲིག་པ་ལ་ཆེད་གཉེར་ལས་ཁུངས་ཤིག་བཙུགས་ཏེ་རང་ཉིད་ཀྱིས་གཙོ་འགན་ཁུར། ཉེར་མཁོའི་རྒྱུ་ཆ་ཅི་ལྕོགས་ཀྱིས་འཚོལ་སྡུད་དང་ཉོ་སྒྲུབ་ཀྱིས་ཞིབ་འཇུག་གི་ཕྱག་ལས་བསྐྱངས་ཏེ་ཐུའུ་བཀྭན་གྲུབ་མཐའ་སོགས་བོད་ཀྱི་བསྟན་བཅོས་ཁག་ཅིག་རྒྱ་འགྱུར་གནང་། སྐབས་དེར་འབྲེལ་ཡོད་རྒྱུ་ཆ་ཞིག་འཚོལ་བ་ལ་ད་ལྟ་ནང་བཞིན་སྟབས་བདེ་བོ་ཁྱོན་ནས་མིན་པ་དང་། དང་ཐོག་ཚིག་མཛོད་ཀྱི་དཀར་ཆག་བསྒྲིག་སླད་ལས་གྲོགས་གཉིས་ཆེད་དུ་རི་བོ་རྩེ་ལྔར་མངགས་ཏེ་བོད་ཡིག་གི་དཔེ་ཆའམ་བསྟན་བཅོས་གཡར་བོ་བགྱིས་ཏེ་གཟིགས་ཀློག་གནང་བ་དང་། སྒོས་སུ་རྒྱལ་ཕྱིའི་བོད་རིག་པའི་རྒྱུ་ཆ་རེག་ཆེད་གཞན་ལ་འབྲེལ་བ་ཅི་དྲག་གནང་སྟེ་མངགས་ཉོ་བྱས།  སྐབས་འགར་སྤྱོད་དངུལ་ཕྲན་བུ་ཙམ་ཡོད་པ་བཏང་སྟེ་ཉོ་སྒྲུབ་བྱས་པའང་ཡོད། 1937ལོར་འཇར་པན་གྱིས་ཁྱོན་ཡོངས་ནས་རང་རྒྱལ་ལ་བཙན་འཛུལ་བྱེད་སྐབས། ཁོང་གིས་བོད་རྒྱའི་ཆོས་མངོན་པ་མཛོད་ཀྱི་ཐ་སྙད་ཕྱོགས་བསྒྲིགས་དང་རྒྱ་བོད་མིང་བརྡ་ཤན་སྦྱར་ཞེས་པའི་ཚིག་མཛོད་གཉིས་གཙོ་སྒྲིག་གནང་བ་པེ་ཅིན་སོགས་ཉེ་འཁོར་གྱི་གྲོང་ཁྱེར་ཁག་ནས་པར་སྐྲུན་བྱེད་མ་ཐུབ་པར་ཤང་ཀང་དུ་ཕེབས་ནས་པར་བསྐྲུན་བྱས། ཁོང་གིས་རང་ཉིད་ཀྱིས་ཞེ་དམ་བཅས་པའི་ཆོད་སེམས་དང་འདུན་མ་མངོན་འགྱུར་འབྱུང་སླད། སྐབས་དེའི་དུས་ཟིང་ལ་གཡོལ་ཏེ་ཁྲིན་འདུ་སྤོས་ངད་གྲོང་དུ་ཕེབས། དེ་གར་སློབ་གྲྭ་ཆེན་མོའི་སློབ་དཔོན་གྱི་འགན་མ་གཉེར་བ་དང་། འགྲུབ་ལ་ཉེ་བའི་ཕྱག་རྩོམ་མི་ཉུང་བ་ཞིག་རྩོམ་འཕྲོར་བསྐྱུར་ཅིང་ནུབ་མཐའི་ཤེས་རིག་གླིང་གི་སྒོ་བྱང་དངོས་སུ་བཀལ་ཏེ་བློ་གཅིག་སེམས་གཅིག་གིས་མུ་མཐུད་བོད་རྒྱ་ཚིག་མཛོད་ཆེན་མོ་བསྒྲིག་པའི་ལས་འཕྲོ་བསྐྱངས། 1938ལོའི་ཟླ8པར། ཁོང་གིས་གཙོ་སྒྲིག་མཛད་པའི་བོད་ཡིག་གི་འཕྲིན་ཡིག་ཚད་ལྡན་དང་རྒྱ་བོད་མིང་མཛོད་ཅེས་པ་པར་སྐྲུན་བྱས། 
    1939ལོར་རྒྱ་བོད་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་ཞེས་པ་པར་དུ་བསྐྲུན། བོད་ཀྱི་རིག་གནས་ལ་རྒྱུས་ལོན་དང་ཉམས་ཞིབ་བྱེད་པར་ནང་བསྟན་ནི་རྟོགས་དགོས་པའི་ཡན་ལག་ངེས་ཅན་དུ་མཐོང་ནས་སྐབས་དེར་ཁོང་གིས་ཆེད་དུ་མདོ་སྔགས་རིག་གནས་དང་བཅས་པར་ནང་བྱན་ཆུད་པའི་དགེ་བའི་བཤེས་གཉེན་ཆེན་པོ་རྗེ་བཙུན་ཤེས་རབ་རྒྱ་མཚོ་སོགས་མཁས་པའི་མཚན་སྙན་བཞེས་པ་རེ་འགའ་ནུབ་མཐའི་ཤེས་རིག་གླིང་དུ་གདན་ཞུ་གནང་སྟེ་ནང་བསྟན་སྐོར་གྱི་ཤེས་བྱ་འཆད་ཁྲིད་གནང་། 1941གི་ལོར། བོད་རྒྱའི་ཐ་སྙད་འགྲེལ་བའི་བྱ་གཞི་གྲུབ་རྗེས། གོ་མིན་སྲིད་གཞུང་གིས་ཁོང་གིས་བཙུགས་པའི་ནུབ་མཐའི་ཤེས་རིག་གླིང་ནས། གོ་མིན་སྲིད་གཞུང་ལ་མཁོ་བའི་མཐའ་སྲུང་མི་སྣ་སྐྱེད་སྲིང་བྱེད་པའི་བསམ་ཚུལ་ལ་ཁོ་རང་འདོད་མོས་མ་བྱུང་བར། གོ་མིན་སྲིད་གཞུང་གིས་ཞི་དྲག་ཟུང་གི་བྱེད་ཐབས་ཅི་རིགས་སྤྱད་པས་མ་དངུལ་གྱི་མཁོ་འདོན་དང་འཚོ་བའི་ཐད་ནས་སྐུ་ངལ་མང་དུ་རེག སྐབས་དེའི་དཀའ་སྡུག་ལ་གཡོལ་པ་དང་སྔར་བས་མང་པའི་རྒྱུ་ཆ་འཚོལ་བསྡུ་བྱ་ཆེད་ཁོ་རང་ཁམས་ཀྱི་དར་རྩེ་མདོར་ཕྱག་ཕེབས་གནང་། དེ་གར་ནུབ་ཁམས་ལོ་རྒྱུས་ཆེན་མོའི་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས་པ་དང་ལྷན་བོད་ཀྱི་དགོན་པའི་ལོ་རྒྱུས་དང་གསོ་རིག་ལོ་རྒྱུས་སོགས་ཀྱི་རྩོམ་སྒྲིག་གི་ཚེགས་ཡོན་བཅས་ལ་བརྟེན་ནས་གནས་སྐབས་ཀྱི་འཚོ་བ་དང་ལས་གཉེར་འཁྱོལ་ཐབས་བྱས། དེ་ག་ནས་ཀྱང་གོ་མིན་སྲིད་གཞུང་གི་གསང་ཉུལ་བའི་མནར་གཅོད་དྲག་པོ་མྱངས། ཡིན་ཡང་ཁོང་གིས་ལོ་རྒྱུས་ཆེན་མོ་རྩོམ་སྒྲིག་བྱས་པ་དང་མཉམ་དུ། ནང་བསྟན་གྱི་གཞུང་ཆེན་མོ་མངོན་པ་ཀུན་བཏུས་དང་རྣལ་འབྱོར་སྤྱོད་པའི་ས། མངོན་པ་མཛོད་སོགས་ནས་མིང་དང་ཚིག་རྒྱ་ཆེར་བསྡུས་ཏེ་བོད་རྒྱ་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལ་རྨང་གཞི་བཏིང་། 1945ལོར། ཁོང་གིས་ནུབ་ཁམས་ལོ་རྒྱུས་ཆེན་མོའི་རྩོམ་འབྲིའི་བྱ་བ་ཡོངས་སུ་གྲུབ་པ་མ་ཟད། ད་དུང་ནུབ་ཁམས་རྫོང་ཁག་གི་ས་ཁྲ་ཞེས་རྒྱལ་ནང་གི་ཆེས་ཐོག་མའི་ནུབ་ཁམས་ཀྱི་ས་ཁྲ་རྩོམ་སྒྲིག་དང་། དེབ་ཕྲེང་བཅུར་བསྡུས་པའི་བོད་རྒྱ་ཚིག་མཛོད་ཆེན་མོའི་མ་ཡིག་གི་དེབ་གཟུགས་ཡོངས་འགྲུབ་བྱས། འདི་ནི་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་གི་བོད་རྒྱ་ཚིག་མཛོད་ལས་རྒྱུ་ཆ་ཆེས་མང་ལ་ནང་དོན་ཕུན་སུམ་ཚོགས་པའི་ཚིག་མཛོད་ཀྱི་མ་གདན་ཞིག་ཡིན། 1948ལོར་ཁོ་རང་སི་ཁྲོན་སློབ་གྲྭ་ཆེན་མོར་ཕེབས་ནས་རྒྱ་ཡིག་སྡེ་ཁག་གི་དགེ་རྒན་གྱི་ཕྱག་ལས་གནང་སྐབས། བྱེད་ཐབས་གང་འོས་ལ་བརྟེན་ནས་བོད་ཡིག་གི་སློབ་ཁྲིད་བཀོད་སྒྲིག་བྱས་ཏེ་བོད་ཀྱི་སྐད་དང་རིག་གནས་ལ་ཞིབ་འཇུག་བྱེད་པའི་མི་སྣ་སྐྱེད་སྲིང་བྱས། ཁོང་གིས་སློབ་མ་དག་ལ། བོད་ཀྱི་རིག་གནས་ལ་ཞིབ་འཇུག་བྱོས་དང་། དེ་ནི་སྣུམ་ཤིག་ཤིག་གི་ས་ཞིང་གཤིན་པོ་ཞིག་དང་མཚུངས་པར་ས་བོན་བཏབ་པ་ཙམ་གྱིས་ཡིད་དབང་འཕྲོག་པའི་མེ་ཏོག་གི་འབྲས་བུ་བཞད་ངེས། བོད་ཀྱི་རིག་གནས་ནི་རིན་ཐང་བྲལ་པའི་ནོར་གྱི་གཏེར་མཛོད་ཅིག་ཡིན་པས། གལ་སྲིད་དེ་རུ་འཛུལ་བ་ཡིན་ན་ཟད་མི་ཤེས་པའི་རིན་པོ་ཆེ་མང་པོ་འཐོབ་སྲིད་ཅེས་བོད་ཀྱི་རིག་གནས་སྦྱང་བར་སྐུལ་མ་གནང་། ཁོང་གིས་ཐབས་མཁས་པོའི་སྒོ་ནས་བོད་རྒྱ་ཚིག་མཛོད་རྩོམ་སྒྲིག་གི་མི་སྣ་སྐྱེད་སྲིང་བྱས་པ་དང་། བོད་ཀྱི་སྐད་བརྡ་ཞིབ་འཇུག་པ་ཅེན་ཕིན་དང་གེ་སར་ཞིབ་འཇུག་པ་ཝང་དབྱི་ནོན་ནི་ཁོང་གིས་དུས་སྐབས་དེ་དག་ལ་སྐྱེད་སྲིང་བྱས་པ་ཡིན།
    བཅིངས་འགྲོལ་བྱས་རྗེས། ཀྲང་དབྱི་སུང་གིས་སི་ཁྲོན་སློབ་གྲྭ་ཆེན་མོའི་སློབ་དཔོན་དང་རིག་ཚན་ཞིབ་འཇུག་སུའོ་ཡི་གཙོ་འགན་གཅིག་ལྕོགས་ཀྱིས་བཞེས་ཏེ་མུ་མཐུད་ཚིག་མཛོད་རྩོམ་སྒྲིག་གི་རྒྱུན་བསྐྱངས། 1958ལོར ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་སི་ཁྲོན་ཡན་ལག་ཁང་བཙུགས་ཏེ་ཚིག་མཛོད་རྩོམ་སྒྲིག་གི་བྱ་བ་དེ་སི་ཁྲོན་སྤྱི་ཚོགས་ཚན་རིག་ཁང་ལ་བཀོད་སྒྲིག་བྱས་ཤིང་ཁོ་རང་ཡང་དེར་ལས་བགོས་བྱས། ལས་ཁུངས་ཀྱི་འགོ་བའི་རྒྱབ་སྐྱོར་དང་རམ་འདེགས་འོག  ཚིག་མཛོད་རྩོམ་སྒྲིག་ཚན་ཆུང་ལྷ་སར་བསྐྱོད་དེ་རྒྱུ་ཆ་ཧ་ཅང་མང་པོ་བསྡུ་སྒྲིག་བྱས། ལྷ་སར་སྐྱོད་སྐབས་ཁོང་ཉིད་དགུང་གྲངས་རེ་ལྔར་སོན་ཏེ་ཅུང་བགྲེས་པོ་ཆགས་ཡོད་པས། འབྲེལ་ཡོད་མི་སྣས་ཁོང་ཉིད་དགུང་ལོ་བགྲེས་པས་ལུས་ཀྱིས་ལྕོགས་དཀའ་བ་དང་། ད་དུང་མཐོ་སྒང་གི་གྲང་ངར་བཟོད་ཁག་པས་ཕྱིར་ཁྲིན་འདུར་ཕེབས་ན་ལེགས་ཞེས་ཇི་ལྟར་བཤོལ་ཀྱང་བཤོལ་མ་ཐེབས། ལྷ་ས་ནས་ཚིག་མཛོད་རྩོམ་སྒྲིག་གི་བྱ་བར་རྒྱབ་སྐྱོར་བླ་མེད་ཐོབ་པ་སྟེ། བོད་ཀྱི་སྙན་ངག་པ་གྲགས་ཅན་ལྕང་ཅན་བསོད་ནམས་རྒྱལ་པོ་དང་། དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་ཐུབ་དབང་དང་བློ་བཟང་རྡོ་རྗེ་སོགས་མཁས་པ་མང་པོས་རྒྱབ་སྐྱོར་ཟོལ་མེད་ཐོབ་པ་དང་སྔར་བས་ཕུན་སུམ་ཚོགས་པའི་རྒྱུ་ཆ་རེག་པས་ཁོང་ཉིད་ལ་སྤྲོ་ཤུགས་དང་ཡིད་ཆེས་ཀྱིས་ཀུན་ནས་ཁེངས་ཏེ། ཚིག་མཛོད་གཙོ་སྒྲིག་པ་གཞོན་པ་ཀྲུའུ་ཝེ་ཧན(祝维翰)ལ་གྲོས་མོལ་གནང་མཐར་ཐ་སྙད་བསྡུ་སྒྲིག་གི་ཁྱབ་ཁོངས་ཆེ་རུ་བསྐྱེད་པ་དང་། བོད་རྒྱ་སྐད་གཉིས་ཀྱི་འགྲེལ་བ་དང་བཅས་པ། གཞི་རྒྱ་ཆེ་ལ་ཕྱོགས་བསྡུས་རང་བཞིན་གྱི་ཚིག་མཛོད་ཅིག་བཟོས་ཏེ་སྔ་མའི་ཚིག་མཛོད་ཀྱི་སྒྲིག་སྟངས་ལ་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་འགོ་བརྩམས། ལས་གཞི་རྒྱ་ཆེ་ལ་འགན་འཁྲི་ལྕི་བས་ལྷ་ས་ནས་ལོ་ངོ་བཞི་ཙམ་ལ་སྡོད་དགོས་བྱུང་བ་དང་། དེ་དག་གི་རིང་ལ་ཟས་དང་ཁོར་ཡུག་གི་དཀའ་ངལ་མང་པོ་ཁྱད་དུ་བསད་དེ། ཐ་སྙད་རེ་རེར་ཞུ་དག་ནན་མོ་དང་གཏན་འབེབས་ཡང་དག་གནང་བ་ལས་ཁྲལ་སེལ་སླ་བཅོས་ཏིལ་ཙམ་ཡང་བྱས་མྱོང་མེད། ཁོང་གིས་ནམ་རྒྱུན་ལས་གྲོགས་ཚོར། ཚིག་མཛོད་ནི་དགེ་རྒན་ཡིན་པས། རྩོམ་སྒྲིག་པས་གང་ལྕོགས་ཅི་ནུས་ཀྱིས་གཟབ་ནན་ཞིབ་ཚགས་བྱེད་དགོས་པའི་བསླབ་བྱ་གནང་། 
    1963ལོར། ཚིག་མཛོད་ཆེན་མོར་ཞིང་ཆེན་མི་རིགས་ལས་དོན་བྱ་བའི་ཨུ་ཡོན་ལྷན་ཁང་ནས་དོ་དམ་བདག་གཉེར་བྱས་པ་དང་། གཙོ་སྒྲིག་པ་ཁོང་ཉིད་དེ་དང་བསྟུན་ནས་སི་ཁྲོན་མི་རིགས་ཞིབ་འཇུག་ཁང་དུ་ལས་གནས་སྤར ། 1964ལོར། ཚིག་མཛོད་ཆེན་མོའི་མ་གདན་ཡོངས་སུ་གྲུབ་པ་དང་། ཁོང་དང་གཙོ་སྒྲིག་པ་གཞོན་པ་ཀྲུའུ་ཝེ་ཧན་གཉིས་རྒྱལ་ས་པེ་ཅིན་དུ་བསྐྱོད་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་ལས་རིགས་མཐུན་པའི་ཆེད་མཁས་པ་རྣམས་ལ་སྤྱན་འབེབས་དག་བཤེར་ཏུ་ཕུལ་བས་གདེང་འཇོག་དང་ཁས་ལེན་ཚད་མེད་ཐོབ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཚིག་མཛོད་པར་བསྐྲུན་བྱ་བའི་ཚོགས་འདུའི་ཟིན་ཐོར། བོད་རྒྱ་ཚིག་མཛོད་ཆེན་མོར་བསྡུས་པའི་ཐ་སྙད་ཕོན་ཆེ་ལ་འགྲེལ་ཞིབ་པ། མིག་སྔའི་ཚིག་མཛོད་དག་གི་གཞི་རྒྱ་ལས་ཡོངས་སུ་བརྒལ་བས་པར་སྐྲུན་གྱི་རིན་ཐང་མཆིས། འཕྲལ་མར་དམངས་སྒོར་ལྔ་ཁྲིའི་མཐུན་རྐྱེན་སྦྱར་ཏེ་མི་རིགས་དཔེ་སྐྲུན་ཁང་ནས་ཚོད་ལྟའི་དེབ་གཟུགས་པར་དུ་བསྐྲུན་དགོས་ཞེས་བཀོད་ཁྱབ་མཛད། ཡིན་ཡང་རིག་གསར་གྱི་རྐྱེན་པས། ཚིག་མཛོད་པར་སྐྲུན་བྱ་བ་ལམ་དུ་མ་ལྷོངས་པ་མ་ཟད། ཚིག་མཛོད་དང་གཙོ་སྒྲིག་པ་ཁོང་ལ་ཉེས་འགེལ་གྱི་ཞྭ་མོ་ལྕི་མོ་བསྐྱོན་ཏེ་འཐབ་རྩོད་ཀྱིས་དུས་ཡུན་གང་ཙམ་འགྱངས། རིག་གསར་མཇུག་བསྒྲིལ་པའི་ཕྱི་ལོ་དེ་མ་ཐག་པ་སྟེ། 1977ལོར། གཙོ་སྒྲིག་པས་བློ་མཐུན་ཏིན་ཞའོ་ཕིང་དང་ཧྥང་དབྱི་གཉིས་ལ་ཚིག་མཛོད་རྩོམ་སྒྲིག་གི་བྱ་བ་སླར་གསོ་བྱེད་དགོས་པའི་རེ་ཞུའི་འཕྲིན་ཡིག་སྤྲིངས་པར། ཝུའུ་ལན་ཧྥུའུ་དང་བཅས་པའི་དབུ་ཁྲིད་དག་གི་ཆོག་མཆན་ཐོབ་དང་། ཐོག་མཆན་གྱི་དགོངས་དོན་ལྟར་རྒྱལ་ཁབ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་དཔེ་སྐྲུན་ཅུའུ་གཉིས་ནས་ཚིག་མཛོད་རྩོམ་སྒྲིག་བྱ་བ་སླར་གསོའི་ཐད་ཀྱི་ཚོགས་འདུ་བསྡུས་པ་དང་དེ་འབྲེལ་གྱི་ཡིག་ཆ་བཀྲམས། རྒྱལ་ཁབ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་འགོ་གཙོ་ཝུའུ་ལན་ཧྥུའུ་སོགས་འབྲེལ་ཡོད་དབུ་ཁྲིད་དག་གིས་དངོས་བརྒྱུད་གང་རུང་ནས་དམ་པ་ཁོང་ལ་བཀའ་དྲིན་དང་རྟེན་འབྲེལ་ཞུས། 1978ལོར། རིག་གསར་ཁྲོད་ཉེས་མིང་གིས་ངལ་རྩོལ་སྒྱུར་བཀོད་བྱེད་བཞིན་པའི་ཀྲུའུ་ཝེ་ཧན་བྱེད་ཐབས་གང་མང་གིས་གདན་འདྲེན་བྱས་ཏེ་ཚིག་མཛོད་རྩོམ་སྒྲིག་གི་བྱ་བ་སླར་གསོ་བྱས། ཀྲང་ལགས་ཀྱིས་རྩོམ་སྒྲིག་བྱ་བའི་གཙོ་འགན་གཉེར། ཕྱི་ལོ་སྟེ། 1979ལོར། ཚིག་མཛོད་ཆེན་མོའི་བསམ་འཆར་ཞུ་བྱེད་མ་ཡིག་དངོས་སུ་པར་དུ་བསྐྲུན་ཏེ་འབྲེལ་ཡོད་སྡེ་ཁག་དང་མཁས་པ་རྣམ་པར་དག་བཤེར་སྤྱན་འབུལ་དུ་བསྟར། 1981ལོར། ཁོང་གིས་ཕྱི་རབས་པས་མི་མཐུད་བོད་ཀྱི་རིག་གནས་ཀྱི་གཏེར་སྒོ་འབྱེད་པའི་ཐུགས་སྨོན་རྣམ་དག་བཅངས་ཏེ། དེ་སྔ་སྡེ་དགེ་ནས་ཆེད་དུ་བླུས་པའི་བཀའ་འགྱུར་དང་བསྟན་འགྱུར། ས་སྐྱའི་གསུང་འབུམ་སོགས་གསུང་རབ་མི་ཉུང་བ་ཞིག་མཆིས་པ་སི་ཁྲོན་མི་རིགས་ཞིབ་འཇུག་ཁང་ལ་གནང་བ་དང་། ད་དུང་རང་ཁྱིམ་ན་ཉར་བའི་བོད་ཡིག་གི་དཔེ་ཆ་མི་ཉུང་བ་ཞིག་ཡོད་པ་རྗེས་མར་སྔར་བཞིན་སི་ཁྲོན་མི་རིགས་ཞིབ་འཇུག་ཁང་ལ་གནང་བའི་བཅོལ་གདམས་མཛད།
    1983ལོའི་ཟླ9བའི་ཚེས1ལ། དགུང་གྲངས་དགུ་བཅུར་སོན་པའི་དམ་པ་ཁོང་རྒྱ་ནག་སྤོས་ངད་གྲོང་གི་རང་ཤག་ལྔ་རིག་ལྡིང་ཁང་ནས་སྐུ་གཤེགས་པ་དང་། ཁོང་གི་ཞལ་ཆེམས་བཞིན་སྐུ་ཟླ་འདས་པོ་དང་ཁོང་གི་གདུང་རུས་ཚིག་མཛོད་རྩོམ་སྒྲིག་ཚོགས་པས་ཁོང་གི་ཕ་ཡུལ་ཏེ། སི་ཁྲོན་ཞིང་ཆེན་ནན་ཁྲོན་གྲོང་ཁྱེར་ཕིན་ཨན་རྫོང་ཅེན་ཞི་གྲོང་བརྡལ་ཡུའུ་ཅཱ་པཱ་རུ་གདན་དྲངས་ཏེ་དུར་འཇུག་བྱས།
    དམ་པ་ཁོང་ཉིད་སྐུ་གཤེགས་རྗེས་ཀྱི་ལོ་གཉིས་པ་སྟེ། སྤྱི་ལོ1985ལོའི་ཟླ་བདུན་པར། བོད་རྒྱ་ཚིག་མཛོད་ཆེན་མོ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་དུ་བཏབ་སྟེ་འགྲེམས་སྤེལ་བྱས། དེ་ནི་བོད་ཀྱི་བསྟན་བཅོས་ལ་མཇལ་ཀློག་དང་བོད་ཀྱི་ཤེས་རིག་ལ་ཞིབ་འཇུག་བྱེད་པ། སློབ་སྦྱོང་གི་འཚོ་བའི་ཁྲོད་ཀྱི་དོན་དངོས་གནད་དོན་དག་སེལ་དང་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་རང་བཞིན་གྱི་ཚིག་མཛོད་ཅིག་ཡིན། འདིར་རིག་པའི་གནས་སྣ་མང་གི་ཐ་སྙད་ཁྱོན་བསྡོམས་ལྔ་ཁྲི་སུམ་སྟོང་ལྷག་བསྡུས་ཡོད་པ་མི་ལོ་ལྔ་བཅུ་ལྷག་གི་རིང་ལ་རྒྱ་བོད་ཀྱི་མཁས་པ་མང་པོས་འཚོལ་བསྡུ་དང་དག་སྒྲིག ཞིབ་བཤེར་གྱི་ལས་རིམ་དང་དཀའ་སྡུག་གང་མང་བརྒྱུད་ཕྱི་རབས་པར་ལོངས་སྤྱོད་ཀྱི་བགོ་སྐལ་དུ་བསྩལ་པ་དོན་གྱི་ཤོང་ཚད་དང་ཟབ་ཚད། འགྲེལ་སྟངས། ཚིག་གི་དག་ཆ་གང་ནས་བལྟས་ཀྱང་རྒྱལ་ཁབ་ཕྱི་ནང་གི་རིགས་མཚུངས་ཚིག་མཛོད་དག་ལས་ཆེས་ཆེར་བརྒལ་ཡོད་པ་ཞིག་ཡིན།
    དེ་ཡང་བོད་རིག་པ་མཁས་ཅན་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་མཆོག་གིས། ལར་ནས་ད་བར་གྱི་བོད་སྐད་ཀྱི་ཚིག་མཛོད་ཀྱི་ནང་ནས་བོད་རྒྱ་ཚིག་མཛོད་ཆེན་མོ་ལེགས་ཤོས་སུ་འདུག་ཅིང་། བདག་ལ་ཡང་ཕན་ཐོགས་ཇི་སྙེད་ཅིག་བྱུང་ཞེས་གསུངས་པ་བཞིན། ཞིབ་འཇུག་པ་དང་མཁས་པ་ཆེན་མོ་ཁོང་ལྟ་བུར་ཕན་མང་པོ་ཐོགས་ཡོད་ན་གཞན་དག་ལ་ལྟ་ཅི་སྨོས། བོད་ཀྱི་ཤེས་ཡོན་པ་སྤྱི་ལ་ཕན་ཆེན་པོ་ཐོགས་པའི་ཚིག་མཛོད་འདིས་ཁོ་བོ་ཡང་སློབ་སྦྱོང་དང་སྐད་ཡིག་ལག་ལེན་གྱི་བརྒྱུད་རིམ་ཁྲོད་དྲིན་ཆེན་པོས་བསྐྱངས་པ་དང་། དེ་ལུགས་ཀྱི་སྐུ་དྲིན་སྙིང་ལ་བཅངས་ཏེ། དམ་པ་ཁོང་གི་ལོ་རྒྱུས་དང་འབྲེལ་བའི་རྩོམ་ཡིག་དུ་མའི་ནང་དོན་གུང་ཅུང་ཟད་བསྡེབས་ཏེ་སྒྲིག་སྒྱུར་བྱས་པ་འདིས་ཀྱང་དམ་པའི་རྣམ་ཐར་བསྐྱང་བའི་སྐལ་བཟང་གི་རིགས་ཅན་མང་དུ་འབྱུང་བའི་རྒྱུར་འགྲོ་བར་གྱུར་ཅིག་ཅེས་སྨོན་འདུན་བཟང་བོས་མཚམས་སྦྱར་པ་ལགས།


@ཡོང་ཁུངས། ཟ་མ་ཏོག་འཕྲིན་སྟེགས།


ཕྱིར་མིག




ངོ་སྤྲོད།

01 སྦྲང་ཆར་རྩོམ་སྒྲིག་ཁང་གི་ཀ་ཆེན་གསུམ།

02 སྒྲུང་དེབ་མང་བའི་རྩོམ་མཁན་གསུམ།

03 དོན་གྲུབ་ཚེ་རིང་རྣམ་གསུམ།

04 ཚེ་རིང་དོན་གྲུབ་རྣམ་གསུམ།

05 བཀྲ་བྷོ་རྣམ་གསུམ།

06 ལོ་རུའི་འཕྲིན་ལས་སྟོབས་ལྡན།

07 སློབ་དཔོན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད།

08 རྗེ་རྒྱ་ནག་པ་ཡོན་ཏན་རྒྱ་མཆོག་གི་མཛད་རྣམ་ཐོར་བུ།

09 བོད་ཀྱི་སྒྲུང་གཏམ་རྩོམ་པ་པོ་གྲགས་ཅན་འགའ།

10 བོད་ཀྱི་རྩོམ་རིག་དཔྱད་བརྗོད་པ་གྲགས་ཅན་འགའ།

11 བོད་ཀྱི་ལྷུག་རྩོམ་འབྲི་མཁན་གྲགས་ཅན་འགའ།

12 བོད་ཀྱི་སྙན་ངག་པ་གྲགས་ཅན་འགའ།

13 བོད་ཀྱི་སྙན་ངག་གསར་པའི་ཚབ་མཚོན་སྙན་ངག་པ་བཞི།

14 བརྩམས་སྒྲུང་ཐུང་འབྲིང་གི་ཚབ་མཚོན་སྒྲུང་གཏམ་པ་དྲུག ༼༡༽

15 གསོ་རིག་རྒྱུད་བཞི་ཆ་ཚང་བློར་རྒྱུགས་ཕུལ་མཁན་ཕག་མོ་འཚོ།

16 བརྩམས་སྒྲུང་ཐུང་འབྲིང་གི་ཚབ་མཚོན་སྒྲུང་གཏམ་པ་དྲུག ༼༢༽

17 བརྩམས་སྒྲུང་རིང་གྲས་ཀྱི་ཚབ་མཚོན་སྒྲུང་གཏམ་པ་བཞི།

18 སྒྲུང་ཐུང་འགྲན་སྡུར་སྐབས་བཞི་བའི་བྱ་དགའ་ཐོབ་མཁན།

19 དགེ་རྒན་ཆེན་མོ་སྒོམ་པ་བཀྲ་ཤིས།

20 དགེ་རྒན་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས།

21 སྨིན་དྲུག་བོད་ཀྱི་སྒྲུང་འབྲིང་གསར་རྩོམ་དཔེ་ཚོགས་ཀྱི་རྩོམ་པ་པོ།

22 སྨིན་དྲུག་བོད་ཀྱི་ལྷུག་རྩོམ་དཔེ་ཚོགས་ཀྱི་རྩོམ་པ་པོ།

23 སྨིན་དྲུག་བོད་ཀྱི་སྙན་ངག་དཔེ་ཚོོགས་ཀྱི་རྩོམ་པ་པོ།

24 གཡུ་དྲུག་དཀར་དཔེ་ཚོགས་ཁག་གཉིས་པའི་རྩོམ་པ་པོ།

25 སྒྲུང་རིང་དཔེ་ཚོགས་ཁག་གཉིས་པའི་རྩོམ་པ་པོ།

26 བོད་ཀྱི་ཡིག་ཚང་ཁྱབ་ཡུལ་དང་དཀར་ཆག་ཞིབ་འཇུག་རྩོམ་པ་པོ།

27 ནུབ་བྱང་མི་རིགས་སློབ་ཆེན་གྱི་རིག་གཞུང་དཔེ་ཚོགས་ཀྱི་རྩོམ་པ་པོ།

28 བྷོད་དབྱངས་ལས་ཤག་གི་གདན་ཞུའི་འབུམ་རམས་པ་དྲུག

29 ངག་རིག་རིན་ཆེན་གཏེར་མཛོད་ཀྱི་རྩོམ་སྒྲིག་པ་གསུམ།

30 རང་བྱུང་ཚན་རིག་ཕྱོགས་ཀྱི་འབུམ་རམས་པ་བན་དེ་ཚེ་རིང་།

31 མཁས་དབང་དགེ་འདུན་ཆོས་འཕེལ།

32 བོད་ལྗོངས་གསོ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱངས་དགའ།

33 ཚིག་མཛོད་རྩོམ་སྒྲིག་པ་བཀྲ་ཤིས་ཚེ་རིང་།

34 སྐབས་ལྔ་བའི་གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའ་ཐོབ་མཁན།

35 གངས་རྒྱན་མེ་ཏོག་རྩོམ་རིག་བྱ་དགའི་དཔྱད་འདེམ་པ།

36 དུས་རབས༢༡པའི་བོད་ཀྱི་རྩོམ་པ་པོ། ༼༡༽

37 དུས་རབས༢༡པའི་བོད་ཀྱི་རྩོམ་པ་པོ། ༼༢༽

38 དུས་རབས༢༡པའི་བོད་ཀྱི་རྩོམ་པ་པོ། ༼༣༽

39 སྒྲུང་ཐུང་འགྲན་སྡུར་སྐབས་ལྔ་པའི་བྱ་དགའ་ཐོབ་མཁན།‍‍‍‍‍‍‍

40 དུས་རབས༢༡པའི་བོད་ཀྱི་རྩོམ་པ་པོ། ༼༤༽

41 ཚིགས་བཅད་སྙན་ངག་དཔེ་ཚོགས་ཀྱི་རྩོམ་པ་པོ་དྲུག‍‍

42 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ།

43 ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན།

44 དངུལ་ཆུ་ཡབ་སྲས་གསུམ་གྱི་ལོ་རྒྱུས་མདོར་བསྡུས།

45 ནུབ་བྱང་མི་རིགས་སློབ་ཆེན་གྱི་མཚོ་ལྷོའི་སྐར་ཆེན་བཞི།‍‍‍‍‍‍‍

46 ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་མཚོ་ལྷོའི་སྐར་ཆེན་གཉིས།‍‍

47 མཚོ་སྔོན་དགེ་འོས་སློབ་ཆེན་གྱི་མཚོ་ལྷོའི་སྐར་ཆེན་ལྔ།‍‍‍

48 མཚོ་སྔོན་མི་རིགས་སློབ་ཆེན་གྱི་མཚོ་ལྷོའི་སྐར་ཆེན་ལྔ།

49 མི་རིགས་སློབ་ཆེན་ཁངག་གི་མཚོ་ལྷོའི་སྐར་ཆེན།

50 ཕྱི་སྡོད་བོད་རིག་པའི་མཁས་དབང་གྲགས་ཅན་གསུམ།

51 སྐབས་དང་པོའི་ཐོན་མིའི་ལོ་ཙཱ་རྟགས་མའི་བྱ་དགའ་ཐོབ་མཁན།

52 ནག་ཆུའི་རྩོམ་རིག་སྒྱུ་རྩལ་དཔེ་ཚོགས་ཀྱི་རྩོམ་པ་པོ།


@ཡོང་ཁུངས། རླུང་ནག་འཚུབ་མའི་སྣ་འཛོམས་འཕྲིན་སྟེགས།


གསལ་བཤད།


འཕྲིན་སྟེགས་སུ་ཚོགས་པ་དང་མི་སྒེར་གང་རུང་གི་ཁེ་དབང་ལ་གནོད་པའི་ནང་དོན་ཅན་ཡོད་ཚེ་མྱུར་དུ་འབྲེལ་གཏུགས་བྱོས་དང་དྲ་ལམ་ནས་གསུབ་ཆོག



འཕྲིན་སྟེགས་འདིར་བཀོད་པའི་བརྩམས་ཆོས་གང་ཡིན་རྩོམ་པ་པོ་དང་དོ་དམ་པས་ཆོག་མཆན་མ་ཐོབ་པར་ཅི་བསམ་གང་འདོད་དུ་བཤུ་འཁྱེར་དང་ཇི་མ་ཇི་བཞིན་དུ་བརྒྱུད་འགོད་སོགས་བྱེད་མི་ཆོག

རྩོམ་སྒྲིག་པ།  རླུང་ནག་འཚུབ་མ།


འཕྲིན་སྟེགས་འདིར་དཔེ་ཀློག་ཟིན་བྲིས་གཙོས་པའི་དོན་ཚན་སྣ་ཚོགས་ཤིག་བཀོད་དང་འགོད་བཞིན་ཡོད་པས་སྐུ་ཉིད་ཕེབས་པར་དགའ་བསུ་ཞུ།

萨玛朵 SAMATOK
མི་སྣ་ངོ་སྤྲོད། དཔེ་ཀློག་ཟིན་བྲིས། དཔེ་ཁྲིད། བརྗེད་ཐོ། ཆེད་སྒྲིག བགྲོ་གླེང་། ཡིག་ཚགས། རྩོམ་རིག་སོགས།
 最新文章