བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
སོར་གཅིག
སྒོ་བསླངས་དུས་སྒོ་ལྡང་གི་ཀླད་ཀྱི་གཡས་གཡོན་དུ་ཚོན་སྣ་ལྔ་དང་ལྡན་པའི་“སྒོ་དར་”བཏགས་དགོས། དེ་ནི་ས་ཆུ་མེ་རླུང་ནམ་མཁའ་དང་བཅས་པའི་འབྱུང་ཁམས་ཀྱི་ནུས་པ་དག་ལེགས་པར་འཕྲོད་ཐུབ་པའི་མཚོན་དོན་ཡིན། དེར་བསྟུན། ས་དགྲ་ཆུ་དགྲ་མེ་དགྲ་རླུང་དགྲ་ནམ་མཁའི་དགྲ་རྣམས་འགོག་ཅིང་། ཁྱིམ་ཚང་དེར་“སྒོ་གསར་པའི་”“སྒོ་གཡང་”འཁོར་ཏེ། ལོངས་སྤྱོད་གྲ་རྒྱས་པོ་དང་། བསམ་པའི་དོན་རྣམས་ཡིད་བཞིན་དུ་འགྲུབ་པའོ།།
སོར་གཉིས།
ཕོ་བྲང་གི་སྒོ་ཆེན་ལ་“རྒྱན་དྲུག་”ཅེས་པའི་སྒོ་རྒྱན་ཞིག་ཡོད། རྒྱན་དྲུག་ནི། པད་མ། ཆོས་བརྩེགས། རྡོ་རྗེ། ལྕགས་རི། དུང་ཕྲེང་། སྤྲིན་བཟང་བཅས། (རྒྱན་དྲུག་བཀོད་སྲོལ་རྣམ་གྲངས་གཞན་མི་འདྲ་བའང་ཡོད) རྒྱན་དྲུག་འདི་དགོན་སྡེ་གྲྭ་ཚང་ཞིག་གི་སྒོ་ཡིན་ན། ཕ་རོལ་ཏུ་ཕྱིན་པ་དྲུག་མཚོན་ཟེར། དེ་མིན། ཡུལ་དཔོན་གྱི་ཕོ་བྲང་གི་རྒྱན་དྲུག་ནི་ཆོས་དང་། སྲིད་དང་། ཐབས་དང་། སྟོབས་དང་། དབང་དང་། བསོད་ནམས་བཅས་མཚོན་པའོ།།
སོར་གསུམ།
སྒོ་ཐོད་ཀྱི་མཛེས་སྤྲོས་ལས་“སྒོ་ཁེབས་”ནི་ཆེས་འགངས་ཆེ་ཤོས་དེ་ཡིན། སྒོ་ཁེབས་ནི་སྒོ་ཡི་ཞྭ་མོ་དང་འདྲ་སྟེ། དེ་ཡང་། མགོ་ལ་ཞྭ་དང་། རྐང་ལ་ལྷམ་མེད་ན་མི་གྲལ་དུ་མི་ཚུད་ཟེར་བའི་གཏམ་བཞིན་དུ། སྒོ་ཁེབས་ཀྱང་དེ་དང་འདྲ་བ། སྒོ་ཁེབས་མེད་ན་སྒོ་དེ་སྒྲིབ་མེད་གཅེར་བུ་དང་འདྲ། ཤིན་ཏུ་ཉམ་ང་བ་ཞིག་ཡིན། དེར་བརྟེན། སྒོ་ཆེ་ཆུང་མེད་པ་ཚང་མ་ལ་སྒོ་ཁེབས་རེ་དགོས། སྒོ་ཁེབས་ལ་ཤིང་དང་། ས་རྡོ་དང་། གཡའ་མ་དང་། སྤོ་ཐོ་སོགས་མང་པོ་ཞིག་ཡོད་མོད། དེ་དག་ལས་ཆེས་བཟང་ཤོས་ནི་“གཡའ་རྡོ་”ཡིན། རྡོ་གཡའ་མས་ཆར་ཆུ་སོགས་ལེགས་པར་ཁོག་པ་མ་ཚད། གཞན་འགོས་ནད་དང་། ཁ་མཆུ་ནག་པོ་དང་། གཟའ་དང་། བཙན་དང་། རྒྱལ་པོ་དང་། འདྲེ་ཡི་གནོད་པ་སོགས་འགོག་ཐུབ། དེར་བསྟུན། སྔུན་གྱི་དུས་སུ་ཡུལ་ལུང་འགར་མཐུ་དང་གནོད་པ་བཟློག་པའི་ཁྱད་དུ་“གཡམ་ཁང་”བརྩིགས་མཁན་ཡང་ཡོད་དོ།།
སོར་བཞི།
སྔར་བོད་ཁང་གི་སྒོ་ལྡང་ལ་རྡོ་དཀར་ཆུང་ངུ་མང་པོ་ཕྲ་ལྟར་བཙུགས་ཡོད་པའི་ལྕི་རློན་(སྙི་བ་)སྒོར་སྒོར་བག་ལེབ་འདྲ་གྲལ་བསྟར་དུ་སྦྱར་སྲོལ་ཡོད། དེ་ནི་ཆེས་སྔ་བའི་སྒོ་རྒྱན་གྱི་ཡ་གྱལ་ཞིག་སྟེ། སྒོའི་དཀར་རྒྱན་དེ་རྒྱང་ནས་བལྟས་ན་སྒོ་ལ་བཀོད་པའི་གཟི་མིག་དང་འདྲ་ཞིང་། དམིགས་སུ་ལྕི་རློན་རྡོ་དཀར་སྤུངས་པའི་སྒོ་རྒྱན་གྱིས་སྒོ་གཡང་ཁུག་པ་དང་། སྒོ་ཕྱུགས་འཕེལ་ཁ་དར་བ། དེ་མིན་འགོས་ནད་སྣ་ཚོགས་དང་། འབྱུང་པོའི་གདོན་ཁ་སོགས་བཟློག་ཅེས་སོ།།
སོར་ལྔ།
བོད་ཁང་གི་རྒྱ་སྒོའི་གཡས་གཡོན་གྱི་གྱང་ངོས་སུ་སྒོར་དབྱིབས་དོད་པའི་སྙི་བ་(ལྕི་རློན་)མང་པོ་སྦྱར་ཡོད། དེ་ནི་ལྕི་བ་སྐམ་པོར་བཟོ་བ་དང་། མཉམ་དུ་གྱང་དང་རྩིག་པ་ལ་སྲུང་སྐྱོབ་བྱེད་ཐུབ་པ།གཞན་ཡང་། འགོས་ནད་དང་གདོན་བགེགས་སོགས་འགོག་ཟེར་རོ།། དགེའོ།། ..མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
微信号|耷艺术空间
视频号|耷艺术空间