བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
བཅུ་བདུན།
བོད་ཁང་“གཏེར་”གྱི་གང་ཞེས། ཁང་ས་ལ་གཡང་གཏེར། གྱང་དང་རྩིག་པ་ལ་གྱང་གཏེར། ཀ་བ་ལ་ཀ་གཏེར། ཐོག་འགེབས་སུ་གནམ་གཏེར། སྒོ་ཆེན་ལ་སྒོ་གཏེར། ཐབ་ཀ་ལ་ཐབ་གཏེར་སོགས་ཡོད། འདི་ཡང་། ཁང་པའི་ཕྱོགས་ཐམས་ཅད་དུ་གཏེར་སྣ་ཚོགས་བཞག་པ་ནི་“བཅུད་གསོ་བ་”དེ་ཡིན། བོད་མིས་ཡོད་དགུ་པོ་རྟག་ཏུ་གནས་པ་དང་། དོན་དུ་བྱེད་པ་དང་། ཕན་ཁ་ཡོད་དགོས་ན། ངེས་པར་དུ་“བཅུད་”ཅེས་པ་མི་ཉམས་པར་གནས་དགོས་ཞེས། དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ལ་ནང་བཅུད་ཀྱི་སེམས་ཅན་ཡོད་པ་བཞིན་ནོ།།
བཅོ་བརྒྱད།
བོད་ཁང་ལ་གནའ་ནས་དཀར་རྩི་དང་། རྩི་དམར་པོ། ནག་པོ། སེར་པོ། ཁྲ་ཁྲ་སོགས་གཏོང་སྲོལ་མཆིས། འདི་དག་ནི་ལས་མི་འདྲ་བ་དང་། རིགས་མི་འདྲ་བ། དགོས་པ་མི་འདྲ་བ་ཡོད་དེ། སྔོན་དུས་སུ་ཁང་པ་ལ་རྩི་བྱུགས་པ་ནི་“ཆོ་ག་དམིགས་བསལ་ཅན་”ཞིག་ཡིན་ཞིང་། ཕལ་ཆེར་རྩི་ཐོག་ཟླ་བ་ནས་རིམ་གྱིས་ཁང་པ་དག་ལ་དཀར་རག་གསོལ་བ་ཡིན། དེ་ནི་དགུན་ལ་བསླེབ་ཉེ་བས་ཁང་ཁྱིམ་དྲོ་པོ་ཡོང་བ་དང་། དགུན་གྱི་ཐལ་རླུང་ཁྲོད་ཁང་པའི་མཛེས་ཆ་མི་ཉམས་པ། སྣུམ་ཆ་དོད་པ། གཞན་ཡང་། འགོས་ནད་དང་། གདོན་སོགས་འགོག་པ་ཡིན། ཁྱད་པར་དུ་“དམར་རྩི་”ལྟ་བུར་མཚོན་ན། དེ་བས་ནུས་པ་ཆེ་སྐད། ས་ཆ་འགའ་ཞིག་ཏུ་གྱང་ངོས་སུ་རྩི་དམར་གཏོང་ཚར་རྗེས་སླར་ཡང་ཕག་གི་མཆིན་པས་རྩི་ཐོག་ཏུ་བརྡར་གཙུབ་བྱེད་སྲོལ་ཡོད། བྱེད་སྟངས་དེས་གནོད་པ་སྣ་ཚོགས་བཟློག་ཅིང་། ནད་འགོག་པ། ཁྱད་པར་དུ་འགོས་ནད་ཞི་བ་ལ་ནུས་པ་ཆེས་བཟང་ཞེས་སོ།།
བཅུ་དགུ།
བོད་ཁང་ནི་“ཆོ་ག་”སྣ་ཚོགས་ལས་གྲུབ་ཅེས། དེ་ནི་ཤིན་ཏུ་བདེན་ཞིང་། ཁང་པ་རྒྱག་པའི་སྟ་གོན་ནས། དངོས་གཞི། མཇུག་རྫོགས་པའི་གོ་རིམ་དུ་ཆོ་ག་མང་པོ་ཞིག་དགོས། དེ་དག་ལས་ཆོ་ག་རྒྱས་ཤོས་ནི་ཁང་ས་བཙལ་བ། ཁང་ས་གཏན་འཁེལ་བ། ས་འདུལ་མཛད་པ། གཏེར་སྦ་བ། རྡོ་ཞིག་འཕེན་པ། འཇོར་ལྕགས་དང་པོ། ས་བསླང་བ། ཤིང་བསླང་བ། རྩིག་གདོང་འཇོག་པ། གྱང་གཏེར་བཞག་པ། སྒོ་བཙུགས་པ། སྒེའུ་ཁུང་བཙུགས་པ། དཀྱིལ་ཀ་བསླངས་བ། ཐོག་འགེབས་པ། ཐབ་ས་བཙལ་བ། ཐབ་ཀ་རྒྱག་པ། དར་ལྕོག་སྒྲེང་པ། བསང་ཁུང་རྒྱག་པ། མཆོད་ཁང་བཅད་པ། ཁང་གསོལ་སོགས་ཡིན་ནོ།། དགེའོ།། ..མུ་འགོད།
微信号|耷艺术空间
视频号|耷艺术空间