བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
དོན་བཞི།
གནའ་བོའི་གསོལ་ཁའི་ཚིག་ལ་བལྟས་ན་ཁྱིམ་དེ་ཁང་པའི་ལྷ་ལ་“གེ་ཐུང་”དང་། ཐབ་ཀྱི་ལྷ་ལ་“གཡོན་མོ་”དང་། ཟས་ཀྱི་ལྷ་ལ་“གཡུལ་ཐོ་”དང་། སྒོ་ཡི་སྒོ་ལྷ་ལ་“རྟ་གཡག་”ཅེས་འབོད། དེ་བཞིན་དུ། གཞིས་ཁང་ལ་“རབ་གནས་”མཛད་ན་ལྷ་དེ་དག་བརྟན་དུ་བཞུགས་ཤིང་། ཕྱོགས་རྣམས་ཐམས་ཅད་བདེ་བ། ཡིད་ལ་བསམ་པ་འགྲུབ་པ། སྡུག་བསྔལ་དང་འཇིགས་པ་སྐད་ཅིག་ཀྱང་མི་འབྱུང་བ་ཞེས་སོ།།
དོན་ལྔ།
བོད་ཁང་གི་སྤྱིའི་བཀོད་ལུགས་ནི་སྐྱེས་བུ་ཞིག་གི་ལུས་ཕུང་གི་ཆགས་ཚུལ་དང་བསྟུན་ཡོད། དེ་ལ་སྒོ་ནི་ཁ་དང་། སྟོད་གཡས་གཡོན་སྒེའུ་ཁུང་གཉིས་ནི་མིག་དང་། ཁང་པའི་གཡས་གཡོན་གྱི་སྒེ་ཁུང་ནི་རྣ་བ་དང་། ཁང་སྟེང་གི་དར་ལྕོག་ནི་སྐྲ་ལོ་དང་། སྒོ་ར་བར་མའི་གྱང་ནི་ལག་པ་དང་། བར་སྟོང་ནི་བྲང་། སྒོ་ར་ཕྱི་མ་ནི་རྐང་པ་བཅས་དང་། ཡང་ན། དཀྱིལ་ཀ་ནི་སྲོག་ཤིང་ངམ་སྒལ་ཚིག དྲབ་ནི་རྩིབ་མ། གྱང་དང་བརྩིགས་པ་ནི་པགས་པ། ཁྱིམ་ཚང་ནང་གི་“བཅད་”དང་ཁང་ཆུང་དང་སྤྱོད་ཆས་ཁག་ནི་དོན་ལྔ་སྣོད་དྲུག་བཅས་སོ།།
དོན་དྲུག
བོད་ཁང་གྲུ་གསུམ་ཅན་ལ་“དགྲ་ཁང་”དང་། མཁར་ཟུར་གསུམ་ཅན་ལ་“དགྲ་མཁར་”ཞེས་གྲགས། ཟུར་གསུམ་དབྱིབས་ཅན་ནི་དྲག་པོའི་ཕྱག་རྒྱ་སྟེ། དགྲ་བགེགས་ཚར་གཅོད་པའི་རྟགས་སུ་འཇུག་ཅིང་། དེའི་གཟུགས་སུ་ཁང་པ་རྒྱག་པ་ནི་མཐུ་དང་མནན་པ་སོགས་དྲག་པོ་མངོན་སྦྱོར་གྱི་ལས་དང་། ཁང་པ་དེ་འདྲ་བ་དེའང་དྲག་པོའི་འཁྲུལ་འཁོར་གྱི་ཆོ་གའི་ཆ་ཤས་སུ་འདུས་སོ།།
དོན་བདུན།
བོད་ཁང་གི་སྙིང་པོ་ནི་“ཐབ་རྡོ་”ཡང་ན་ཐབ་ཀ་དེ་ཡིན། རྟེན་གཞིའི་གཞི་མ་ནི་“རྡོ་འཕེན་པ་”ཞེས་པའི་རྡོ་དེ་ཡིན། “སྲོག་ཤིང་”ཡང་ན་“སྲོག་གི་ཀ་བ་”ནི་དཀྱིལ་ཀ་ཡིན། ས་བོན་ནི་“ས་གཏེར་”ཡང་ན་ཁང་གཏེར་དེ་ཡིན། བོད་ཁང་གི་“བཅུད་”ནི་སྒོ་ཁྱི་དང་ཁྱིམ་བདག་མོ་གཉིས་ཡིན། བོད་ཁང་གི་“གསེར་”ནི་གྱང་དང་རྩིག་པ་དང་“གཡུ་”ནི་རྒྱ་སྒོ་དེའོ།།
དོན་བརྒྱད།
ཁང་ཐོག་གི་“ཝ་ཆུ་”ཡི་གདན་པ་གནོན་བྱེད་དེ་ནི་རི་བོའི་གཟུགས་སུ་དོད་པའི་རྡོ་ཞིག་བཞག་དགོས། དེས་ཝ་ཆུ་བརྟན་པོར་བཟོ་བ་མ་ཟད། ས་དཔྱད་དང་སྤར་ཁའི་ནང་དོན་ཞིག་ཀྱང་བསྟན་ཡོད། དེ་ནི་གདོད་མའི་རིག་གནས་ཀུན་གྱི་ཕུགས་སུ་གྱུར་པའི་“རི་ཆུ་”ཡི་རིག་གནས་དང་། ཡང་ན་རི་རབ་དང་མཚོ་ཡི་བཤད་སྲོལ་ཆེན་མོ་དེ་ཡིན། རི་ཆུ་འཕྲོད་པས་ན་ཐམས་ཅད་བདེ་བ་དང་སྐྱིད་པ། དགའ་བ་དང་སྤྲོ་བ་ཡིན། དཔེར་ན། “བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་དང་། འདོད་དགུའི་དཔལ་འབྱོར་རྒྱ་མཚོ་ལྟར་དུ་འཁྱིལ་”ཟེར་བའི་བཀྲ་ཤིས་ཕུན་གསུམ་ཚོགས་པའི་བརྡ་དོན་ལའོ།། དགེའོ།། ..མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༦་་་་༥༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༡་་་་༥༣
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༤་་་་༥༨
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༩་་་་༦༣
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༦༤་་་་༦༨
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༦༩་་་་༧༣
微信号|耷艺术空间
视频号|耷艺术空间