བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤

文摘   2024-12-29 16:26   美国  

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།

ལྟག་ཨོ་རྒྱན་ཆོས་འཕེལ་ནས།




 ཉི་ཤུ།



ཁང་ཐོག་གི་“ཆུ་ལམ་”བཀོད་ཚུལ་ནི་ཤིན་ཏུ་འགངས་ཆེ། ཆུ་ལམ་བདེ་ན་ཁང་པ་ཆར་ཆུ་ཡིས་མི་དགྲ་བ་མ་ཟད། དུད་ཚང་དེ་གའི་བྱ་བ་ཐམས་ཅད་ལམ་དུ་འགྲོ་ཞིང་། རྟག་ཏུ་རྒྱུ་ནོར་འཁོར་བ། དབུལ་ཕོངས་སེལ་བ་ཡིན། ཆུ་ལམ་ཡག་ན་ལམ་འགྲོ་ཡག ཆུ་རྐ་བདེ་ན་ཁ་མཆུ་ཉུང་ཞེས། གཞན་“ཝ་ཆུའི་ཁ་”དེ་ཁང་པའི་ཕྱོགས་བཞི་རུ་གང་བདེར་གཏོད་ཆོག་ནའང་། ས་དཔྱད་དང་བསྟུན་ན་ཁང་པའི་རྒྱབ་དང་ལྷོ་རུ་གཏོད་ན་བཟང་། གནས་དེ་ན་ཆུ་ཞིག་བབ་པ་ནི། ལྷོ་གཡུ་འབྲུག་སྔོན་མོའི་ཁ་ཆུ་ཡིན་ཞེས་གྲགས།



ཉེར་གཅིག


བོད་ཁང་ལ་“ཁང་ཐོག་མཁར་”གྱི་བཀོད་པ་ཞིག་ཡོད་མོད། སྤྱི་ན་ཁང་པ་དང་མཁར་གཉིས་མཉམ་དུ་སྒྲིག་པ་དང་། སོ་སོར་བསྐྲུན་པ་བཅས་ཡོད། དེ་ལས་ཆེས་དམིགས་བསལ་ཅན་ཞིག་ནི་ཁང་ཐོག་ཏུ་མཁར་ཞིག་ཡོད་པ་དེ་ཡིན། མཁར་དེ་ལ་“བསངས་མཁར་”ཞེས། ཆེད་དུ་ཡུལ་ལྷ་གཞི་བདག་རྣམས་ལ་བསངས་གཏོང་སར་བཞེངས་པ་ཡིན། བསངས་མཁར་ནི་ཁང་པའི་སྒོ་ཆེན་གྱི་སྟེང་ཕྱོགས་དང་། ཡང་ན། ཁང་སྟེང་གི་ཟུར་བཞི་པོ་གང་རུང་ལ་བཀོད་ཆོག ཡིན་ནའང་། ལེགས་ཤོས་ནི་ལུང་པ་དེའི་ཡུལ་ལྷ་ཡོད་སའི་ཁ་ཕྱོགས་དེ་ཆེས་བཟང་ངོ།། 



ཉེར་གཉིས


བོད་ཀྱི་ཁང་པ་ལ་“ཁང་ཐོག་ལྷ་ཁང་”དང་“ཁང་ཐོག་མཚམས་ཁང་”ཞེས་པ་ཞིག་ཀྱང་ཡོད་ལ། དེ་ནི་ཁང་པའི་སྟེང་ལ་“ཁང་བུ་”ཞིག་བཞེངས་ནས་ཁྱད་དུ་ལྷ་ཁང་བཟོ་བ་དང་། ཡང་ན། ཁྱིམ་དུ་སྒྲུབ་པ་ལ་གནས་པའི་ཉམས་ལེན་པ་དག་གིས་“མཚམས་ཁང་”དང་“སྒྲུབ་ཁང་”བྱེད་པའོ།། 




 ཉེར་གསུམ།



བོད་ཁང་ལ་བཀྲ་ཤིས་པའི་“ཁང་མིང་”སྣ་ཚོགས་ཡོད། ཁང་པ་ནི་སྣོད་དང་ལུས་པོའི་ཚུལ། ནང་གི་སྡོད་མི་ནི་བཅུད་དང་རྣམ་ཤེས་ཀྱི་ཚུལ། དེས་ན། ཁང་པ་ནི་ང་ཚོ་དང་གཞི་གཅིག་ཏུ་གྱུར་བའི་ཆ་ཤས་ཤིག་སྟེ། དེ་ལ་གཅེས་པར་འཛིན་ཞིང་། བདག་ཏུ་འཚལ་བ། རྒྱན་སྣ་ཚོགས་འདོགས་ཤིང་། མིང་ཡང་སྙན་པོ་བཏགས་པ། དཔེར་ན། “ལྷུན་གྲུབ་”དང་། “ཁང་སར་”དང་། “དགའ་ལྡན་”དང་། “དཔལ་འཛོམས་”དང་།  “འོད་གསལ་”དང་། “དཀར་པོ་”སོགས་ཅི་རིགས་ཡོད་དོ།། 



ཉེར་བཞི།


སྔར་བོད་ཡུལ་གྱི་མི་ཆེན་རྣམས་བཞུགས་སའི་“ཕོ་བྲང་” དག་ལའང་མིང་སྙན་པོ་ཤ་སྟག་ཡོད། དཔེར་ན། ཡུམ་བུ་བླ་མཁར། ཕོ་བྲང་ཁྲི་རྩེ་དམར་པོ། ཕོ་བྲང་འཕང་ཐང་། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུགས། ར་ལག་མཁར་དམར། སེང་འབྲུག་སྟག་རྩེ། བསམ་འགྲུབ་ཕོ་བྲང་སོགས། མིང་དེ་དག་ནས་མི་བོ་ཆེ་རྣམས་ཀྱི་གཟི་བརྗིད་དང་སྟོབས་ཤུགས་མཚོན་པ་མ་ཟད། ཕོ་བྲང་རང་གི་བཀོད་པའི་རྫིག་ཉམས་དེའང་མཉམ་དུ་བསྟན་པ་ཡིན་ནོ།། གཞན་ཡང་། ཕོ་བྲང་གི་མིང་ནི་གང་འོས་སུ་འདོགས་པ་མ་ཡིན་ཞིང་། ཁྱད་དུ་མཚན་མཁན་གྱིས་བཏགས་དགོས་ཏེ། ཕོ་བྲང་གི་མིང་ནི་དེའི་བདག་པོ་དང་། དེའི་འབངས་དང་། དེའི་ཡུལ་གྱི་བཀོད་པ་དང་། དེའི་འཁོར་དང་ལོངས་སྤྱོད་དང་ཡོངས་སུ་མཐུན་པ་དང་། འཕྲོད་པ་དང་། འཚམས་ཐུབ་པར་དགོས། དེ་མིན་འགལ་རྐྱེན་བར་ཆད་འབྱུང་བའོ།། དགེའོ།། ..མུ་འགོད། 


往期回顾

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩

微信号耷艺术空间

视频号|耷艺术空间

耷艺术空间
文化艺术分享,广告
 最新文章