བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
ཞེ་དྲུག
བོད་ཀྱི་ཁང་པ་ཁ་ཤས་ནི་“སྲི་”དང་མི་མིན་དང་། གདོན་འདྲེ་སོགས་ཀྱི་གནོད་པ་སེལ་བའི་ཆེད་དུ་བསྐྲུན་པ་ཡིན། དཔེར་ན། མཁར་གྲུ་གསུམ་ཅན་དང་། ལྷ་ཁང་དམིགས་བསལ་ཅན་དང་། (སྔོན་གྱི་ལྷ་ཁང་དང་མཆོད་རྟེན་ཕལ་ཆེ་བའི་ས་འོག་ཏུ་མནན་པ་སྣ་ཚོགས་ཡོད།) བཙན་ཁང་སོགས། ཁང་པ་དེ་དག་གི་བཟོ་ལྟའི་ཆ་ནས་ཀྱང་གཞན་གྱི་ཁང་དཔེ་དང་མི་འདྲ་བ་ཡིན་ནོ།།
ཞེ་བདུན།
བོད་ཀྱི་ཁང་བཤད་ལས། ཁང་པའི་ནང་རྟག་ཏུ་མི་སྡོད་དགོས་པ་དང་མེ་གཏོང་དགོས། དེ་མེད་ན། ཁང་པ་ལ་བླ་མེད་པ་འདྲ་ཟེར། གལ་ཏེ། ཁང་པ་ཞིག་ཏུ་རྒྱུན་སྡོད་བྱེད་མཁན་མེད་ན། ཁང་པ་དེ་རིམ་གྱིས་གུད་པ་དང་“ཁང་བཅུད་”ཉམས་ཞིང་། གང་འཚམས་ཞིག་ན་ལྷ་འདྲེ་མི་མིན་སོགས་ཞུགས་ཏེ་“འདྲེ་ཁང་”དུ་འགྱུར་སྲིད་ཅེས་སོ།།
ཞེ་བརྒྱད།
གནའ་དུས་ཀྱི་བོད་ཁང་མང་ཆེ་བར་“ཀླུ་ཁང་”རེ་ཁང་པའི་ཟུར་དང་རྒྱབ་ལོགས་སུ་བཞེངས་སྲོལ་ཡོད། དེ་ནི་“ཀླུ་”ཡི་རིག་གནས་སམ་གདོད་མའི་“བདུད་ཀྱི་རིག་གནས་”ནས་རྐྱེན་པས་སོ།། དོན་དུ་“བོད་ཁང་རེ་ལ་ཆུ་མིག་རེ་”ཞེས་པ་དེ་ཡིན། ཆུ་མིག་མང་ཆེ་བར་ཀླུ་གནས་ཤིང་། ཀླུ་ནི་འདོད་ཡོན་གྱི་བདག་པོ་སྟེ། ཀླུ་མཆོད་བགྱི་ན་རྒྱུ་ནོར་འཐོབ་ཅིང་། འབྱོར་ལྡན་དུ་འགྱུར་ཟེར་རོ།།
ཞེ་དགུ།
བོད་ཁང་ཐོག་བརྩེགས་གསུམ་གྱི་ས་བཅད་ནས་“ཁམས་གསུམ་”ཞེས་པ་མཚོན། (འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་དང་། ལྷ་ཁམས་ཀླུ་ཁམས་གཉན་གྱི་ཁམས་གསུམ།) དེའི་ཕྱིར། སྟེང་ཁང་། བར་ཁང་། འོག་ཁང་ཞེས་འབོད། དོན་དུ་སྟེང་སྤྲུལ་པའི་ལྷ་ཁང་། བར་འཕྲུལ་བའི་གཉན་ཁང་། འོག་སྤྲུལ་པའི་ཀླུ་ཁང་། འདིའི་མིང་དུ་“གསུམ་ཐོག་”ཅེས། སུམ་ཐོག་ལ་“དགའ་གསུམ་”ཞེས་པ་ཡོད་དེ། སྟེང་ཁང་དུ་ལྷ་དགའ། བར་ཁང་དུ་མི་དགའ། འོག་ཁང་དུ་ཀླུ་དགའ། ཞེས་སོ།།
ལྔ་བཅུ།
ཁང་པ་གང་འདྲ་ཞིག་ཡོད་ན་བདག་པོ་དེའང་དེ་ལྟར་ཞིག་དགོས་ཞེས། ཕོ་བྲང་ནང་དུ་འདུག་མཁན་དེ་ཕྱི་ཕོ་བྲང་གི་བཀོད་པ་ལྟར་གུ་ཡངས་ཁོག་ཆེན་དང་། བརྗིད་ཉམས་དང་ལྡན་པ། དམ་ཚིག་བརྟན་པོ། དྲང་པོ་སྒམ་པོ། མཐའ་ནས་སྲུང་ཐུབ་པ་ཞིག་དགོས། དེ་འདྲ་ཡིན་ན་མི་དང་ཁང་པ་གཉིས་ཡོངས་སུ་འཕྲོད་པ་ཡིན་ཞིང་། གལ་ཏེ། མི་དང་ཁང་པ་གཉིས་ཀྱི་ཁམས་དང་ནུས་པ་མ་འཕྲོད་ན་གྱོང་དང་ཆགས་སྒོ་བསླང་པ། དེ་བཞིན་དུ། ཐོག་བརྩེགས་དགུ་ཅན། ལྔ་ཅན། གསུམ་ཅན། གཉིས་ཅན། གཅིག་ཅན་པོ་གང་ཞིག་ཡིན་ནའང་བདག་པོ་དེའང་དེ་འདྲ་ཞིག་དགོས་སོ།། དགེའོ།། …མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥
微信号|耷艺术空间
视频号|耷艺术空间