བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠

文摘   2024-12-30 14:55   四川  

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།

ལྟག་ཨོ་རྒྱན་ཆོས་འཕེལ་ནས།




ཉེར་ལྔ



ཁང་པ་ནི་མི་སྡོད་སའི་“མི་ཚང་”ཡིན་པ་མ་ཚད། སྲོག་ཆགས་གཞན་གྱི་“ཚང་”ཡང་ཡིན། སྟེང་ལ་བྱིའུ་ཚང་དང་སྦྲང་ཚང་། བར་ན་སྡོམ་ཚང་དང་འབུ་ཚང་། འོག་ན་བྱི་ཚང་དང་གྲོག་ཚང་སོགས་ཚང་རིགས་ཚང་སྣ་བཅོ་བརྒྱད་ཡོད། “ཚང་”དེ་དག་ལས་ཆེས་རྟེན་འབྲེལ་ཡག་ཤོས་དང་ལྟས་བཟང་ཤོས་ནི་“སྦྲང་ཚང་”ཡིན་ཟེར། གལ་ཏེ། དུད་ཚང་ཞིག་གི་ཁང་པའི་ཐོད་དུ་སྦྲང་ཚང་ཞིག་བཅའ་ཡོད་ན། དུད་ཀ་དེར་གཡང་ཆགས་པ་དང་། ཡར་འགྲོ་འཐོབ་ཅེས་བཤད་དོ།། 



ཉེར་དྲུག


བོད་ཁང་ལ་མི་ཟོག་འགྲོ་སའི་“སྒོ་”དགོས། སྒོ་ལ་ནི་སྒོ་ཆེན་སྒོ་ཆུང་སྒོ་འབྲིང་གསུམ། ཕྱི་སྒོ་ནང་སྒོ་བར་སྒོ་གསུམ། མཛོད་སྒོ་མཆོད་ཁང་ཐབ་ཚང་སྒོ། གློ་སྒོ་ལྟག་སྒོ་ཟུར་སྒོ་གསུམ། རླུང་སྒོ་འོད་སྒོ་ལྷ་སྒོ་གསུམ། (རླུང་འོད་ལྷ་སྒོ་གསུམ་མང་ཤོས་སྒེ་ཁུང་ཡིན) རླུང་སྒོ་ནི་ཁང་སྟེང་གི་སྒེའུ་ཁུང་དང་སྒོ་ཆུང་། འོད་སྒོ་ནི་དཀར་ཁུང་། ལྷ་སྒོ་ནི་གནམ་དཀར་(སྐར) བཅས་ཡིན།



ཉེར་བདུན། 


བོད་ཁང་ལ་“སྒོ་ཆེན་”བཙུགས་དུས་ཁང་པ་དེ་གྲུབ་པའི་མཚོན་དོན་ཡིན། མིང་དུ་“སྒོ་བསླངས་”ཞེས། དེ་དུས་མི་རྣམས་མཉམ་གཅིག་ཏུ་འདུས་ཏེ་བཀྲ་ཤིས་བསངས་གསོལ་དང་། ཤིས་ཚིག་བརྗོད་པ་དང་། ཁ་བཏགས་འདོགས་པ་སོགས་“སྒོ་སྟོན་”རྟེན་འབྲེལ་གྱི་མཛད་སྒོ་སྤེལ་བ་ཡིན་ནོ།། 





ཉེར་བརྒྱད།



སྒོ་ཆེན་འཛུགས་དུས་“སྒོ་བསླངས་ཆོ་ག་”ཞེས། སྒོ་ཐེམ་འོག་ཏུ་“མནན་པ་”བྱ་དགོས། དེ་ནི་མ་རིག་པ་དང་། མ་མཐོང་བ། མ་དགོས་པ། མི་དགེ་བ། མི་གཙང་བ། མི་ལེགས་པ། མི་འཇོན་པ། མི་འཐོབ་པ། མི་མཛེས་པ། དེ་བཞིན་དུ་མི་ལ་ན་ཚ། ཕྱུགས་ལ་གོད་ཁ། དགྲ་བགེགས་དང་གདོན་གྱིས་མི་གནོད་པ་དང་གནོད་པ་བགྱི་མི་ནུས་པའི་མནན་པ་དམ་པོར་མཛད་དོ།། 



ཉེར་དགུ།


སྒོ་ཆེན་གྱི་ཐོད་དུ་རྡོ་དཀར་སྤུངས་པའི་“ནོར་གཞོང་”དང་། གཡག་མགོ་དང་། “བྱ་ཁྱུང་”གི་སྐུ་གཟུགས་སོགས་བཞེངས་པ། དེ་ནི་སྒོ་ཆེན་གྱི་རྒྱན་ཡིན་ལ་སྒོ་ཆེན་གྱི་སྙིང་པོའང་ཡིན། རྡོ་དཀར་གྱི་ནོར་གཞོང་ནས་ཁྱིམ་ཚང་དེར་རྒྱུ་ནོར་དཔག་ཏུ་མེད་པ་འཁོར་བ་དང་། བསོད་ནམས་སྒོ་ནས་ལྷུང་བ་བཅས། གཡག་གི་མགོ་དང་རྭ་ཅོ་ནས་ཁྱིམ་ཚང་སྲུང་ཞིང་། གནོད་པ་ཕྱིར་བཟློག་པ། དེའི་སྟེང་དུ་བྱ་ཁྱུང་བབས་པ་ནི་ཐམས་ཅད་བདེ་བར་གྱུར་པ་དང་། སྲིད་པའི་སྒོ་ཕྱེ་བ་དང་། སྒོ་ནས་འགྲོ་འོང་བྱེད་མཁན་ཚང་མ་ལ་བྱིན་རླབས་སྟེར་བའོ།།  



སུམ་ཅུ།


བོད་ཁང་གི་སྒོ་ལ་ཚོན་གཏོང་བ་ནི་“སྒོ་རྒྱན་”གྱི་ཆ་ཤས་གཙོ་བོ་ཞིག་སྟེ། རྒྱུན་པར་བོད་སྒོ་ལ་ཚོན་དམར་སྨུག་དང་། ནག་པོ་དང་། ཁྲ་ཁྲ་བཅས་ཡོད། གཞན་ཡང་། སྒོ་གླེགས་ཀྱི་ངོས་སུ་ཕྱག་རྒྱ་སྣ་ཚོགས་བཀོད་སྲོལ་མཆིས། ཁྱད་པར་དུ་“ནང་སྒོ་”དག་ལ་ཚོན་སྣ་ལྔ་ལྡན་ཅན་དང་། བཀྲ་ཤིས་པའི་རི་མོ་ཅི་རིགས་རྒྱག་ཅིང་། དེ་མིན། བཙན་ཁང་དང་། ཀླུ་ཁང་དང་། ལྷ་ཁང་གི་སྒོ་ནི་དེ་བས་རྒྱས་སྤྲོས་ཆེ་བ་དང་། རི་མོའང་“ལས་”སྣ་ཚོགས་སྟོན་པའི་ཡ་མཚན་ཅན་ཤ་སྟག་ཡིན། དགེའོ།། …མུ་འགོད།


往期回顾

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤

微信号耷艺术空间

视频号|耷艺术空间

耷艺术空间
文化艺术分享,广告
 最新文章