བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
ཞེ་གཅིག
སྔར་རྒྱལ་པོའི་ཕོ་བྲང་དག་གི་སྒོ་ཐོད་དུ་སེང་གེ་བདུན་དང་བརྒྱད་ཅན་གྲལ་དུ་བསྟར་བའི་སྒོ་རྒྱན་ཞིག་ཡོད། དེ་ནི་མི་འཇིགས་པ་དང་། ཟིལ་གྱིས་གནོན་པ་མཚོན་པས། བདག་པོ་དེའི་དབང་ཐང་དང་། གཟི་བརྗིད་དང་། སྟོབས་ཤུགས་སོགས་མངོན། ཁྱད་པར་དུ་ས་དཔྱད་ཐད་ནས་རྒྱ་སྒོ་ལ་ཁ་གཏོད་ཡོད་པའི་མདུན་གྱི་ས་དགྲ་ཆུ་དགྲ་དང་། གནོད་པ་དང་། བགེགས་དང་། ངན་པའི་མཐུ་རྣམས་འཇོམས་པ་ཡིན་ནོ།།
ཞེ་གཉིས།
བོད་ཁང་ཚད་ལྡན་ཞིག་གི་བཀོད་པ་རུ་ངེས་པར་དུ་“སྟག་སེང་ཁྱུང་འབྲུག་”བཞི་ཀ་ཚང་དགོས། དེ་ནི་ཁང་པ་གཅིག་ལ་གནས་དགོས་པའི་“ནུས་པ་ཆེན་པོ་”བཞི་སྟེ། དཔེར་ན། སྒོ་ཐོད་ཀྱི་ཁྱུང་དང་། སེང་གེ་དང་། ཝ་ཆུ་གཡུ་འབྲུག་སྔོན་མོ། རྡོ་ཁྲ་(རྡོ་ཡི་རྩིག་པ་) བརྩིགས་པའི་རིས་ནི་སྟག་གི་པགས་པ་བཅས་སོ།། (སྐབས་རེར་སྟག་གི་ཚབ་ཏུ་གཡག་རྭ་བཀོད་སྲོལ་ཡང་ཡོད) ནུས་པ་བཞི་པོ་འདི་མཐུན་པ་དང་འཕྲོད་གྱུར་ན་ཐམས་ཅད་བདེ་དང་ལྡན་ཞེས་སོ།།
ཞེ་གསུམ།
བོད་ཁང་ནི་སྲིད་པ་གྲོལ་བའི་ལུགས་དང་བསྟུན་ནས་བསྐྲུན་པ་ཡིན་ཕྱིར། དོན་གྱི་གཞི་མ་ནི་ཁང་པ་ལ་བརྟེན་ནས་“གྲོལ་”དགོས་པ་དེ་ཡིན། འདི་གྲོལ་བའི་གྲོལ་ལུགས་ཤིག་ནི་“རྨུ་སྐས་རིམ་དགུ་”དང་“རྒྱ་མཐོངས་ཁ་ཕྱེ་”གཉིས་ཏེ། སྤྱི་ན། བོད་ཁང་གི་སྐས་ཐེམ་གྱི་གྲངས་ཀ་ལ་ངེས་པ་མེད་ཀྱང་། ཐེམ་པ་དགུ་ཅན་ནི་ཚད་ལྡན་དུ་མཐོང་། 《ལྡེའུ་ཆོས་འབྱུང་》ལས། “རྨུ་སྐས་རིམ་དགུ་ལ་ཞབས་བརྟེན་ནས། ནམ་མཁའ་འཕྲུལ་ཅན་དུ་གཤེགས།”ཞེས་གསུངས་པ་བཞིན། ནམ་མཁའ་འཕྲུལ་ཅན་ནི་ཁང་པའི་“རྒྱ་མཐོངས་”ཏེ། དེས་ན། བོད་ཁང་གི་རྒྱ་མཐོངས་ལ་“གནམ་མཐོངས་”ཡང་ཟེར། དོན་དུ་སྐས་ཐེམ་རིམ་དགུ་ལ་བརྟེན་ནས་གནམ་མཐོངས་སུ་བགྲོད་པ་ཡིན། འདི་ནི་བོད་ཁང་གི་ཁྱད་ཆོས་གཙོ་བོ་ཞིག་སྟེ། སྡོད་ཁང་དང་ཉམས་ལེན་གཉིས་གཞི་གཅིག་ཏུ་འཇོག་ཡོད་པ་དེའོ།།
ཞེ་བཞི།
བོད་ཁང་ནང་ལ་རྟག་ཏུ་“ལྕི་བདུག་”བྱེད་དགོས། ལྕི་བ་ནི་འབུད་ཤིང་གཙོ་བོ་ཞིག་ཡིན། གཞན་ཡང་“ལྕི་མྱེ་”ལ་དམིགས་བསལ་གྱི་ནུས་པ་དང་དགེ་མཚན་ལྡན། དཔེར་ན། མཚན་ཐུབ་ཀྱི་“མེ་བསྙལ་”ལ་ལྕི་མྱེ་དགོས། དེ་མིན། གསུར་གཏོང་ནའང་ལྕི་མྱེ་དགོས་སོ།། གཞན་ཡང་“ལྕི་དུད་”འཁོར་བའི་བོད་ཁང་ནི་“སྨན་བཟང་གི་ཁང་པ་”ཞིག་དང་འདྲ་སྟེ། ལྕི་དུད་ཀྱིས་དུག་རྣམས་སེལ་བས། ནད་དག་སྔོན་འགོག་བྱེད་ནུས། ཁྱད་པར་དུ་ལྕི་དུད་ཀྱིས་མི་སེམས་རྣལ་དུ་དབབ་པ་དང་། སེམས་ལ་གསལ་སྣང་སྟེར་ཐུབ་བོ།།
ཞེ་ལྔ།
བོད་ཁང་གི་རྩིག་པའི་སྟེང་དང་། ཁང་པའི་ནང་དུ་ལྕི་བས་“ལྕི་རྩིག་”རྒྱག་སྲོལ་ཡོད། ཁང་སྟེང་གི་ལྕི་རྩིག་ནི་“རྟ་སོ་” ཡི་དབྱིབས་གཟུགས་སུ་བཅོས་ཏེ་བརྩིགས་ཡོད། དེས་ཁང་པའི་བཟོ་ལྟ་ལ་མཛེས་ཆ་གཏོད་པ་དང་། མཉམ་དུ་རླུང་བཀག་ཅིང་ཁང་པ་ལ་དྲོད་སྟེར་བ། ལྷག་པར་དུ་འགོས་ནད་འགོག་ཅིང་། ནད་གཏོང་མཁན་གྱི་ནད་བདག་ཀྱང་བཟློག་ནུས་སོ།། དགེའོ།། …མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
微信号|耷艺术空间
视频号|耷艺术空间