བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦

文摘   2024-12-24 14:23   四川  

བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།

ལྟག་ཨོ་རྒྱན་ཆོས་འཕེལ་ནས།

  བོད་ཁང་དུ་ཆེར་ལོངས་བའི་སྐྱེས་བུས་ངེས་པར་དུ་ཤེས་དགོས་པའི་ཁང་པའི་ཤེས་བྱ་བརྒྱ་རྩ་མ་ཞིག་ཡོད་པས། གཤམ་དུ་རིམ་གྱིས་ཞུ་ན།

    སྤྱིར་“ཁང་པ་”ལ་མིས་བཟོས་ས་རྡོའི་ཁང་པ་དང་། རང་བྱུང་ཀེའུ་ཚང་དང་ཕུག་པའི་ཁང་པ་བཅས་གཉིས་ཡོད། མིས་བཟོས་ཁང་པ་ལ་“བྲང་ཁང་”ཞེས། དེ་ལ་ས་རྡོའི་ཁང་པ་དང་། རས་གུར་སྦྲ་ཁང་བཅས་གཉིས་ཡོད། འདི་“ས་རྡོའི་ཁང་པ་”ལ་མ་དོང་དང་།(མ་འོག་གི་ཁང་པའམ་ས་ཁང་)རྡོ་ཁང་། གྱང་ཁང་། རྭ་ཅོའི་ཁང་པ། སྤོ་ཐོའི་ཁང་པ། ཤིང་ཁང་། སྨྱུག་ཁང་། རྩྭ་ཁང་སྤྱིལ་བུ་བཅས། “སྦྲ་གུར་”ནི་རས་དང་རེ་ལྡེ་ཕྱིང་པ་བཅས་ནས་བཟོས་པའི་སྡོད་ཁང་། དེ་ལ་སྦྲ་དང་། ནག་ཚང་། མགོ་ནག་དང་། གུར་དཀར་རས་ གུར་སོགས་ཅི་རིགས་ཡོད་དོ།།

    འདི་“ས་རྡོ་”ལས་གྲུབ་པའི་ཁང་པའི་སྐོར་གྱི་ཤེས་བྱ་འགའ་གླེང་ན། ཐོག་མར། ས་རྡོའི་ཁང་པ་ནི། གཙོ་བོར་“རྡོ་རྩིག་”དང་“གྱང་ཁང་”གཉིས་ལ་གོ་ཞིང་། འདི་གཉིས་ནི་“བོད་ཁང་”གི་ཆ་ཆེ་ཤོས་དེ་ཡིན། བོད་ཡུལ་སྟོད་སྨད་བར་གསུམ་དུ་ཁྱབ་ཡོད་དོ།། (བོད་ཁང་གི་རྩིག་པ་ལ་ཀྱང་དང་རྡོ་རྩིག་སྤེལ་མ་དང་། རྡོ་རྩིག་དང་བང་ཁང་སྤེལ་མ་དང་། གྱང་དང་བང་ཁང་སྤེལ་མ་བཅས་ཡོད།)





དང་པོ།


   བོད་ཀྱི་ཁང་པ་ནི་སྲིད་པ་ཆགས་པའི་འགྲོས་དང་བསྟུན་ནས་བསྐྲུན་ཡོད་པས། བཟོ་ལྟའི་བཀོད་པའི་ཆ་ནས་“གྲུ་བཞི་མ་"□དང་“སྒོར་ གཟུགས་ཅན་” O གཉིས་ཡོད། འདི་གཉིས་ནི་སྲིད་པའི་གནམ་སའམ་ཕོ་མོ་སྟེ། ནུས་པ་འདི་ལ་གཞི་བརྟེན་ནས་སྲིད་པའི་ཡོད་དགུ་འབྱུང་བའོ།།



གཉིས་པ།


  ཕྱིས་སུ་དུས་ཀྱི་འགྱུར་བ་ནས་ཁང་ཁྱིམ་གྲུ་བཞི་མའི་བཀོད་པ་ཅན་དེ་མང་བར་ཕྱིན་ཏེ་“ཁང་པ་སྒོར་གཟུགས་མ་”དེ་ཆོ་ག་དམིགས་བསལ་ཅན་དུ་མ་གཏོགས་བེད་གཅོད་མེད་པར་ཆགས། ཡིན་ནའང་། སྒོར་གཟུགས་མའི་ཆ་ཤས་དེ་མི་རྣམས་ཀྱི་ཉལ་སྟངས་(སྒོང་གཟུགས་)དང་འདུག་སྟངས་(ར་བ་)ལ་བཅོལ་ཏེ་བོད་ཁང་གི་བཀོད་པའི་ནང་མུ་མཐུད་དེ་བཞག་ཡོད་དོ།།



གསུམ་པ།


    བོད་ཁང་གི་བཟོ་བསྐྲུན་བཀོད་པའི་ཆ་ནི་འཇིག་རྟེན་ཆགས་ལུགས་ལྟར་དུ་“ཀ་བཞི་གདུང་བརྒྱད་”ཅན་དུ་བཟོས་ཡོད། དེ་ནི་ཕྱོགས་བཞི་མཚམས་བརྒྱད་ཅེས། ཕྱོགས་བཞི་ནི་འབྱུང་བ་བཞི་དང་། དུས་ཚིགས་བཞི། མཚམས་བརྒྱད་ནི་ནུས་ཆེན་བརྒྱད་དང་། བཀྲ་ཤིས་པ་བརྒྱད་དང་། སྤར་ཁ་བརྒྱད་ཅེས་སོ།།



བཞི་པ།


    བོད་ཁང་ཀ་བཞི་གདུང་བརྒྱད་ཅན་ནི་ཁང་པ་བརྟན་པོར་གྱུར་བའི་རྩལ་ཞིག་ཡིན་པ་མ་ཚད། སྲིད་པའི་གནས་ལུགས་ཀྱི་ཚུལ་དང་རང་བཞིན་དང་མཐུན། དོན་དུ་ཁང་པ་ལ་བསྟེན་ནས་གནས་ལུགས་མངོན་སུམ་རྟོགས་དགོས་པ་ཡིན། དེས་ན། “ཀ་བཞི་”ནས་དུས་ཚོད་ཀྱི་རྣམ་པ་དང་། དུས་ཚོད་ཀྱི་ནུས་པ། མཚམས་བརྒྱད་ནས་བར་སྟོང་སྲིད་པའི་ཁོག་པ་བསྟན་པ་ཡིན་ནོ།།




ལྔ་པ།


      བོད་ཁང་རྒྱག་པར་ཐོག་མར་ཁང་ས་དེ་རུ་“རྡོ་”ཞིག་འཕང་ དགོས་ཤིང་། དེ་ནི་སྲིད་པ་དང་པོར་ཆགས་པའི་ནུས་པའི་དྭངས་མ་“སྲིད་པའི་རྡོ་”ཞེས་པ་དེ་ཡིན། མིང་ལ་“རྡོ་ཆགས་”ཟེར། རྡོ་ཆགས་པ་ནས་སྲིད་པ་ཉིད་གཡུང་དྲུང་དུ་བརྟན་ཐུབ་པ་བཞིན། ཁང་པའང་དེ་ལྟར་“རྡོ་ཆགས་པ་”ནས་ཡུན་དུ་གནས་ཤིང་འགྱུར་བ་མེད་པའོ།།




དྲུག་པ།


     རྡོ་ཆགས་པའི་སྟེང་ལ་ཁང་པའི་སྲོག་ཤིང་ངམ་སྲོག་གི་ཀ་བ་ “དཀྱིལ་ཀ་”ཞེས་པ་བསླང་དགོས། དཀྱིལ་ཀའི་སྟེང་དུ་བྱ་རྒྱལ་ཁྱུང་ཆེན་ཞིག་ བབས་པར་“ཀ་གཞུ་”ཞེས། བྱ་དེས་ཚོན་སྣ་ལྔ་ལྡན་གྱི་མཇུག་སྒྲོ་ནང་དུ་ཕབ་པས་ན་དཀྱིལ་ཀའི་སྟེང་ལ་དར་ཚོན་སྣ་ལྔ་གསོལ་བ། བྱ་ཁྱུང་གིས་ཀ་ཐོག་ཏུ་སྒོ་ང་བླུགས་པས་ན་ཀ་ཐོད་དུ་སྒོ་ང་དང་སྒོང་ཤུན་བཞག་པ། བྱ་རྒྱལ་གྱིས་འབྲུ་རིགས་སྣ་ལྔ་ཁྱེར་ཡོང་བས་ན་ཀ་ཐོད་དུ་འབྲུ་ཡི་སྙེ་མ་བཀོད་པ། བྱ་རྒྱལ་གྱིས་སྒྲོ་ཆེན་ཕུབ་པས་ན་ཁང་པའི་ཐོག་ལྕམ་ཤིང་གིས་ཐོག་འགེབས་བཀབ་པ་ བཅས་སོ།། དགེའོ།། 



བདུན་པ། 


  བོད་ཁང་ནི་“གནམ་ས་ཁ་སྤྲོད་”ཀྱི་བཀོད་པ་ལས་མི་འདའ་བས་ན། ཀ་རྡོ་ལ་གྲུ་བཞི་ཅན་དང་སྒོར་གཟུགས་ཅན་གཉིས་ཡོད། ཀ་བ་རང་ལའང་གྲུ་བཞི་ཅན་དང་། སྒོར་གཟུགས་ཅན་གཉིས་རེ་ཡོད་དོ།། གཞན་ཡང་། རྒྱལ་པོ་ཆེན་པོའི་ཕོ་བྲང་ལྟར་ན་ཀ་བ་ལ་ཤིང་བཟང་ཟུར་མང་རྒྱས་སྤྲོས་ཅན་དང་། ཀ་རྡོ་ལ་བརྐོས་སྣ་ཚོགས་དང་ལྡན་པ་བཅས་སོ།།



བརྒྱད་པ།


    རྡོ་ཁང་གི་“རྩིག་པ་”ལ་ཕྱི་རྩིག་དང་། ནང་རྩིག་དང་། སྐྱབས་ལ་གསུམ། ཕྱི་རྩིག་ཕ་ཡི་རྩིག་པ་ཞེས། རྡོ་ཆེ་དགོས། བརྟན་དགོས། གྲ་འགྲིག་དགོས། ནང་རྩིག་མ་ཡི་རྩིག་པ་ཞེས། རྡོ་འཇམ་དགོས། འཐུས་དགོས། འདམ་པ་མང་དགོས། སྐྱབས་ལ་བུ་རྒྱུད་རྩིག་པ་ཞེས། རྡོ་ཆུང་དགོས། མང་དགོས། འབྱར་ཤུགས་ཆེ་དགོས། གྱང་ཁང་ལ་གྱང་བརྡུངས་བ་དང་བླུགས་པ་གཉིས་ཡོད། གྱང་རྡུང་བ་ཕོ་ཁམས་དང་། བླུགས་གྱང་ནི་མོ་ཁམས་བཅས་སོ།།




དགུ་པ།


  བོད་ཁང་གི་གྱང་དང་རྩིག་པའི་ནང་ལ་“གྱང་གཏེར་”སྦ་དགོས། གྱང་གཏེར་ནི་“གཏེར་བུམ་”སྟེ། རབ་ན་གསེར་བུམ་དང་། ངན་ན་ས་བུམ་དགོས། བུམ་པའི་ཕྱིའི་ངོགས་སུ་བཀྲ་ཤིས་པའི་རི་མོ་དང་། གཡང་གི་ཕྱག་རྒྱ་སྣ་ཚོགས་བཀོད་དགོས། ནང་དུ་འབྲུ་སྣ་དང་། གསེར་དངུལ་གཡུ་བྱུར་དང་། ས་སྣ་ཆུ་སྣ་དང༌། སྲུང་སྔགས་སོགས་དགོས། གྱང་གཏེར་མེད་ན་རྩིག་པ་རོ་དང་འདྲ་ཞེས། ནང་དུ་མི་ཟོག་སུ་སྡོད་ནའང་གཡང་མི་འཁོར། བཅུད་མི་ལོན་ཞེས་སོ།།



བཅུ་པ།


  བོད་ཁང་གི་གྱང་དང་རྩིག་པའི་ངོས་སུ་ཉི་ཟླ་དང་། སྡིག་རྭ་དང་། གཡུང་དྲུང་དང་། ཀ་ཡིག་སོགས་ཕྱག་རྒྱ་འདྲ་མིན་རྒྱག་སྲོལ་མངའ། དེ་ནི་བཀྲ་ཤིས་པ་དང་། གཡང་འཁོར་བ་དང་། གདོན་འགོག་པ་བཅས་ཡིན། ཤུགས་སུ་གནའ་དུས་ལུང་པ་སོ་སོའི་རིགས་ཀྱི་བླ་རྟགས་སོགས་མངོན་པ་ཡིན་ནོ།།



བཅུ་གཅིག 


   ཁང་པ་རྒྱག་པའི་སྟ་གོན་དུ་“ཁང་ས་བརྟག་པ་”ཤིན་ཏུ་གལ་ཆེ་ཞིང་། ཁྱད་པར་དུ་རྩིག་རྨང་དུ་“མནན་པ་”བྱ་སྲོལ་ཡོད། མནན་པ་ལ་ཅི་རིགས་ཡོད་མོད་དེ། གཙོ་བོར་གོ་ཐལ་བླུགས་པ་དེ་ཡིན། གོ་ཐལ་ནས་རྩིག་པ་རུ་ཆུ་མི་འཐེན་པར་ཕན་ཞིང་། མཉམ་དུ་གནོད་པ་མནན་པའི་གོ་ཆོད་པས། “དགྲ་མགོ་གནོན་”ཞེས་གྲགས།(སྔུན་“དགྲ་མཁར་”སོགས་བཞེངས་དུས། རྩིག་གདན་གྱི་མནན་པར་མི་རོ་རྟ་རོ་སོགས་བཞག་སྲོལ་མངའ།)



བཅུ་གཉིས།


   བོད་ཁང་“སྒྲོག་”གི་གང་ཟེར་བ་བཞིན། རྡོ་རྩིག་ལ་“རྡོ་སྒྲོག་”དང་། གྱང་ལ་“ཤིང་སྒྲོག་”དང་། ཀ་བ་ལ་“ཀ་སྒྲོག་”དང་། སྐས་ལ་“སྐས་སྒྲོག་”དང་། ར་མཛོད་ལ་“གྱེང་སྒྲོག་”དང་། པང་གཅལ་ལ་“པང་ སྒྲོག་”ཅེས། འདི་ཡང་“སྒྲོག་”ཅེ་ན། གང་ཞིག་བརྟན་པོ་དང་། དང་དུ་འཛིན་པ། གཞན་ལ་མི་ཤོར་བའི་གནའ་བོའི་ཆོ་ག་ཞིག་སྟེ། ད་བར་དུ་ངེད་ཅག་གི་འཚོ་བའི་ཁྲོད་གནས་དང་གནས་བཞིན་པ་དེའོ།། 



བཅུ་གསུམ།


    བོད་ཁང་ནི་སྲིད་པ་གྲོལ་བའི་གནས་སྟངས་དང་གཅིག་པའི་ཕྱིར། ཁང་པའི་བཀོད་པ་ལའང་སྟེང་འོག་བར་གསུམ་དང་། “སྒོ་ཕུགས་བར་གསུམ་”ཞེས་ལྷ་ཀླུ་གཉན་གསུམ་གྱི་ས་གནས་སུ་བཅད་ཅིང་། ཁང་པ་ཐོག་བརྩེགས་གསུམ་ཅན་གྱི་སྟེང་ཕྱོགས་ལྷ་ཡུལ་ཞེས་མཆོད་ཁང་དང་ལྷ་ཁང་ཡོད་པ། འོག་ཕྱོགས་ཀླུ་ཞེས་རྟ་ནོར་སེམས་ཅན་གྱི་སྡོད་ཁང་ཡོད་པ། བར་གཉན་ཡུལ་ཞེས་མི་རྣམས་ཀྱིས་ཐབ་ཀ་འཛིན་པའོ།། སྒོ་ཕུགས་བར་གསུམ་བྱས་ན་“སྒོ་”ནི་སྒོ་ཟོག་སེམས་ཅན་སྡོད་ས་དང་། “བར་”ནི་ཁྱིམ་མི་རྣམས་འདུག་ས། “ཕུགས་”ནི་ཕུག་ལྷ་མཆོད་སའི་ལྷ་ཁང་བཅས་སོ།།




བཅུ་བཞི། 


     བོད་ཁང་གི་བཟོ་ལྟ་ལ་ཡུལ་གྱི་དབང་གིས་རྣམ་པ་མི་འདྲ་བ་ཡོད་མོད། ཡིན་ནའང་། སྤྱིའི་བཀོད་པའི་ཆ་ནས་གཞི་གཅིག་ཏུ་གྱུར། ཁྱད་པར་ཞིག་མངའ་བ་ནི། ཁང་པ་ཐོག་ཀའི་“དར་ལྕོག་”སྟེ། འདི་དར་ལྕོག་གི་ཁ་དོག་ལ་བརྟེན་ནས་ཁྱིམ་ཚང་དེའི་རིགས་རུས་དང་ལས་ཀྱི་ཁྱད་པར་འབྱེད་ཐུབ་ཅིང་། སྔོན་གྱི་དུས་སུ། ཁང་པའི་ཐོག་ཏུ་དར་ལྕོག་དཀར་པོ་ཞིག་སྒྲེང་ཡོད་ན། དུད་ཀ་དེ་ནི་ལྷ་ཡི་རིགས་སུ་གྱུར་བའི་དུད་ཚང་ཞིག་ཡིན་ཞེས་པའི་བརྡ་དང་། གལ་ཏེ། དར་ལྕོག་ནག་པོ་ཞིག་སྒྲེང་ཡོད་ན། དུད་ཚང་དེ་ལ་“དུག་བདག་ཚང་”ཞེས། བདུད་ཀྱི་རིགས་སུ་གྱུར་པ་ཤེས། དེ་བཞིན་དུ། དར་ལྕོག་དམར་པོ་ཅན་ནི་བཙན་གྱི་རིགས་དང་། སྔོ་སྨུག་ཅན་དེ་དམུ་ཡི་རིགས། ཁྲ་བོ་ཅན་དེ་རྒྱལ་པོའི་རིགས། སེར་པོ་ཅན་དེ་གནོད་སྦྱིན་རིགས་བཅས། དེས་ན། དར་ལྕོག་གི་ཁ་དོག་ལ་བལྟས་ནས་དུད་ཀ་དེའང་སྡེ་གང་རུང་གི་རིགས་རུས་སོགས་ གསལ་པོར་ཤེས་པ་ཡིན་ནོ།།



བཅོ་ལྔ།


   བོད་ཁང་མཐོ་ཤོས་ནི་ཐོག་རྩེག་དགུ་ཅན། (དོན་དུ། ཐོག་རྩེག་དགུ་ལས་ལྷག་པ་ཡོད་ནའང་མིང་ལ་“ཐོག་རྩེག་དགུ་”ཞེས་གྲགས།) ཐོག་རྩེག་དམའ་ཤོས་“ཐོག་རྩེག་ཕྱེད་ཀ་མ་”ཞེས་པ་དེ་ཡིན། ཕྱེད་ཀ་ཅན་ནི་ཁང་པའི་ཕྱེད་ས་འོག་དང་ཕྱེད་ས་སྟེང་དུ་བུད་པ་དེ་ཡིན། དགོས་པའི་ཆ་ནས་ཁང་པ་དེ་ལྟ་བུ་ནི་དབྱར་ཀ་བསིལ་ལ། དགུན་ཁ་དྲོད་དང་ལྡན། གཞན་དགྲ་དོགས་སོགས་ལའང་ཕན་ཟེར། དེ་མིན། ཐོག་རྩེག་གཅིག་ཅན་དང་། གཉིས་ཅན་དང་། གསུམ་ཅན་ནི་རྒྱུན་ལྡན་མཐོང་ན་མང་ཤོས་དེ་ཡིན་ནོ།།



བཅུ་དྲུག


   བོད་ཁང་གི་རྩིག་གདོང་བཞི་དང་དེའི་རྨང་གདན་དུ་རིན་པོ་ཆེ་གཟི་དང་སྐུ་འདྲ་སོགས་འཇོག་སྲོལ་ཡོད། དེ་ནི་ཁྱིམ་ཚང་ཞིག་གི་གཟི་བརྗིད་དང་དཔལ་ཆེན་པོ་ནམ་ཡང་མི་ཉམས་པའི་མཚོན་དོན་ཡིན། ནམ་ཞིག ཁང་པ་ཞིག་རལ་དུ་འགྲོ་ནའང་རྟ་གདོང་མི་ནུབ་པར་འགྲེང་པ་བཞིན། མི་ཡི་ལུས་སྲོག་རྡུལ་དུ་འཐོར་ནའང་མགོ་འཕང་དང་སྙན་གྲགས་ཡུན་དུ་གནས་དགོས་པའི་དོན་ནོ།། དགེའོ།། _མུ་འགོད།


微信号耷艺术空间

视频号|耷艺术空间

耷艺术空间
文化艺术分享,广告
 最新文章