བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
སོར་དྲུག
བོད་ཁང་གི་སྒོ་ལ་རྣམ་པ་སྣ་ཚོགས་པ་ཡོད། སྐབས་རེར་ཡུལ་ལུང་ཁག་ཏུ་ཁང་པའི་སྒོ་དམའ་འུ་དང་ཆུང་ངུ་བྱེད་སྲོལ་ཡོད། དེ་ནི་“རོ་ལངས་”ལ་དོགས་ནས་ཆེད་དུ་བཟོས་ཟེར། ཤོད་སྲོལ་ལྟར་ན་སྔུན་དུས་ཁ་ཟས་དང་ལས་ཀྱིས་རྐྱེན་པས་གང་སར་རོ་ལངས་རྒྱག་པའི་དུས་ཤིག་བྱུང་མྱོང་། དེ་དུས་མི་རྣམས་ཀྱིས་རོ་ལངས་ཁང་པའི་ནང་འཛུལ་འོང་བར་འཇིགས་ཏེ། སྒོ་རྣམས་དམའ་བར་བཟོས། སྒོ་དམའ་འུས་རོ་ལངས་འགོག་ཐུབ་པ་ནི། རོ་ལངས་ཀྱི་ལུས་པོ་སྒུར་སྒུར་བྱ་རྒྱུ་མེད་པས། ཐད་ཀར་རྒྱུག་ཡོང་དུས་མགོ་སྒོ་ཐོད་ཀྱི་རྡོ་ལ་རྒྱག་སྟེ་ཁྲག་ཕྱུང་པ་དང་རོ་ལངས་གསོད་ཐུབ་ཅེས་སོ།། དོན་དུ་གནའ་དུས་མི་སེར་རྣམས་ཀྱི་སྒོ་མང་ཤོས་ཆུང་ངུ་དང་དམའ་བ་ཡོད། ཕྱིས་སུ་དུས་འགྱུར་དང་བསྟུན་ཏེ་སྒོ་ཇེ་ཆེ་རུ་འགྲོ་ཡོད། ཡིན་ནའང་། རྒྱལ་བློན་མི་དཔོན་རྣམས་ཀྱི་ཁང་བཟང་བཀོད་ལེགས་དག་གི་སྒོ་ནི་ཆེན་པོ་དང་། བརྗིད་པོ་དང་། མཛེས་པོ་ཡོད། སྒོ་ཡི་རྒྱན་དག་ཀྱང་བསམ་ཡུལ་ལས་འདས་པའི་རྒྱས་སྤྲོས་ཅན་ཤ་སྟག་ཡིན། རྒྱུ་མཚན་ཅི་ཞེ་ན། “སྒོ་”ནི་སྦྱིན་བདག་གི་“ངོ་གདོང་”དང་གཅིག་སྟེ། ངོ་གདོང་ཅི་ཙམ་ཡག་ན་སྦྱིན་བདག་དེ་དེ་ཙམ་གྱིས་དབང་ཐང་དང་ལྡན་པ་ཡིན་ནོ།།
སོར་བདུན།
གནའ་ཞིག་ནས་བོད་ཁང་གི་སྒོའི་ནང་ལོགས་ཀྱི་ཐོད་དུ་“སྒོ་དྲིལ་”འདོགས་སྲོལ་ཡོད། སྒོ་དྲིལ་ནི་ཁྱིམ་བདག་ལ་མགྲོན་པོ་བསླེབས་པའི་འབོད་བརྡ་གཏོང་བྱེད་ཅིག་ཡིན། གཞན་དུ་ན་སྒོ་དྲིལ་ནི་སྒོ་ཁྱི་བཞིན་“སྒོ་སྲུང་”ཡང་བྱེད་ཐུབ། དོན་དུ་སྒོ་དྲིལ་དང་དེའི་དྲིལ་སྒྲ་སྒྲོག་པ་ནས་རྐུན་མ་དང་། འདྲེ་གདོན་སོགས་འགོག་ཅེས་གསུངས་སོ།། (སྒོ་དྲིལ་ནི་སྒོ་ཡི་ཕྱི་དང་ནང་དུ་འདོགས་སྲོལ་གཉིས་ཡོད།)
སོར་བརྒྱད།
བོད་ཁང་གི་སྒོ་ལ་ངེས་པར་དུ་“སྒོ་ཁྱི་རྒྱ་མ་མིག་བཞི་”(ཁྱི་མིག་བཞི་)ཅན་ཞིག་དགོས། རྒྱ་མ་མིག་བཞི་ནས་སྒོ་ཁྱིམ་ཡག་པོ་སྲུང་ཐུབ་པ་མ་ཚད། འདྲེ་གདོན་སོགས་འགོག་ནུས་ཞེས། ཁ་རྒྱུན་དུ། “རྒྱ་མ་མིག་བཞི་ཡོད་ན། འདྲེ་ལ་སྐྲག་དགོས་མི་འདུག་”ཅེས། གཞན་ཡང་། སྒོ་ཁྱི་ཡོད་པའི་སྒོ་ནི་ཆེས་རྫིག་པོ་དང་བཙན་པོ་ཡོད་པས། དེས་ན། སྒོ་ཁྱི་ནི་ཁྱིམ་ཚང་དེའི་སྒོ་རྒྱན་དུའང་གྱུར་རོ།།
སོར་དགུ
བོད་ཁང་ཚད་ལྡན་ཞིག་ལ་“སྒོ་བརྒྱད་”དགོས། དེ་ནི་མི་ཡི་ལུས་ཀྱི་སྒོ་བརྒྱད་དང་བསྟུན་ཏེ་བཟོས་པ་ཡིན་ཞིང་། ཕྱོགས་བཞིའི་སྒོ་བཞི་དང་། རྒྱ་སྒོ་འགྲམ་གྱི་ཟུར་སྒོ་དང་། ནང་སྒོ་དང་། གློ་སྒོ་དང་། རྒྱབ་སྒོ་བཅས་བརྒྱད་དོ།། སྒོ་བརྒྱད་ལ་“སྒོ་ལྷ་”བརྒྱད། སྒོ་བརྒྱད་ལ་“བཀྲ་ཤིས་བརྒྱད་”དང་། “ནོར་བུ་བརྒྱད་”དང་། ཁྱད་པར་དུ་སྒོ་བརྒྱད་ལ་“སྒོ་ཟོག་ཁ་བརྒྱད་”ཡོད། རྟ་ནོར་ལུག་གསུམ། བྱ་གླང་མཛོ་གསུམ། ཚེ་ཚེ་དྲེལ་དང་བརྒྱད། དེ་མིན། ཁང་པ་ལ་སྒོ་དྲུག་ཅན་དང་། སྒོ་ལྔ་ཅན། སྒོ་བཞི་ཅན། སྒོ་གསུམ་ཅན། སྒོ་གཉིས་ཅན། སྒོ་གཅིག་ཅན་ཡང་ཡོད་དོ།།
བཞི་བཅུ།
བོད་ཁང་གི་སྒོ་ལ་“སྒོ་ལྷམ་”ཡོད། སྒོ་ལྷམ་ནི་“སྒོ་རུ་”བརྟན་པོར་ཆགས་ཕྱིར་སྒོ་ལྡང་གི་འོག་ཏུ་གཏོང་བའི་ཤིང་ལ་ཟེར། དེ་ནི་བོད་ཁང་གི་སྒོ་ཁེབས་སྒོའི་ཞྭ་མོ་དང་། སྒོ་ལྷམ་སྒོའི་ལྷམ་དུ་གྱུར་པ་ཡིན། དེས་ན། མི་ལ་མགོ་རྣ་དགོས། སྒོ་ལ་ཞྭ་ལྷམ་དགོས་ཞེས་པ་དེའོ།། དགེའོ།། …མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
微信号|耷艺术空间
视频号|耷艺术空间