བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།
ལྟག་ཨོ་རྒྱན་ཆོས་འཕེལ་ནས།
ང་དགུ།
ཁང་པའི་“རྒྱ་མཐོངས་”ལ་“གནམ་མཐོངས་”ཡང་ཟེར། “མཐོངས་”ནི་ཐོག་ཁར་འགྲོ་སའི་སྒོ་ལྟ་བུ་དང་། ཁང་པའི་ནང་དུ་གསལ་ཆ་(གསལ་དཀར་) ལེན་སའང་ཡིན། དོན་དུ་“གནམ་མཐོངས་”ནི་ལྷ་རྣམས་མི་ཚང་དུ་བབས་ས་དང་། མི་རྣམས་ལྷ་ཡུལ་འོད་ཀྱི་གནས་སུ་འགྲོ་སའང་ཡིན་ནོ།།
དྲུག་ཅུ།
བོད་ཁང་དུ་“ཕོ་ཁམས་”སྐྱེས་པ་ཕོའི་རྟགས་མངོན་གསལ་དོད་པའི་སྒོ་ནས་མོ་འདྲེ་དང་། མ་མོ་དང་། སྲིན་མོ་རྣམས་འདུལ་བ་ནི་ཁང་པའི་ལོགས་སུ་མདའ་གྲི་མདུང་འཁོར་གསུམ་བཀལ་བ་དེ་ཡིན། མཉམ་དུ་ཁང་པ་ལ་ཕོ་ཁམས་ཀྱི་སྟོབས་སྦྱིན་པ་དང་། ཁང་པའི་རྫིག་ཉམས་ཀྱི་མཛེས་ཆའང་གཏོད་པ་ཡིན་ནོ།།
རེ་གཅིག
བོད་ཁང་དུ་“མོ་ཁམས་”ཟ་མ་མོའི་རྟགས་མངོན་གསལ་དོད་པའི་སྒོ་ནས་ཕོ་འདྲེ་དང་། རྒྱལ་པོ་དང་། བཙན་གྱི་གནོད་པ་འགོག་པ་ནི་ཁང་པའི་འོག་དང་སྒོ་ཟུར་དུ་སྦས་པ་དང་གསང་བའི་ཚུལ་དུ་བཞག་དགོས་པའི་“འཕང་”དེ་ཡིན། དེས་ཁང་པ་ལ་མོ་ཁམས་ཀྱི་ནུས་པ་སྤྲོད་ཅིང་། ཁྱིམ་བདག་མོའི་ཉམས་ཀྱང་བསྟན་པའོ།།
རེ་གཉིས།
རྩིག་པའི་ཟུར་གདོང་བཞི་ནི་“གྲི་”དང་འདྲ་ཟེར། དེས་ན། ཟུར་གདོང་ནི་ས་དགྲ་ཡོད་པའི་ཕྱོགས་སུ་ཁ་གཏད་དགོས་མ་གཏོགས། “གྲོགས་ཀྱི་ས་”ལ་ཁ་གཏད་དུ་མི་རུང་ཟེར། སྐབས་རེར་རང་ས་དེ་ཉིད་གཞན་གྱི་ཁང་པའི་ཟུར་གདོང་ལ་ཕོག་ན། ཟུར་དེའི་ཁ་གཏད་དུ་མེ་ལོང་དང་། ཚ་ཚ་དང་། རྣམ་བཅུ་དབང་ལྡན་སོགས་འཇོག་དགོས་སོ།།
རེ་གསུམ།
བོད་ཁང་དུ་“དུང་ཕྲེང་”རི་མོ་དང་བརྐོས་རྒྱག་པ་ཤིན་ཏུ་མང་སྟེ། དུང་ཕྲེང་ལ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན། གནའ་དུས་སུ་དུང་ཕྲེང་དེ་“དུང་ལེབ་”བདུན་རེ་གྲལ་བསྒྲིགས་ཏེ་བཟོ་སྲོལ་ཡོད། རྗེས་སོར་དུང་ལེབ་ཀྱི་གྲངས་ཀ་ཇེ་མང་དུ་བཏང་ནས། གྲངས་ཀ་ལ་ངེས་གཏན་མེད་པར་ཆགས། ཆེས་གདོད་མའི་དུང་ཕྲེང་གི་མཚོན་དོན་དེ་གསལ་པོ་ཞིག་མ་ངེས་ཀྱང་། འདི་“ཀླུ་”ཡི་འདོད་ཡོན་དང་འབྲེལ་བ་ཡོད་པ་ཁོ་ཐག་རེད། ཁང་པ་དང་སྒེའུ་ཁུང་གི་ཐོད་དུ་དུང་ཕྲེང་བཀོད་ན་ཁྱིམ་དེ་རུ་འདོད་ཡོན་ཆར་བཞིན་འབེབས་པ་དང་། བསམ་དོན་ཡིད་བཞིན་འགྲུབ་པ་བཅས། གཞན་ཡང་། ཁང་པའི་མཛེས་ཆ་ལའང་དུང་ཕྲེང་ནས་དོད་ཐུབ་པའོ།། དགེའོ།། …མུ་འགོད།
「往期回顾」
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༷་་་་༡༦
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༡༧་་་་༡༩
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༠་་་་༢༤
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༢༥་་་་༣༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༡་་་་༣༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༣༦་་་་༤༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༡་་་་༤༥
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༤༦་་་་༥༠
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༡་་་་༥༣
བོད་ཁང་གི་ཤེས་བྱ་བརྒྱ་རྩ་མ་བཞུགས་སོ།། ༥༤་་་་༥༨
微信号|耷艺术空间
视频号|耷艺术空间